སྒྱུ་རྩལ་གྱི་ལྟ་གྲུབ།(བཅུ་པ)

5757


               རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

བཅུ་པ། སྒྱུ་རྩལ་ལྟ་གྲུབ་ཀྱི་མཇུག་སྡོམ།


དེ་ལྟར་སྒྱུ་རྩལ་གྱི་ལོ་རྒྱུས་ཐད་འཕོ་འགྱུར་དང་དར་རྒུད་གྲངས་མེད་པ་བྱུང་ན་ཡང་། མི་ཡི་རིགས་ཀྱི་དཔལ་ཡོན་རྣམས་ཇི་སྲིད་ནམ་གནས་ཀྱི་བར་སྒྱུ་རྩལ་གྱི་རིག་གནས་ཀྱང་མུ་མཐུད་གནས་ངེས་པ་ལྟ་བུ་ཡིན་ཅིང་། སྒྱུ་རྩལ་སྨྲ་བ་འགའ་ཤས་ཀྱིས་བཤད་པ་ལྟར་སྒྱུ་རྩལ་ལ་ཟས་དང་གོས་ལྟར་ཉེར་མཁོའི་འཚོ་བ་ལ་མེད་དུ་མི་རུང་བའི་མཁོ་སྤྱོད་མེད་ན་ཡང་། ཡོད་ན་དགེ་མཚན་ཧ་ཅང་ཆེ་བ་ནི་མངོན་སུམ་ཡིན་པས་ན་འཛམ་གླིང་གང་སར་ཆེས་གནའ་རབས་ནས་ད་ལྟའི་བར་སྒྱུ་རྩལ་གྱི་རིག་གནས་དར་ཞིང་གནས་པ་འདི་བྱུང་། དེར་བརྟེན་ང་ཚོས་ང་ནི་སྒྱུ་རྩལ་ལ་དགའ་ཞེས་དགའ་ཕྱོགས་ཀྱི་ཚོར་སྣང་ཙམ་བསྟན་པས་མི་ཕན་ཅིང་། དེང་རབས་ཀྱི་རི་མོ་རེ་འབྲི་ཀྱང་ཅི་ཞིག་ལ་དེང་རབས་ཀྱི་སྒྱུ་རྩལ་པ་ཞེས་ཟེར་བ་ཕྱོགས་ཙམ་ཡང་མི་ཤེས་ན་མུན་ནག་མདའ་འཕེན་ལས་མ་འདས་པས་ཁོ་བོས་ཀྱང་སྔ་མོ་ཞིག་ནས་སྒྱུ་རྩལ་གྱི་སྐོར་ལ་གཞི་རྩའི་གོ་རྟོགས་ཙམ་ལེན་ཐུབ་པའི་རེ་བ་ཡོད་པ་དང་འབྲེལ། བོད་ཡིག་གི་ནང་དུ་སྒྱུ་རྩལ་གྱི་ལྟ་གྲུབ་སྐོར་ལ་ངོ་སྤྲོད་མདོར་བསྡུས་པ་ཞིག་འབྲི་ཐུབ་ན་རང་གཞན་གཉིས་ཀར་ཕན་ལས་ཆེ་སྙམ་སྟེ། ལོ་ཤས་གོང་དུ་ Cynthia Freeland སིན་ཐི་ཡ་་ཧྥི་རི་ལེན་ཌ་གིས་བརྩམས་པ་ Art Theory སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པའི་དེབ་ཆུང་ཞིག་ཉོས་ན་ཡང་དེའི་སྐོར་ལ་རྩོམ་འབྲི་བ་ལྟ་ཞོག་དེབ་དེ་ཀློག་པའི་དུས་སྐབས་ཀྱང་མ་བྱུང་ནས་ཡུན་རིང་སོང་།

དེ་ནས་ལོ་འདིར་འབྲས་ལྗོངས་ལ་ཡོད་སྐབས་ཤིག་ཏུ་སྒྱུ་རྩལ་གྱི་ལྟ་གྲུབ་ངོ་སྤྲོད་ཀྱི་བརྙན་ཐུང་ཞིག་བལྟས་པའི་རྐྱེན་གྱིས་རྨང་གཞིའི་ཚུལ་དུ་ཟིན་ཐོ་རེ་བཀོད། དེ་རྗེས་རིམ་པས་ཕྱིར་འགྱང་གི་ལེ་ལོ་ཁ་གནོན་བྱས་ཏེ་སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པའི་རྩོམ་ཡིག་འབྲི་མགོ་བཙུགས། ཐོག་མའི་ཆར་སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པའི་དེབ་དེའི་ནང་དུ་གང་ཡོད་པ་ལས་དེ་ལས་གཞི་རྒྱ་དང་རྙོག་ཟིང་ཆེ་བར་འགྲོ་འཆར་མེད་ཀྱང་། ཞིབ་ཏུ་ཀློག་དུས་དེབ་དེ་ཡང་དེབ་འབྲིང་ཙམ་ཞིག་ལས་མིན་པས་དེའི་ནང་དུ་ཁ་མི་གསལ་བ་དང་། ལྟ་གྲུབ་སོ་སོ་འཕེལ་ཚུལ་གྱི་གོ་རིམ་མི་གསལ་བ། རྩོམ་པ་པོ་སྒེར་ལས་ཡོངས་གྲགས་ཀྱི་བཤད་ཚུལ་མིན་པ་མི་ཉུང་བ་ཡོད་པ། ལྟ་གྲུབ་གྲགས་ཅན་འགའ་ཤས་མེད་པ་སོགས་ཞན་ཆ་མང་དུ་མཐོང་བས་སྒྱུ་རྩལ་གྱི་ལྟ་གྲུབ་དང་འབྲེལ་བའི་དེབ་གཞན་དང་། དཔྱད་རྩོམ་འདྲ་མིན། བརྙན་ཐུང་འདྲ་མིན། ད་དུང་དྲ་ལམ་དུ་ཡོད་པའི་རྩོམ་རིང་ཐུང་མི་ཉུང་བ་ཞིག་ལ་ལྟ་བཞིན། དཔྱད་བཞིན། རྩོམ་རིང་འདི་ཉིད་བྲིས། ཐོག་མར་འབྲི་བའི་སྐབས་སུ་ང་རང་འབྲས་ལྗོངས་ལ་ཡོད་ཀྱང་། ལས་ཀ་དང་འགྲུལ་བཞུད་སྐབས་ཀྱི་དུས་ཚོད་སྟོང་པ་ཡོད་སྐབས་ཁོ་ནར་མུ་མཐུད་འབྲི་ཁུལ་བྱས་པས་ཟླ་བ་མི་ཉུང་བ་ཞིག་འགོར་ཏེ། མདོར་ན་རྩོམ་ཡིག་གི་རིམ་པ་འདི་དག་ནི་ཐོག་མར་འབྲས་ལྗོངས་སུ་མགོ་བཙུགས། དྷ་ས་དང་དྷི་ལིར་མུ་མཐུད་བརྩམས་ཤིང་། མཐར་ད་རེས་ཡུ་རོབ་ཀྱི་ལུང་པ་སི་ཀོ་ཌི་་ལེན་ཌི་ལ་སླེབས་ནས་ཟླ་བ་གཅིག་ལྷག་རྗེས་སུ་གཞི་ནས་མཐར་ཕྱིན་ཙམ་འབྲི་ཐུབ་པ་བྱུང་བར་དགའ་སྤྲོ་ཆེ། ༼ ཞུ་དག་ནི་སླར་རྒྱ་གར་དུ་ལོག་རྗེས་བཏང་བ་ཞིག་ཡིན། ༽

སྤྱིར་བོད་རིགས་ལ་སྒྱུ་རྩལ་གྱི་རྣམ་དཔྱོད་ཆེ་བ་ནི་བོད་རིགས་ཀྱི་སྒྱུ་རྩལ་རེ་ཟུང་ཡོད་པ་དག་གིས་འཛམ་གླིང་གི་མི་རིགས་མང་པོའི་སེམས་འཕྲོགས་པར་བྱེད་པ་འདི་ལས་མཐོང་ཐུབ་ཀྱང་། ཕངས་པ་ཞིག་ལ་ང་ཚོའི་མི་རིགས་འདིར་སྒྱུ་རྩལ་ལ་དགའ་མོས་དང་གཅེས་སྤྲས་བྱེད་པའི་ལུགས་སྲོལ་མེད་པས་ཉེ་ཆར་བར་དུ་མི་རབས་མང་པོའི་རིང་དུ་ང་ཚོའི་སྒྱུ་རྩལ་གྱི་ལྟ་གྲུབ་ནི་ཡོངས་གྲགས་ལྟར་ན་སྒྱུ་རྩལ་གྱི་ལྟ་གྲུབ་རྙིང་ཤོས་ཏེ་ཆོ་གའི་སྒྱུ་རྩལ་ལྟ་གྲུབ་ཀྱི་རང་བཞིན་དུ་གནས་ཡོད། ཆོས་ལུགས་དང་འབྲེལ་བ་རྣམས་ཕར་ཕུད་ན་དེ་ལས་གཞན་བོད་རིགས་ཀྱི་ཁང་པ་སོགས་ལ་སྒྱུ་རྩལ་གྱི་རྣམ་པ་གཏད་པ་མཐོང་རྒྱུ་ཆེས་དཀོན་ཞིང་། མི་སེར་དཀྱུས་མའི་འཚོ་བའི་ཁྲོད་དུ་སྒྱུ་རྩལ་གྱི་དྲི་མ་ཙམ་ཡང་རྙེད་དཀའ། ཉི་ཧོང་གི་ལུགས་སུ་ཇ་འཐུང་བའི་སྒྱུ་རྩལ་དང་། སྐྱེད་ཚལ་གྱི་སྒྱུ་རྩལ། གྲི་ཡི་སྒྱུ་རྩལ་སོགས་ཡོད་ན་ཡང་། ང་ཚོར་དེ་འདྲ་མེད་པས་ཁམས་ཕྱོགས་སུ་དཔའ་བོའི་གཏམ་རྒྱུད་མང་ན་ཡང་དཔའ་བོ་དེ་དག་འཐབ་པའི་སྐབས་རྐང་ལག་གི་སྒྱུ་རྩལ་ལྟ་ཞོག་ཐ་ན་གྲི་སྐོར་སྟངས་ཙམ་གྱི་སྒྱུ་རྩལ་ཡང་མེད་པར་གཉིས་ཀ་ཤིང་སྡོང་བཞིན་ལང་ནས་ཕན་ཚུན་གཅོད་གཏུབ་བྱེད་པ་ལ་མི་རྣམས་ཀྱིས་དཔའ་བོ་རེད་འདུག་ཅེས་བསྔགས་བརྗོད་བྱེད་སྐད།

རིག་གཞུང་ཞིག་ལ་སྒྱུ་རྩལ་གྱི་ཞན་ཆ་ཡོད་ན་དེས་ཡང་སྙིང་དོན་དག་གང་ཞིག་སྟོན་པ་ནི་རིག་གཞུང་དེའི་མི་རིགས་ལ་གསར་གཏོད་ཀྱི་རྣམ་དཔྱོད་མེད་པ་དང་། ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་འདོད་པའི་བསམ་བློ་མེད་པ། རང་དབང་གི་མཛེས་སྡུག་ལ་ལོངས་སྤྱོད་པའི་བསམ་བློ་མེད་པ་བཅས་མཚོན་པས་ན་མི་རིགས་ཤིག་གི་རིག་གཞུང་གི་ངོས་ནས་བསམས་ན་དེ་ནི་ཞན་ཆ་ཧ་ཅང་ཆེ་བ་ཞིག་ཡིན་པ་བཤད་མ་དགོས། ད་ལྟའི་ཆར་བོད་རིགས་སྒྱུ་རྩལ་པ་རྒྱལ་ཕྱི་ནང་གང་སར་གྲགས་ཆེ་བ་མི་ཉུང་བ་ཡོད་པ་ནི་ཆེས་སྤོབས་པ་སྐྱེ་འོས་པ་ཡིན་ཀྱང་། སྒྱུ་རྩལ་གྱི་ལྟ་གྲུབ་སྐོར་སྦྱོང་མཁན་ནི་ད་དུང་ཡང་གཞན་ལྟ་ཞོག་སྒྱུ་རྩལ་པ་རང་གི་ཁྲོད་དུ་ཡང་དཀོན་ཤས་ཆེ་སྲིད། དེར་བརྟེན་ཁོ་བོས་ཀྱང་འདས་པའི་ཟླ་ཤས་རིང་ཁོམ་པ་ནམ་བྱུང་གི་སྐབས་སུ་རྩོམ་པ་པོ་ང་རང་ཙམ་མིན་པར་ཀློག་པ་པོ་དག་ཀྱང་ཐང་ཆད་དགོས་པའི་རྩོམ་ཡིག་ནར་མོ་མི་ཉུང་བ་ཞིག་བྲིས་ཤིང་སྤེལ་བ་ལ། དེ་སྔོན་བོད་ཡིག་གི་ནང་དུ་སྒྱུ་རྩལ་གྱི་ལྟ་གྲུབ་སྐོར་ལ་བྲིས་པ་ཕལ་ཆེར་མཐོང་མྱོང་མེད་པས་ད་རེས་ཁོ་བོས་ངལ་བ་བྱས་པ་རྣམས་ཅུང་དོན་ལྡན་ཡིན་པའི་ཡིད་ཆེས་ཡོད་ཅིང་། ནང་དོན་གྱི་ཆ་ནས་ད་དུང་སྟབས་མ་བདེ་བ་གཅིག་གཉིས་ཡོད་ཀྱང་། མ་མཐར་ཡང་ཁོ་བོས་ཁུངས་བཅོལ་ས་གཙོ་བོ་སྟེ་Cynthia Freeland སིན་ཐི་ཡ་་ཧྥི་རི་ལེན་ཌ་གིས་བརྩམས་པ་ Art Theory སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པ་ལས་ང་རང་གི་རྩོམ་འདི་རྣམས་ཅུང་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་སྙམ་པའི་རློམ་སེམས་ཡོད།

སྲོལ་རྒྱུན་གྱི་ནང་ཆོས་སློབ་སྦྱོང་ཙམ་ལས་དེང་རབས་ཀྱི་སློབ་སྦྱོང་ལུགས་དང་མཐུན་པ་གང་ཡང་ཐོབ་མྱོང་མེད་པ་ཁོ་བོ་ལྟ་བུས་རྩོམ་འདི་འདྲ་འབྲི་བ་ནི་ལས་སླ་པོ་ཅུང་ཙམ་ཡང་མིན་པའི་ཉམས་མྱོང་བྱུང་བས་ན། མཚམས་འདིར་རྩོམ་ཡིག་འདི་གྲུབ་པ་དང་མཉམ་དུ་ཁོ་བོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་བསྔོ་བ་དང་སྨོན་ལམ་ཞིག་བྱ་ན། རྩོམ་ཡིག་འདི་དང་འདི་ལྟ་བུ་ལ་བརྟེན་ནས་ཆེ་ས་ནས་བཤད་ན་མི་རབས་མང་པོའི་རིང་དུ་ཆོས་ལུགས་ཀྱི་དད་མོས་དང་འབྲེལ་བའི་སྒྱུ་རྩལ་ཁོ་ན་ལས་འཇིག་རྟེན་མི་ཆོས་ཀྱི་སྒྱུ་རྩལ་ལ་སྣང་མེད་ཆེན་པོ་བྱ་མྱོང་བའི་བོད་རིགས་ཀྱིས་མི་རིགས་ཤིག་གི་ངོས་ནས་སྒྱུ་རྩལ་ལ་སྔར་ལས་ལྷག་པའི་གཙིགས་མཐོང་སྤྲད་དེ་བོད་ཀྱི་རིག་གཞུང་ནི་རང་མི་རིགས་ཙམ་མིན་པར་འཛམ་བུའི་གླིང་ཧྲིལ་པོ་མཛེས་པར་བྱེད་པའི་ཆ་ཤས་སུ་འགྱུར་བའི་རེ་སྨོན་ཡོད་ཅིང་། འབྲིང་ས་ནས་བཤད་ན་གལ་སྲིད་ང་ཚོས་དེ་སྔོན་བོད་ཀྱི་རི་མོ་ཙམ་ལས་བོད་རིགས་ཀྱི་སྒྱུ་རྩལ་སྤྱི་ལ་ཉམས་ཞིབ་ཆ་ཚང་བ་བྱ་མྱོང་མེད་པའི་ཞན་ཆ་ཡོད་ན་ཤེས་ཡོན་ཅན་རྣམས་ཀྱིས་སྟོང་ཆ་དེའི་རིགས་སྐོང་བ་ལ་འབད་བརྩོན་བྱེད་པ་དང་། ཆུང་ས་ནས་བཤད་ན་བོད་རིགས་དག་གིས་རང་ཉིད་སྒྱུ་རྩལ་ལ་དགའ་བ་ཙམ་གྱིས་སྒྱུ་རྩལ་པ་ཞིག་ཡིན་ཅེས་མ་བསམས་པར་སྒྱུ་རྩལ་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ནས་སྒྱུ་རྩལ་གྱི་ལྟ་གྲུབ་ལ་དར་འཕེལ་གང་འདྲ་བྱུང་མིན་དང་། ད་ལྟའི་གནས་བབ། མ་འོངས་པའི་མདུན་བསྐྱོད་ཐད་གོ་རྟོགས་དང་བསམ་གཞིགས་གཉིས་ཀ་ཡོང་བའི་རེ་སྨོན་ཀྱང་མི་ཆུང་བ་ཡོད། གང་ལྟར་ཡང་མདོར་བསྡུས་ན། རང་གཞན་ཡོངས་ཀྱི་འཚོ་བ་སྒྱུ་རྩལ་གྱིས་ཕྱུག་པར་གྱུར་ཅིག སྒྱུ་རྩལ་ལ་བརྟེན་ནས་ཐམས་ཅད་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པ་རྙེད་པར་གྱུར་ཅིག


རྩིས་ཆེ་ལེགས་མཐོང་།

Holy Isle, སི་ཀོ་ཊི་ལེན་ཌ།

20-9-2019

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།