སྒྱུ་རྩལ་གྱི་ལྟ་གྲུབ།(བརྒྱད་པ)

4403


                རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

   བརྒྱད་པ། ད་སྐབས་སྒྱུ་རྩལ་གྱི་ལྟ་གྲུབ།

Andy Warhol ཨེན་ཌི་ཝར་ཧོལ་གྱི་སྒྱུ་རྩལ་གྲགས་ཅན་Brillo Box ཞེས་པ།

ཐད་ཀར་བལྟས་ན་དེང་རབས་ཞེས་པ་ནི་ད་ལྟའི་བར་དར་ཁྱབ་ཡོད་པ་ཞིག་ལ་གོ་བས་སྒྱུ་རྩལ་གྱི་ལྟ་གྲུབ་བཤད་པའི་སྐབས་སུ་དེང་རབས་ཀྱི་སྒྱུ་རྩལ་ལྟ་གྲུབ་དང་། ད་སྐབས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཅེས་གཉིས་སུ་ཕྱེས་ན་གོ་རྒྱུ་དེ་ཙམ་མེད་པ་ལྟ་བུ་ཡོད། འོན་ཀྱང་ལུགས་སྲོལ་མི་ཉུང་བ་ཞིག་ལ་དེང་རབས་དང་ད་སྐབས་གཉིས་སུ་ཕྱེ་སྲོལ་ཡོད་པ་ལ། སྐབས་རེ་དེ་གཉིས་རིགས་མི་འདྲ་བའི་ཐ་དད་པ་གཉིས་ལ་གོ་ཞིང་། སྐབས་རེ་དེང་རབས་སྤྱི་དང་ད་སྐབས་བྱེ་བྲག་ལྟ་བུར་གོ། སྒྱུ་རྩལ་གྱི་ལྟ་གྲུབ་ལ་དེང་རབས་དང་ད་སྐབས་གཉིས་སུ་ཕྱེ་བ་ནི་མི་ཁ་ཤས་ཀྱིས་སྔ་མ་ལྟར་གོ་བ་ལེན་ཀྱང་ཁོ་བོས་ནི་ཕྱི་མ་ལྟར་མཐོང་། དེ་ལ་ཐོག་མར་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ནས་དུས་རབས་ཉི་ཤུ་པའི་དཀྱིལ་ཡས་མས་ཀྱི་བར་དུ་བྱུང་བའི་རི་མོའི་སྒྱུ་རྩལ་ལ་ Modern Art དེང་རབས་ཀྱི་སྒྱུ་རྩལ་ཞེས་བརྗོད་ཅིང་། དེའི་མཚན་གཞི་ངོས་འཛིན་ས་གཙོ་བོ་ནི་ Avant Garde ཨ་ཝོ་་རྒར་ཌི་ཞེས་བརྗོད་པ་དེའོ། དུས་རབས་ཉི་ཤུ་པའི་དཀྱིལ་ཡས་མས་ནས་བྱུང་ཞིང་ད་ལྟའི་བར་མུ་མཐུད་དར་ཁྱབ་འགྲོ་བཞིན་པ་ལ། Contemporary Art ད་སྐབས་ཀྱི་སྒྱུ་རྩལ་ཞེས་བརྗོད་སྲོལ་ཡོད།


མཁས་པ་འགའ་ཤས་ཀྱིས་དེ་གཉིས་ཀྱི་ས་མཚམས་ནི་གོང་དུ་བཤད་མ་ཐག་པ་ལྟར་དུས་ཚོད་ཀྱིས་འབྱེད་དགོས་པར་བཤད་ནས་ལོ་གྲངས་ངེས་པ་ཅན་གྱི་གཏན་འབེབས་རེ་བྱས་ཡོད་ཅིང་། ཡང་འགའ་ཤས་ཀྱིས་དེང་རབས་ཀྱི་སྒྱུ་རྩལ་ཡིན་པ་གང་ཞིག་ལ་དེའི་སྒྱུ་རྩལ་པ་ད་ཆ་གྲོངས་ཟིན་ན་སྒྱུ་རྩལ་དེ་དེང་རབས་ཀྱི་སྒྱུ་རྩལ་ཙམ་དང་། སྒྱུ་རྩལ་པ་དེ་མ་གྲོངས་པར་ད་དུང་ཡང་བཞུགས་ཡོད་ན་སྒྱུ་རྩལ་དེ་ད་སྐབས་ཀྱི་སྒྱུ་རྩལ་ལ་ངོས་འཛིན་པར་བཤད་པ་ནི་སྙིང་པོ་དེ་ཙམ་ཡོད་པ་ཞིག་མ་རེད་སྙམ། བཤད་ཚུལ་དེ་དག་ལས་ཀྱང་མཁས་པ་འགའ་ཤས་ཀྱིས་དོན་དངོས་སུAvant Garde ཨ་ཝོ་་རྒར་ཌི་ཟེར་བ་ནི་སྲོལ་རྒྱུན་གྱི་ས་མཚམས་ལས་བརྒལ་ནས་གསར་གཏོད་ཀྱི་ལམ་ཁ་ཕྱེ་བའི་སྒྱུ་རྩལ་གྱི་ལྟ་གྲུབ་ལ་གོ་བས་ན་དེང་རབས་དང་ད་སྐབས་ཀྱི་སྒྱུ་རྩལ་གང་ཞིག་ཡིན་ཀྱང་དེ་ལ་ཁྱད་ཆོས་དེ་ལྡན་ན་སྒྱུ་རྩལ་དེ་ནི་ Avant Garde ཨ་ཝོ་རྒར་ཌི་ཡིན་པར་གསུངས་པ་ནི་བདེན་པར་མཐོང་། དེས་ན་ཁོ་བོས་ནི་Avant Garde ཨ་ཝོ་རྒར་ཌི་ཞེས་པ་དེ་ད་སྐབས་ཀྱི་སྒྱུ་རྩལ་ལས་ཐ་དད་པ་ཞིག་མ་ཡིན་པར་ད་སྐབས་ཀྱི་སྒྱུ་རྩལ་ནི་ Avant Garde ཨ་ཝོ་་རྒར་ཌིའི་བྱེ་བྲག་གམ་ཡང་ན་དེའི་རྣམ་པ་མི་འདྲ་བ་ཞིག་ཡིན་པར་འདོད།


འོན་ཀྱང་དེ་ལྟར་བཤད་པས་དེང་རབས་དང་ད་སྐབས་ཀྱི་སྒྱུ་རྩལ་གཉིས་པོའི་ཁྱད་པར་མེད་པ་མ་ཡིན་པར་དེའི་ཁྱད་འབྱེད་བཟང་ཤོས་ནི་ཁོ་བོ་ལྟར་ན། བུད་མེད་རྩོམ་པ་པོ་དང་སྤྱི་ཚོགས་རིག་པ་བ་ཡིན་པ་ Nathalie Heinich ཧེ་ནི་ཆི་ཞེས་པས་གསུངས་པ་ཉིད་ཡིན་པར་མཐོང་། དེ་ཡང་ཁོང་གིས་སྒྱུ་རྩལ་འདི་གཉིས་པོ་ནི་ལོ་རྒྱུས་ཐོག་ཕན་ཚུན་སྣོལ་ལྟེབ་རྒྱག་པའི་སྒྱུ་རྩལ་གྱི་དཔེ་མཚོན་གྱི་རིགས་གཉིས་ཡིན་ཅིང་། དང་པོ་དེང་རབས་ཀྱི་སྒྱུ་རྩལ་གྱིས་སྲོལ་རྒྱུན་གྱི་སྒྱུ་རྩལ་ཏེ་དོན་དངོས་ཚབ་མཚོན་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། གཉིས་པ་ད་སྐབས་ཀྱི་སྒྱུ་རྩལ་གྱིས་སྒྱུ་རྩལ་ཞེས་པ་དེ་གང་དུ་ངོས་འཛིན་པའི་ལྟ་ཚུལ་དེ་རང་ལ་ཡང་གདོང་ལེན་བྱེད་པ་ཞིག་ཡིན་པར་གསུངས། དེ་ཉིད་གོ་བདེ་བོས་བཤད་ན་དཔེར་ན་སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ་ལྟར་ན་ཟླ་བ་ནི་དཀར་པོ་ལྟར་ཡོངས་གྲགས་ཀྱི་སྣང་བ་དང་མཐུན་པར་འབྲི་དགོས་ཀྱང་། དེང་རབས་ཀྱི་རི་མོའི་སྒྱུ་རྩལ་ལྟར་ན་ཟླ་བ་ཡིན་པ་ངོ་ཤེས་ཐུབ་ན་ཚོན་མདོག་གང་ཡིན་ཀྱང་འབྲི་ཆོག་པ་ལྟ་བུ་རེད། གཅིག་ཤོས་ད་སྐབས་ཀྱི་སྒྱུ་རྩལ་ནི་དཔེར་ན་ཧྥ་རན་སི་ནས་ཡིན་པའི་སྒྱུ་རྩལ་པMarcel Duchamp ཌུ་ཆཱན་  (1887-1968) ཞེས་པ་དེས་ཆབ་ཁང་ནང་གི་གཅིན་པ་གཏོང་ས་ཆབ་ཏོག་དཀར་པོ་ཞིག་ལ་སྒྱུ་རྩལ་པ་རང་གི་མིང་རྟགས་བཀོད་དེ་སྒྱུ་རྩལ་གྱི་རྣམ་པར་བཤམས་པ་ལ་དེ་ལྟ་བུ་ནི་སྒྱུ་རྩལ་ཡིན་མིན་ཐག་གཅོད་དཀའ་བ་ལྟ་བུ་རེད། ད་སྐབས་ཀྱི་སྒྱུ་རྩལ་ཐམས་ཅད་དེ་འདྲ་མིན་ཀྱང་། Nathalie Heinichཧེ་ནི་ཆི་གིས་གསུངས་པ་ལྟར་ད་སྐབས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་གཅིག་ནི་འདི་ལ་ངོས་འཛིན་དགོས་པ་འདྲ།



གང་ལྟར་ཡང་ད་སྐབས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཀྱི་འབྱུང་ཁུངས་གཙོ་བོ་ Avant Garde ཨ་ཝོ་་རྒར་ཌི་ཡིན་པ་ལ་རྩོད་པ་མེད་ཅིང་། དེའི་ལྟ་གྲུབ་རྒྱ་ཆེར་སྤེལ་བ་པོ་ Austria ཨོ་སི་ཊྲི་ཡ་ནས་ཡིན་པའི་ Ludwig Wittgenstein ཝིཊ་རྒེན་སི་ཊེན་ (1889 –1951) གིས་ <<Philosphical Investigation མཚན་ཉིད་རིག་པའི་དཔྱད་ཞིབ་>> ཅེས་པའི་ནང་དུ་ཤིང་ཏོག་མང་པོ་ཞིག་ལ་འདྲ་མཚུངས་ཡོད་པས་དེ་དག་ལ་ཤིང་ཏོག་ཟེར་བ་ལས་དེ་དག་ལ་དེ་ལས་ལྷག་པའི་ཁྱད་ཆོས་རང་བཞིན་གྱིས་གྲུབ་པ་ཞིག་མེད་པ་ལྟར་སྒྱུ་རྩལ་ཟེར་བ་ལ་ཡང་རིགས་མཚུངས་པ་ལས་ལྷག་པའི་འགྲེལ་བརྗོད་ངེས་པ་ཅན་མེད་པར་གསུངས། ད་དུང་ཨ་རི་ནས་ཡིན་པ་ Morris Weitz ཝི་ཚི་ (1916–1981) གིས་ཅི་ཞིག་གིས་སྒྱུ་རྩལ་དུ་འགྱུར་བར་བྱེད་ཅེས་པའི་རྒྱུ་རྐྱེན་ཆ་ཚང་བ་ཞིག་མེད་ཅིང་། སྒྱུ་རྩལ་གྱི་རྣམ་པ་ནི་འགྱུར་བ་མེད་པ་ཞིག་ཀྱང་མ་ཡིན་པས་ན་སྒྱུ་རྩལ་གྱི་ལྟ་གྲུབ་ཚད་དང་ལྡན་པ་ཞིག་ཡོང་ཐབས་མེད། དེས་ན་དེ་ལྟར་ཡོང་ཐབས་བྱེད་པ་ནི་དོན་མེད་ཀྱི་ངལ་བ་ཙམ་དུ་ཟད་པས། མི་རྣམས་ཀྱིས་སྒྱུ་རྩལ་གྱི་རང་བཞིན་དང་སྙིང་པོ་ཅི་ཞིག་ཡིན་རྟོག་དཔྱོད་བྱེད་པའི་ཚབ་ལ་སྒྱུ་རྩལ་གྱི་གལ་གནད་དང་། སྒྱུ་རྩལ་གྱིས་གང་ཞིག་སྟོན་པའི་བསམ་བློ་བཅས་ལ་རྟོག་དཔྱོད་དང་ཉམས་ཞིབ་བྱ་རྒྱུ་གལ་ཆེ་བར་གསུངས།


བཤད་སྲོལ་དེ་དག་གི་མཇུག་སྡོམ་ལྟ་བུར་སྒྱུ་རྩལ་ལྟ་གྲུབ་སྨྲ་བ་ George Dickie རྗོར་རྗི་་ཌིག་ཀི་ཞེས་པ་ཨ་རི་ནས་ཡིན་པའི་སྒྱུ་རྩལ་ལྟ་གྲུབ་སྨྲ་བ་དེས་ “སྒྱུ་རྩལ་ནི་གང་ཡང་ཡིན་ཆོག་” ཅེས་གསུངས་པ་ལ་ད་ལྟའི་དུས་སྐབས་སུ་ལྟ་གྲུབ་དེ་འདྲ་འཛིན་པའི་སྒྱུ་རྩལ་པ་ཧ་ཅང་མང་། འོན་ཀྱང་གང་ཡིན་ན་ཡང་སྒྱུ་རྩལ་ཡིན་ཆོག་ཅེས་བཤད་པ་འདི་ཅུང་གློ་བར་འཇུ་དཀའ་ན་ཡང་། སྒྱུ་རྩལ་ཡིན་མིན་བརྗོད་དཀའ་བའི་སྒྱུ་རྩལ་གྲགས་ཅན་མང་པོ་བྱུང་ཡོད། དཔེར་ན་ཨ་རི་ནས་ཡིན་པའི་སྒྱུ་རྩལ་པ་ John Cage རྗོན་་ཀེ་རྗི་གི་རོལ་དབྱངས་མིང་དུ་ 4:33 སྐར་མ་བཞི་དང་སྐར་ཆ་སོ་གསུམ་ཞེས་འབོད་པ་དེ་ལ་མི་ཞིག་གིས་ piano པི་ཡ་ནོ་གཏོང་གྲབས་ཀྱི་ཚུལ་བྱེད་པ་ལས་པི་ཡ་ནོ་དངོས་སུ་གཏོང་བ་ཙམ་ཡང་མེད་ན་ཡང་དེ་ཉིད་སྙན་གྲགས་ལྡན་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་དམིགས་བསལ་ཞིག་ཏུ་གྱུར་པ་ལྟ་བུ་རེད། འདི་ཉིད་ཡོངས་གྲགས་སུ་གཙོ་བོ་དེང་རབས་ཀྱི་སྒྱུ་རྩལ་ཏེ་ Avant Garde ཨ་ཝོ་་རྒར་ཌི་སྒྱུ་རྩལ་གྱི་དཔེ་མཚོན་དུ་ངོས་འཛིན་སྲོལ་ཡོད་ཀྱང་། གོང་དུ་བཤད་པ་ལྟར་ད་སྐབས་ཀྱི་སྒྱུ་རྩལ་ལ་ཁྱད་ཆོས་འདི་ཉིད་མུ་མཐུད་རྩལ་འདོན་གྱིས་རྒྱུན་སྐྱོང་བྱེད་ཀྱི་ཡོད།


གཞན་ཡང་སྒྱུ་རྩལ་ཡིན་མིན་གྱི་ལྟ་ཚུལ་ལ་གདོང་ལེན་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་སྙན་གྲགས་ཆེ་ཤོས་གཅིག་ནི་ད་སྐབས་ཀྱི་སྒྱུ་རྩལ་པར་ངོས་འཛིན་ན་ཆོག་པ་ Andy Warhol ཨེན་ཌི་་ཝར་ཧོལ་ (1928-1987) གིས་ཚོང་ཁང་གི་ཅ་དངོས་བླུག་སའི་ཤོག་སྒམ་ Brillo Box ཇི་མ་ཇི་བཞིན་མང་པོ་བཟོས་ཏེ་སྒྱུ་རྩལ་གྱི་ཁྲོད་དུ་འགྲེམས་སྟོན་བྱས་པ་ལ། དེས་མི་རྣམས་ལ་སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་ཐད་དྭོགས་པ་གཏིང་ནས་བསླངས་པས་ད་སྐབས་ཀྱི་སྒྱུ་རྩལ་ཞེས་གྲགས་པ་ལ་ཤུགས་རྐྱེན་ཟབ་མོ་ཐེབས། དེར་བརྟེན་སྐབས་དེའི་སྒམ་གཅིག་གིས་ཕྱིས་སུ་ཨ་སྒོར་ས་ཡ་གསུམ་ཙམ་ཁུག་པར་གྲགས་ཤིང་། རྩོམ་པ་པོ་གྲགས་ཅན་ Arthur Danto གིས་ཆེད་དུ་དེའི་སྐོར་ལ་དེབ་ཀྱང་བརྩམས་ཡོད། ལྟ་གྲུབ་དེ་ལ་བརྟེན་ནས་ད་ལྟའི་ཆར་གང་ཡིན་ན་ཡང་སྒྱུ་རྩལ་ཡིན་ཆོག་པ་ལས་ངེས་པར་དུ་མཛེས་པོ་ཞིག་ཡིན་མི་དགོས་པས་ད་ལྟའི་སྐབས་སུ་སྒྱུ་རྩལ་ལ་མཛེས་སྡུག་ཟེར་བའི་བསམ་བློ་དེ་ཕལ་ཆེར་བརྗེད་པ་ལྟར་གྱུར། དཔེར་ན་ Robert Mapplethorpe མེ་པོལ་་ཐོར་པེ་ (1946-1989) གིས་སྤྱི་ལོ་ ༡༩༧༧ ལོར་སྤེལ་བའི་སྒྱུ་རྩལ་གྲགས་ཅན་ཞིག་ལ་མི་གཅིག་གིས་མི་གཞན་ཞིག་ཁར་གཅིན་པ་གཏོང་བཞིན་ཡོད་པའི་རི་མོ་ཡོད་ཅིང་། ལྷག་པར་༡༩༨༠ རྗེས་ཙམ་དུ་ཁྲག་དང་། གཅིན་པ། སྐྱེས་པའི་ཁུ་བ་སོགས་ནི་སྒྱུ་རྩལ་གྱི་རིགས་མང་པོར་མཐོང་རྒྱུ་ཡོད་པ་ལྟ་བུ་རེད།


ཡང་སྒྱུ་རྩལ་ལ་དེང་རབས་ཀྱི་སྒྱུ་རྩལ་ལས་ད་སྐབས་ཀྱི་སྒྱུ་རྩལ་ལོགས་སུ་དབྱེ་བའི་དབང་དུ་བཏང་ན་ད་སྐབས་ཀྱི་སྒྱུ་རྩལ་ལ་ཡོད་པའི་ཤུགས་རྐྱེན་ཆེ་ཤོས་ནི་འཕྲུལ་ཆས་ཡིན་པར་རྩོད་པ་མེད། ད་ལྟའི་དུས་སུ་སྒྱུ་རྩལ་ནི་གཙོ་བོ་འཕྲུལ་ཆས་ཀྱི་ཐོན་འབྲས་ཤིག་ཏུ་གྱུར་པས་ན་ Germiny རྗེར་མི་ནིས་ཡིན་པའི་མཚན་ཉིད་རིག་པ་བ་ Walter Benjamin རྦེན་རྗ་མིན་ (1892-1940) གིས་འཕྲུལ་ཆས་ཀྱི་ཡར་རྒྱས་ཀྱིས་སྒྱུ་རྩལ་གྱི་བསམ་བློ་ལ་གཞི་རྩ་ནས་འགྱུར་བ་བཏང་ཡོད་པར་གསུངས། དཔར་དང་གློག་བརྙན་སོགས་ད་སྐབས་ཀྱི་སྒྱུ་རྩལ་ཕལ་མོ་ཆེ་འཕྲུལ་ཆས་ལ་བརྟེན་ནས་བཟོ་སྐྲུན་བྱེད་ཀྱི་ཡོད་ཅིང་། ང་ཚོ་ཕལ་མོ་ཆེས་སྒྱུ་རྩལ་ལ་རོལ་པ་ཡང་འཕྲུལ་ཆས་ཀྱི་བརྒྱུད་ནས་ཡིན་པ་བཤད་ཅི་དགོས། སྒྱུ་རྩལ་དར་སྤེལ་ཡོང་བའི་ཆེད་དུ་འཛམ་གླིང་གི་ཕྱུག་བདག་གྲགས་ཅན་ Bill Gates རྦིལ་་རྒེཊ་གིས་སྤྱི་ལོ་༡༩༨༩ ལོར་Corbis ཀོར་རྦི་སི་ཞེས་པའི་བཟོ་གྲྭ་ཞིག་བཙུགས་ཤིང་། ཨ་སྒོར་ས་ཡ་བརྒྱ་ཕྲག་ལྷག་བཏང་ནས་གྲགས་ཅན་གྱི་སྒྱུ་རྩལ་བརྩམས་ཆོས་ཁག་གི་ཆོག་མཆན་ཉོས་པ་ལ། བཟོ་གྲྭ་དེས་སྤྱི་ལོ་༡༩༩༧ ལོ་ཡི་སྔོན་དུ་སྒྱུ་རྩལ་གྱི་རི་མོ་ས་ཡ་ལྷག་གློག་དཔར་དུ་བཤུས་ཟིན་ཡོད་པར་བཤད།


དེ་བཞིན་ཀླད་ཁམས་ཚན་རིག་པ་དག་གིས་ MRI རྡུལ་སྡུད་ལྷན་འགུལ་རྟོགས་འཕྲུལ་ཞེས་པའི་འཕྲུལ་ཆས་ཀྱི་བརྒྱུད་ནས་སྒྱུ་རྩལ་པ་དང་སྒྱུ་རྩལ་པ་མ་ཡིན་པའི་ཀླད་པ་ལ་ཁྱད་པར་གང་ཡོད་དང་། མི་ཡི་ཀླད་པས་ཅི་དང་གང་ཞིག་ལ་མཛེས་སྡུག་ལྡན་པར་ངོས་འཛིན་པ་སོགས་ཀྱི་སྐོར་ལ་ཤེས་ཐབས་བྱེད་བཞིན་ཡོད་པ་ལ། ཐབས་ལམ་དེ་ལ་བརྟེན་ནས་སྒྱུ་རྩལ་གྱི་ལྟ་གྲུབ་སྨྲ་བ་འགའ་ཤས་ཀྱིས་བཤད་པ་རྣམས་ཚན་རིག་དང་མཐུན་པ་དང་འགའ་ཤས་ཀྱིས་བཤད་པ་ནི་ཡང་དག་པ་མ་ཡིན་པའི་ཤེས་རྟོགས་ཀྱང་བྱུང་ཡོད་འདུག མདོར་ན་ཁོ་བོས་བསམས་ན་འཕྲུལ་ཆས་དང་སྒྱུ་རྩལ་གཉིས་པོ་ནི་མ་འོངས་པར་མུ་མཐུད་མཉམ་བསྐྱོད་བྱེད་ངེས་པར་ཕལ་ཆེར་ཐེ་ཚོམ་མི་དགོས་པ་ཞིག་ཡིན་པས་ན་སྔར་གྱི་དུས་སུ་རི་མོའི་སྒྱུ་རྩལ་ལྟ་བུར་མཚོན་ན་གཙོ་བོ་ཀླད་པ་ལས་ཀྱང་ལག་པ་གལ་ཆེ་བས་སྒྱུ་རྩལ་ནི་ལག་ཤེས་ལྟ་བུར་ངོས་འཛིན་པ་ཡང་བྱུང་ན་ཡང་མ་འོངས་པར་དེ་ལས་ལྡོག་སྟེ་སྒྱུ་རྩལ་ནི་ལག་ཤེས་ལས་རྦད་དེ་བརྒལ་ནས་གཙོ་བོ་བསམ་བློའི་ནུས་པ་ཙམ་དུ་འགྱུར་སྲིད་དེ། ད་ལྟ་ནས་དེའི་རྣམ་པ་མངོན་བཞིན་ཡོད་པས་སོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།