སྒྱུ་རྩལ་གྱི་ལྟ་གྲུབ།(དགུ་པ)

4988


            རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

དགུ་པ། སྒྱུ་རྩལ་གྱི་རིན་ཐང་།


དེ་ལྟར་སྒྱུ་རྩལ་ནི་ཀ་བ་དང་བུམ་པ། ཞྭ་མོ་དང་ལྷམ་ལྟར་གཙོ་བོ་མཁོ་སྤྱོད་ཀྱི་ཆེད་དུ་བཟོས་པ་ཞིག་མིན་ན་ཡང་། དེའི་རིན་ཐང་ནི་ཧ་ཅང་ཆེ་བ་སྟེ། སྒྱུ་རྩལ་གྱི་བརྩམས་ཆོས་མང་པོས་མི་རིགས་དང་། ཆོས་ལུགས། ལོ་རྒྱུས་བཅས་ཀྱི་རིན་ཐང་མཚོན་པས་ན། ལི་མའི་དུས་རབས་སོགས་ཀྱི་སྐབས་སུ་བཟོས་པའི་གནའ་བོའི་ཅ་དངོས་དག་ནི་ད་ལྟའི་ཆར་རྒྱལ་ཁབ་སོ་སོའི་རྒྱུ་ནོར་རིན་ཐང་ཆེ་ཤོས་སུ་གྱུར་ཡོད། དེ་བཞིན་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོར་ཆོས་ལུགས་ཀྱི་རིན་ཐང་ཡང་ཧ་ཅང་ཆེ་བ་སྟེ། ཆོས་ལུགས་དང་སྒྱུ་རྩལ་གཉིས་ཐོག་མར་དར་བ་ན་ཡང་མཉམ་དུ་དར་ཞིང་། སྒྱུ་རྩལ་གྱི་ལྟ་གྲུབ་རྣམས་ལས་ཆོ་གའི་ལྟ་གྲུབ་ཅེས་པ་དེ་ནི་སྒྱུ་རྩལ་གྱི་ལྟ་གྲུབ་རྙིང་ཤོས་ཀྱང་ཡིན་པ་རེད། མུ་སི་ལིམ་གྱི་ཆོས་ལུགས་ལྟ་བུས་རོལ་དབྱངས་སོགས་སྒྱུ་རྩལ་གྱི་རིགས་འགའ་ཤས་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་བདེན་ན་ཡང་། ཡིག་གཟུགས་དང་། རི་མོ། ཁང་བརྩེགས་བཟོ་བཀོད་ལ་སོགས་པར་སྒྱུ་རྩལ་གྱི་ཁྱད་ཆོས་རྩལ་དུ་འདོན་གྱི་ཡོད་པ་ནི་མི་ཡི་རིགས་སྤྱི་དང་མཚུངས། དེ་བཞིན་ཕྱོགས་གཅིག་ནས་བཤད་ན་གནའ་བོའི་མི་ཡི་རིགས་ཀྱིས་སྒྱུ་རྩལ་ནི་ཆོས་ལུགས་ཀྱི་ཆ་ལག་ལྟ་བུར་བེད་སྤྱད་པ་ལ་ད་ལྟའི་སྒྱུ་རྩལ་པ་མང་པོས་དེ་ནི་སྒྱུ་རྩལ་རང་གི་གལ་གནད་ལ་མཐོང་ཆུང་བྱས་པ་ལྟ་བུས་དགའ་བོ་མི་བྱེད་ན་ཡང་། སྒྱུ་རྩལ་གྱི་རིགས་འགའ་ཤས་དར་སྤེལ་དང་གོང་འཕེལ་ཡོང་བར་ཆོས་ལུགས་ཀྱིས་ནུས་པ་ཆེན་པོ་ཐོན་པའི་གནས་ལུགས་ལ་ནི་སུ་ཞིག་གིས་བསྙོན་འདོར་ནུས།

རྒྱུ་རྩལ་གྱི་རིན་ཐང་གཅིག་ནི་སྒྱུ་རྩལ་ལ་བརྟེན་ནས་རིག་གཞུང་ཕན་ཚུན་བར་དུ་འབྲེལ་ཟམ་འཛུགས་པར་བྱེད་པ་སྟེ། སྒྱུ་རྩལ་གྱི་ལྟ་གྲུབ་སྨྲ་བ་གྲགས་ཅན་ John Dewey རྗོན་་ཌུ་ཨི་གིས་སྤྱི་ལོ་༡༩༣༤ ལོར་བརྩམས་པའི་དེབ་ Art as Experience  ཞེས་པའི་ནང་དུ་སྒྱུ་རྩལ་ནི་རིག་གཞུང་གཞན་ལ་ལྟ་བའི་སྒེའུ་ཁུང་བཟང་ཤོས་དེ་ཡིན་པར་གསུངས་ཤིང་། ཁོང་གིས་ད་དུང་ང་ཚོས་རིག་གཞུང་གཞན་ཞིག་གི་སྒྱུ་རྩལ་ལ་ལྟ་བ་ན་ཕྱི་ཡི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་ལས་ཀྱང་ནང་གི་སེམས་གཏིང་གི་མྱོང་བའི་ཐོག་ནས་ཞུགས་ན་མི་རིགས་དང་རིག་གཞུང་འདྲ་མིན་བར་གྱི་འགོག་རྐྱེན་རྣམས་ཡལ་བར་འགྱུར་ཅིང་། ཕྱོགས་ལྷུང་རྣམས་ཞི་བར་འགྱུར། དེ་ནི་རིག་གཞུང་དེའི་སྲོག་སྙིང་ལ་ཞུགས་པར་བྱེད་པ་ཡིན་པས་ན་ཐབས་ལམ་དེ་ཉིད་རྒྱུ་མཚན་དང་རྟོག་དཔྱོད་ཀྱི་སྒོ་ནས་རིག་གཞུང་ཞིག་ལ་རྒྱུས་ལོན་བྱེད་པ་གང་ལས་ཀྱང་ནུས་པ་ཆེ་བར་གསུངས། དེ་འདྲ་ནི་ང་ཚོས་རིག་གཞུང་གཞན་ལ་ལྟ་བའི་སྐབས་གཅིག་པུ་མ་ཡིན་པར་ང་ཚོ་རང་ཉིད་ཀྱི་རིག་གཞུང་ཡིན་ཀྱང་དུས་དང་སྐབས་མི་འདྲ་བའི་རིག་གཞུང་ལ་རྒྱུས་ལོན་བྱེད་པར་ལྟ་སྟངས་དེ་འདྲ་དགོས་པ་ནི་བཤད་མ་དགོས། དེར་བརྟེན་ཁོང་གིས་སྒྱུ་རྩལ་ནི་འཇིག་རྟེན་གྱི་སྐད་བརྡ་ཡིན་པར་གསུངས་པ་ནི་སྡོམ་ཚིག་གལ་པོ་ཆེ་ཞིག་གོ།

ལོ་རྒྱུས་ཐོག་ཏུ་རིག་གཞུང་ཕན་ཚུན་གྱི་བར་དུ་སྒྱུ་རྩལ་གྱི་འབྲེལ་བ་བྱུང་བ་ནི་ཆེས་གནའ་རབས་ཀྱི་དུས་ནས་ཡིན་པས་ན། གནའ་བོའི་རྒི་རི་སིའི་སྒྱུ་རྩལ་ལ་ Egypt ཨེ་རྗེབ་ཊིའི་གཏམ་རྒྱུད་དང་། Scythia སི་ཐི་ཡ་ཡི་གསེར་མགར་བ། སི་རི་ཡའི་འདོད་པའི་ལྷ་མོ་སོགས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ཅིང་། ཉི་ཧོང་གི་སྒྱུ་རྩལ་ལ་རྒྱ་གར་ནས་རྒྱ་ནག་དང་། རྒྱ་ནག་ནས་ཀོ་རི་ཡ། ཀོ་རི་ཡ་ནས་ཉི་ཧོང་ལ་བརྒྱུད་པའི་སངས་རྒྱས་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་ཡོད། ཡང་རྒྱ་ནག་གིས་རྫ་མ་བཟོ་བའི་ལག་རྩལ་མུ་སི་ལིམ་མི་རིགས་ཀྱི་ཁྲོད་དུ་དུས་རབས་དགུ་པའི་ནང་ཙམ་ནས་ཕྱིར་གཏོང་བྱས་ཡོད་ཅིང་། རྒྱ་ནག་གི་དཀར་ཡོལ་བཟོ་བའི་ལག་རྩལ་ནི་དཀྱིལ་ཤར་ཡུལ་གྲུའི་པེར་ཤ་ཡ་དང་། ཡུ་རོབ་ཀྱི་དབྱི་ཊི་ལི། དབྱིན་ལན་ཌི་བཅས་ལ་དར་ཡོད། མ་ཟད་ཨ་རབ་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱིས་རྒྱ་ནག་གི་ཟློས་གར་འཁྲབས་སྟོན་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱིས་ཆོས་ལུགས་དང་མི་རིགས་ཀྱི་བར་དུ་ས་མཚམས་ཡོད་ཀྱང་སྒྱུ་རྩལ་དང་སྒྱུ་རྩལ་གྱི་བར་དུ་ཕལ་ཆེར་ས་མཚམས་མེད་པ་ལྟ་བུ་རེད།  མདོར་ན་Richard Anderson རི་ཆར་ཌི་་ཨེན་ཌེར་སུན་གིས་གསུངས་པ་ལྟར་རིག་གཞུང་ཐམས་ཅད་ཀྱི་ནང་དུ་འདྲ་མཚུངས་ཀྱི་རྣམ་པ་ཡོད་པའི་སྒྱུ་རྩལ་རེ་ཡོད་ཅིང་། སྒྱུ་རྩལ་ལ་གཅེས་སྤྲས་བྱ་བའི་ལུགས་ཀྱང་ཕྱིས་སུ་དར་བ་ཞིག་མ་ཡིན་པར་གནའ་བོའི་ Aztecs ཨེཛ་ཊེཀ་ཅེས་པའི་ཆེས་གནའ་བོའི་མི་རིགས་དེས་ཀྱང་མི་རིགས་དང་རིག་གཞུང་གཞན་གྱི་སྒྱུ་རྩལ་བསྡུ་ཉར་བྱེད་ཀྱི་ཡོད་པའི་ལོ་རྒྱུས་ཡོད་པ་ལྟ་བུ་རེད།

རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་གནའ་བོའི་དུས་ནས་རྒྱལ་པོ་རྣམས་ཀྱིས་སྒྱུ་རྩལ་གྱི་བརྩམས་ཆོས་འདྲ་མིན་ཕན་ཚུན་ལེགས་སྐྱེས་ཚུལ་དུ་བསྐུར་བའི་ལུགས་ཡོད་ཅིང་། དེ་ལ་བརྟེན་ནས་རྒྱལ་པོའི་སྲིད་གཞུང་སྒེར་གྱིས་རྩ་ཆེའི་ལག་བཟོ་དང་སྒྱུ་རྩལ་འདྲ་མིན་རིགས་ཉར་ཚགས་བྱེད་པའི་བང་མཛོད་ཀྱང་བྱུང་བ་ནི་རིམ་པས་ད་ལྟའི་ཆར་ང་ཚོས་འགྲེམས་སྟོན་ཁང་ཞེས་བརྗོད་པའི་རྨང་གཞིར་གྱུར།   འོན་ཀྱང་དུས་ཡུན་རིང་པོའི་བར་འགྲེམས་སྟོན་ཁང་ནི་རྒྱལ་པོ་དང་དགོན་པ་ལྟ་བུ་སྒེར་གྱི་ཡིན་པ་ལས་མི་དམངས་ཀྱི་ཆེད་དུ་འགྲེམས་སྟོན་ཁང་མེད་ན་ཡང་ལོ་རྒྱུས་ཐོག་མི་དམངས་ཀྱི་འགྲེམས་སྟོན་ཁང་དང་ཤོས་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཧྥ་རན་སི་ལུང་པར་རྒྱལ་པོའི་རིང་ལུགས་རྩ་མེད་བཏང་ནས་སྤྱི་ལོ་༡༧༩༣ ལོར་ Louvre ཞེས་པ་དེ་མི་དམངས་སྤྱིའི་ཆེད་དུ་འགྲེམས་སྟོན་ཁང་དུ་བསྒྱུར་བ་ལས་བྱུང་། དབྱིན་ལན་ཌི་ལྟ་བུར་མཚོན་ན་ཐོག་མའི་ཆར་འགྲེམས་སྟོན་ཁང་རྣམས་ལ་སྤྱི་ཚོགས་ནང་དུ་གོ་གནས་མཐོ་བ་དག་ལས་མི་སེར་དཀྱུས་མ་རྣམས་འགྲོ་མི་ཆོག་པའི་སྒྲིག་གཞི་དམ་པོ་ཡོད་ན་ཡང་སྤྱི་ལོ་༡༨༨༡ ལོར་བཙུགས་པའི་འགྲེམས་སྟོན་ཁང་ Whitechapel Pictures of Gallery ལྟ་བུ་ནི་ཆེད་དུ་མི་སེར་དཀྱུས་མ་རྣམས་ཀྱི་དོན་དུ་བཙུགས་པ་ཞིག་ཡིན་པར་བཤད། མདོར་ན་ད་ལྟའི་ཆར་ས་ཆ་གང་སར་རྒྱལ་ཁབ་དང་། མི་རིགས། ཡུལ་གྲོང་། སྤྱི་ཚོགས་སོ་སོས་བཙུགས་པའི་འགྲེམས་སྟོན་ཁང་རེ་ཡོད་པ་ལ་དེའི་དགོས་ཆེད་གཙོ་བོ་ནི་རང་རང་གི་ངོ་བོ་དང་ཁྱད་ཆོས་རྣམས་སྒྱུ་རྩལ་གྱི་ལམ་ནས་སྟོན་པ་དེ་ཡིན་པ་རེད།

མི་ཡི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཕྱིན་རིམ་བཞིན་རིག་གནས་གོང་འཕེལ་ཕྱིན་ཅིང་། རིག་གནས་གོང་འཕེལ་ཕྱིན་རིམ་བཞིན་སྒྱུ་རྩལ་ཡང་གོང་འཕེལ་ཕྱིན་པ་ལ། འགའ་ཤས་ནི་སོ་སོ་རང་གིས་སྒྱུ་རྩལ་བཟོ་སྐྲུན་བྱེད་པར་དགའ་བས་མི་དེ་འདྲའི་རིགས་ནི་སྒྱུ་རྩལ་པར་གྱུར་ཅིང་། ཡང་གཞན་འགའ་ཤས་ནི་སྒྱུ་རྩལ་ལ་གཅེས་སྤྲས་དང་བདག་གཉེར་བྱེད་པར་དགའ་བས་དེ་དག་ཀྱང་སྒྱུ་རྩལ་ལ་དགོས་པའི་མཐུན་རྐྱེན་གལ་ཆེན་ཞིག་ཡིན་པ་ནི་བཤད་མ་དགོས། རིགས་ཕྱི་མ་ནི་གཙོ་བོ་འབྱོར་ལྡན་གྱི་མི་རྣམས་ཡིན་པས་ན་འཛམ་གླིང་གི་ཕྱུག་བདག་ Bill Gates  རྦིལ་་རྒེཊ་གིས་ཡུ་རོབ་ཀྱི་སྒྱུ་རྩལ་བ་གྲགས་ཅན་ Leonardo da Vinci ལིའོ་ནར་ཌོ་་ཌ་ཝིན་ཅི་ (1452–1519) གི་སྒྱུ་རྩལ་བརྩམས་ཆོས་རྣམས་བདག་ཉར་བྱས་ཡོད་པ་ལྟ་བུ་རེད། དེ་བཞིན་ཚོགས་པ་ཁག་གིས་ཀྱང་སྒྱུ་རྩལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་ན་སྤྱི་ལོ་༡༩༩༢ ལོ་ཁོ་ནར་ཡང་རིག་གཞུང་དང་སྒྱུ་རྩལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཆེད་དུ་ཚོགས་པ་ཁག་གིས་ཨ་སྒོར་ས་ཡ་བདུན་བརྒྱ་ཙམ་ཞལ་འདེབས་ལ་སྤྲད་པར་གྲགས། དེ་ལྟར་སྒྱུ་རྩལ་གྱི་བརྩམས་ཆོས་སོ་སོ་ལ་རིག་གཞུང་དང་ལོ་རྒྱུས་སོགས་ཀྱི་རིན་ཐང་སྣ་ཚོགས་ཡོད་པས་དངུལ་སྒོར་གྱི་རིན་ཐང་ཁོ་ནས་སྒྱུ་རྩལ་གྱི་བརྩམས་ཆོས་ཞིག་གི་རིན་ཐང་གཏན་འབེབས་བྱ་མི་ནུས་ཀྱང་། ཐུན་མོང་གི་ངོ་ལ་དངུལ་སྒོར་གྱི་རིན་ཐང་ནི་རིན་ཐང་གི་གཞི་འཛིན་བྱེད་གཙོ་བོ་ཞིག་ཡིན་པ་ལྟར། དེའི་ཆ་ནས་བཤད་ན་ད་ལྟའི་བར་རིན་གོང་ཆེ་ཤོས་སུ་ངོས་འཛིན་བྱ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་འགའ་ཤས་ལ་ཨ་སྒོར་ས་ཡ་བཞི་བརྒྱ་ནས་དྲུག་བརྒྱ་ཡས་མས་སྤྲད་མྱོང་ཡོད་པ་རེད།

ཡང་སྐབས་རེ་སྒྱུ་རྩལ་གྱི་བརྩམས་ཆོས་གོང་ཚད་ཧ་ཅང་ཆེ་ཡང་སྒྱུ་རྩལ་པ་རང་ཉིད་དབུལ་པོའམ་དཀྱུས་མའི་འཚོ་བ་སྐྱེལ་དགོས་བྱུང་མཁན་ཡང་ཡོད་པ་ནི་དཔེར་ན་སྒྱུ་རྩལ་པ་གྲགས་ཅན་ Van Gogh ཝེན་རྒོ་ (1853–1890) གི་བརྩམས་ཆོས་རྣམས་སྤྱི་ལོ་༡༩༨༧ ལོར་འཚོང་སྐབས་འགའ་ཤས་ཀྱི་རིན་པ་ཨ་སྒོར་ས་ཡ་༥༣ ལྷག་ཡིན་ཅིང་། འགའ་ཤས་ཨ་སྒོར་ས་ཡ་༣༩ ལྷག་དང་། འགའ་ཤས་ཨ་སྒོར་ས་ཡ་ ༢༠ ཡིན་པ་སོགས་བརྩམས་ཆོས་རེ་རེས་ཨ་སྒོར་ས་ཡ་བཅུ་ཕྲག་ཁ་ཤས་ཁུག་ཡོད། འོན་ཀྱང་ Van Gogh ཝེན་རྒོ་རང་ཉིད་གསོན་པོར་འཚོ་བཞུགས་སྐབས་ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་འཚོང་བའི་དཀའ་ངལ་ཡོད་པར་བརྟེན་སྒྱུ་རྩལ་པ་ཁོང་ཉིད་སྤྲང་པོའི་འཚོ་བ་སྐྱེལ་དགོས་བྱུང་ནས་ཅུང་མིན་ན་ལྟོགས་ཤི་ཐེབས་པའི་ཉེན་ཁ་ཡང་འཕྲད་ཡོད་རབས་འདུག། དེར་བརྟེན་གོང་དུ་བཤད་མ་ཐག་པ་ལྟར་སྤྱི་ལོ་༡༩༨༧ ལོར་ཁོང་གི་བརྩམས་ཆོས་རྣམས་ཀྱིས་གོང་ཚད་མཐོན་པོ་དེ་ལྟར་ཁུག་པ་དེས་མི་རྣམས་ངོ་མཚར་དུ་བཅུག་ཡོད་ཅིང་། རིམ་པས་མི་རྣམས་ཀྱིས་ Van Gogh ཝེན་རྒོ་ལ་བརྩི་མཐོང་ཇེ་ཆེར་གྱུར་ཏེ་སྤྱི་ལོ་༡༩༩༠ ལོར་ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་གིས་གོང་ཚད་ཨ་སྒོར་ས་ཡ་བརྒྱ་དང་ཞེ་བརྒྱད་ལྷག་ཙམ་ཁུག་པ་སོགས་ཀྱིས་སྒྱུ་རྩལ་གྱི་རིན་གོང་ལོ་རྒྱུས་ངོས་ནས་བཤད་ན་ Van Gogh  ཝེན་རྒོ་གིས་ངོ་མཚར་གྱི་མིག་དཔེ་འོས་པའི་ས་མིག་ཅིག་བཟུང་ཡོད།

འོན་ཀྱང་སྒྱུ་རྩལ་པ་ཐམས་ཅད་རང་ཉིད་ཀྱི་བརྩམས་ཆོས་འཚོང་བར་དགའ་མོས་ཡོད་མཁན་མིན་པས་ན། དུས་རབས་བཅུ་དགུ་པ་ནས་བཟུང་སྒྱུ་རྩལ་པ་མང་པོས་ Art for art’s sake སྒྱུ་རྩལ་ནི་སྒྱུ་རྩལ་རང་གི་ཆེད་དུ་ཡིན་ཞེས་པའི་ལས་འགུལ་སྤེལ་ཡོད། དངུལ་གྱི་རིན་གོང་མི་དགོས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་གཅིག་ནི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རྣམས་ཡིན་པས་ན་ Cynthia Freeland  སིན་ཐི་ཡ་་ཧྥི་རི་ལེན་ཌ་གིས་བརྩམས་པའི་ Art Theory སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པ་ལས། “ཕལ་ཆེར་སྒྱུ་རྩལ་གྱི་ནང་དུ་ཉོ་ཚོང་ལ་ངོ་རྒོལ་བྱེད་པའི་དཔེ་མཚོན་ཤུགས་ཆེ་ཤོས་ཤིག་ནི་བོད་བརྒྱུད་ནང་བསྟན་པའི་རྩ་ཆེའི་རི་མོ་རྡུལ་ཚོན་ལས་བཟོ་སྐྲུན་བྱས་པ་རྣམས་ཏེ་དེ་ནི་གཏན་འཇགས་རང་བཞིན་གྱི་ཐོན་རྫས་ཀྱང་མིན་ལ་སྒྱུ་རྩལ་གྱི་རྣམ་པར་བཟོས་པ་ཞིག་ཀྱང་མིན་པ་རེད། ཞིབ་ཚགས་རང་བཞིན་ཅན་གྱི་དཀྱིལ་འཁོར་དེ་དག་གྲྭ་པ་རྣམས་ཀྱིས་དཀའ་བ་ཆེན་པོས་ཉིན་མང་པོའི་རིང་བཞེངས་དགོས་ཤིང་། རྩ་ཆེའི་རྣམ་པ་ལྡན་པའི་རི་མོ་དེ་ནི་སྒོམ་གྱི་དམིགས་རྟེན་དུ་བཞེངས་པ་ཞིག་ཡིན་པ་རེད། ནམ་ཞིག་བཞེངས་ཟིན་པ་ན་རི་མོ་དེ་ཉིད་ཆོ་གའི་སྒོ་ནས་བསུབ་པར་བྱེད་ཅིང་། ཆུ་བོ་ལྟ་བུ་ཞིག་གི་ནང་དུ་རྡུལ་ཚོན་དེ་ཉིད་གཏོར་བར་བྱེད། བརྩམས་ཆོས་དེའི་མི་རྟག་པའི་རང་བཞིན་གྱིས་ནང་པའི་ལུགས་ཀྱི་མི་ཚེའི་རང་བཞིན་འགྱུར་བའི་བདག་ཉིད་མཚོན་པར་བྱེད།” ཅེས་གསུངས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།