སྒྱུ་རྩལ་གྱི་ལྟ་གྲུབ།(བདུན་པ)

4651


                    རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

བདུན་པ། དེང་རབས་ཀྱི་སྒྱུ་རྩལ་གྱི་ལྟ་གྲུབ།

ཨོ་རུ་སིའི་རྩོམ་པ་པོ། འཚེ་མེད་ཞི་བའི་རིང་ལུགས་པ། སྒྱུ་རྩལ་ལྟ་གྲུབ་སྨྲ་བ་གྲགས་ཅན(Leo Tolstoy )ལིའོ་ཊོལ་སི་ཊོ་ཨི།

སྤྱིར་དེང་རབས་ཞེས་པའི་ས་མཚམས་གང་ནས་ངོས་འཛིན་དགོས་མིན་བཤད་དཀའ་ན་ཡང་། གཞི་རྩའི་ཆ་ནས་ཡོངས་སུ་གྲགས་པའི་དེང་རབས་ནི་ནུབ་ཕྱོགས་ནས་བྱུང་བར་རྩོད་པ་མེད། ནུབ་ཕྱོགས་ལ་རིག་གཞུང་གི་ཆ་ནས་དུས་རབས་བཅུ་བཞི་པའི་ནང་དུ་ཐོག་མར་དར་འཕེལ་བྱུང་བའི་རིག་རྩལ་བསྐྱར་དར་གྱི་སྐབས་སུ་ཆོས་ལུགས་ཀྱི་རིག་གནས་ལས་ཀྱང་མི་ཆོས་རིག་གནས་ལ་རྩལ་འདོན་བྱེད་པའི་མགོ་ཚུགས་པས་དེང་རབས་ཀྱི་རིག་གནས་དབུ་བརྙེས་པའི་ས་མཚམས་འདི་ལ་ངོས་འཛིན་མཁན་གྱི་མཁས་པ་མི་ཉུང་བ་ཡོད། རིག་རྩལ་བསྐྱར་དར་གྱི་དུས་སྐབས་དེ་དེང་རབས་ལ་ངོས་འཛིན་མིན་གྱི་ལུགས་ཅི་རིགས་པ་ཡོད་ཀྱང་། དེང་རབས་ཀྱི་དུས་སྐབས་དེའི་སྔོན་ལ་ངོས་མི་འཛིན་པ་དང་། དེང་རབས་ཀྱི་རྨང་གཞི་རིག་རྩལ་བསྐྱར་དར་གྱི་སྐབས་ནས་ཚུགས་པ་ལ་མཁས་པ་ཐམས་ཅད་མཐུན། དེ་ནས་དུས་རབས་བཅུ་དྲུག་པར་ཚན་རིག་དར་བ་ལ་ཚན་རིག་ནི་དེང་རབས་རིག་གནས་ཀྱི་མཚོན་བྱེད་གཙོ་བོར་གྱུར་པས་མཁས་པ་མང་པོས་གནའ་རབས་དང་དེང་རབས་ཀྱི་རིག་གནས་གཉིས་པོའི་ས་མཚམས་འདི་ནས་འབྱེད། དེ་དག་ལ་བརྟེན་ནས་དུས་རབས་བཅུ་བདུན་པའི་སྨད་ཙམ་ནས་དུས་རབས་བཅོ་བརྒྱད་པའི་བར་དུ་ནུབ་ཕྱོགས་ལ་རྟོག་སད་པའི་དུས་སྐབས་དར་བ་ལ། རྟོག་སད་པའི་དུས་སྐབས་ནི་མཁས་པ་རྣམས་ཀྱིས་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ནས་མི་ཆོས་རིག་གནས་གོང་འཕེལ་གཏོང་བའི་དུས་སྐབས་ཤིག་ཡིན་པས་དེང་རབས་ཀྱི་དཔལ་འབྱོར་རིག་པ་དང་དེང་རབས་ཀྱི་ཤེས་ཡོན་སྲིད་ཇུས་སོགས་ད་ལྟའི་དུས་སུ་དེང་རབས་ལ་ངོས་འཛིན་པའི་རིག་གནས་ཕལ་མོ་ཆེ་ཐོག་མར་འདི་སྐབས་དར་བའོ།།


དེ་ལྟར་ཤེས་པར་བྱས་ནས་འོ་ན་དེང་རབས་ཀྱི་སྒྱུ་རྩལ་ནམ་ཞིག་ནས་དར་རམ་སྙམ་ན། སྤྱིར་སྒྱུ་རྩལ་ལ་རིགས་འདྲ་མིན་མང་པོ་ཡོད་ཅིང་དེ་ཐམས་ཅད་དུས་མཉམ་དུ་དེང་རབས་ཀྱི་རྣམ་པར་འཕོ་འགྱུར་ཐེབས་པ་ཞིག་མ་ཡིན་པས་སྒྱུ་རྩལ་ཐམས་ཅད་འདི་ཙམ་ནས་དེང་རབས་ལ་གྱུར་ཞེས་བཤད་ན་ག་ལ་འགྲིག། དཔེར་ན་དེང་རབས་ཀྱི་ཞབས་བྲོ་ནི་དུས་རབས་བཅུ་དགུ་པའི་སྨད་ཙམ་དང་ཡང་ན་དུས་རབས་ཉི་ཤུ་པའི་སྟོད་དུ་གཞི་ནས་དར་བར་ངོས་འཛིན་སྲོལ་ཡོད། དེ་ཡང་སྐབས་དེར་དར་བའི་ཞབས་བྲོ་ལ་དེང་རབས་ཀྱི་ཞབས་བྲོ་ཞེས་བརྗོད་པའི་རྒྱུ་མཚན་ནི་དེའི་སྔོན་དུ་ཞབས་བྲོ་ནི་ལུགས་སྲོལ་གང་ཡང་རུང་བའི་སྒྲིག་གཞི་ལྟར་འགྲོ་དགོས་པ་ཞིག་ཡིན་ན་ཡང་སྐབས་དེ་ནས་བཟུང་ལུགས་སྲོལ་གྱི་སྒྲིག་གཞི་ལ་ལྟོས་མ་དགོས་པར་ཞབས་བྲོ་པ་རང་ཉིད་ཀྱི་སེམས་ཚོར་དང་མཐུན་པར་འཁྲབ་ཆོག་པའམ་ཡང་ན་སྐབས་དེ་ནས་བཟུང་ཞབས་བྲོ་ལ་ལུགས་སྲོལ་ལས་ཀྱང་གསར་གཏོད་གལ་ཆེ་བའི་རྒྱུ་མཚན་གྱིས་ཡིན་པར་བཤད། དེ་ལས་གཞན་མཐོང་ཤེས་ཀྱི་སྒྱུ་རྩལ་ཏེ་འདྲ་ཐང་གི་རི་མོ་དང་འབུར་གཟུགས་ཀྱི་སྒྱུ་རྩལ་སོགས་ནི་རིག་རྩལ་བསྐྱར་དར་གྱི་སྐབས་སུ་དེང་རབས་ཀྱི་རྣམ་པ་ལ་གྱུར་པར་བཤད་མཁན་ཡོད། དེའི་རྒྱུ་མཚན་རིག་རྩལ་བསྐྱར་དར་གྱི་སྐབས་སུ་སྔར་སྲོལ་ལྟར་ལྷ་དང་ཆོས་པ་རྣམས་ཀྱི་སྐུ་དང་རི་མོ་བཟོ་བཞེངས་བྱེད་པའི་ཚབ་ལ། རྒྱལ་པོ་དང་སྐུ་དྲག་སོགས་མི་སྣ་སྐྱ་བོའི་རིགས་ཀྱི་སྣང་བརྙན་བཟོ་སྐྲུན་བྱེད་པ་དང་། མ་ཟད་ཕོ་མོ་གཅེར་བུར་འབྲི་བ་དང་བཞེངས་པ་སོགས་ཀྱིས་སྐབས་དེར་ཆོས་ལུགས་ཀྱི་ཚད་འཛིན་ལས་བརྒལ་བས་ཡིན་པ་རེད། འོན་ཀྱང་རིག་རྩལ་བསྐྱར་དར་གྱི་སྒྱུ་རྩལ་རྣམས་དེང་རབས་ལ་ངོས་འཛིན་མི་འཛིན་གྱི་ལུགས་ཅི་རིགས་པ་ཡོད།


དེང་རབས་ཀྱི་རི་མོའི་སྒྱུ་རྩལ་ལ་ངོས་འཛིན་པར་རྩོད་པ་མེད་པ་ཐོག་མར་བྱུང་བ་ནི་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་དུ་དར་བའི་རི་མོའི་སྒྱུ་རྩལ་ཏེ། ལུགས་སྲོལ་གསར་པ་དེ་ལ(Avant-Garde)ཨ་ཝོ་རྒར་ཌི་ཞེས་བརྗོད་སྲོལ་ཡོད། ཐ་སྙད་འདི་ཉིད(France)ཧྥ་རན་སི་ནས་བྱུང་ཞིང་། སྤྱིར་སྔོན་ཐོན་ཞེས་པའི་དོན་ལ་གོ་བ་ལ། ཧྥ་རན་སི་ནས་ཡིན་པའི་ཆབ་སྲིད་རྩོམ་པ་པོ( Henri de Saint Simon)ཧེན་རེ་དེ་སེ་སི་མོན(1760-1825)ཞེས་པས་སྒྱུ་རྩལ་ལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་སྔོན་ཐོན་ནམ་མདུན་བསྐྱོད་བྱེད་པའི་ནུས་པ་ཡོད་པར་བཤད་པ་ལས་ཐ་སྙད་འདི་ཉིད་བྱེ་བྲག་ཏུ་སྒྱུ་རྩལ་གྱི་རིགས་ལ་སྦྱོར་སྲོལ་བྱུང་། སྔོན་ཐོན་གྱི་ཚད་གང་ནས་འཇོག་དགོས་མིན་ནི་བརྗོད་དཀའ་ན་ཡང་སྐབས་དེ་ཙམ་ནས་སྲོལ་རྒྱུན་གྱི་རི་མོའི་འབྲི་སྲོལ་དང་བསྡུར་ན་གནམ་ས་མགོ་མཇུག་ལོག་པ་ལྟ་བུས་སྐབས་དེའི་སྒྱུ་རྩལ་པ་རྣམས་ཀྱིས་གདོང་ལེན་དང་མདུན་བསྐྱོད་གསར་པ་བྱས་པ་ལ་བརྟེན་ནས་སྒྱུ་རྩལ་ལ་སྔོན་མེད་ཀྱི་ཡར་རྒྱས་གསར་པ་ཞིག་བྱུང་། དེ་ཡང་སྒྱུ་རྩལ་གྱི་ལྟ་གྲུབ་འདི་ལྟར་ན་སྒྱུ་རྩལ་པ་ཞིག་གི་ལས་ཀ་གཙོ་བོ་ནི་དོན་དངོས་ཀྱི་དཔེ་བཤུ་དང་སྔོན་སྲོལ་གྱི་རྗེས་སུ་འབྲང་རྒྱུ་དེ་མ་ཡིན་པར་རང་ཉིད་སྒེར་གྱི་རྣམ་དཔྱོད་ཀྱི་རྩལ་བེད་སྤྱད་ནས་གསར་གཏོད་ཀྱི་གོམ་པ་སྤོ་རྒྱུ་དེ་ཡིན་པ་རེད། དེར་བརྟེན་ལུགས་འདི་ནི་སྔོན་སྲོལ་དང་མི་འདྲ་བ་སྟེ། དཔེར་ན་སྲོལ་རྒྱུན་གྱི་རི་མོ་རྣམས་ལ་རྩྭ་ནི་ལྗང་གུ་ཡིན་ཅིང་། རྩྭ་ཕུང་ནི་སེར་པོ་ཡིན་ཀྱང་། སྒྱུ་རྩལ་གྱི་ལུགས་གསར་པ་འདིར་རྩྭ་ནི་དམར་པོ་ཡིན་ཆོག་ཅིང་རྩྭ་ཕུང་ནི་སྔོན་པོ་ཡིན་ཆོག དེ་ནི་ཉི་མའི་འོད་ཕོག་སྟངས་འདྲ་མིན་གྱིས་སྒྱུ་རྩལ་པ་སྒེར་ལ་མཐོང་སྣང་གང་བྱུང་དེ་གཞིར་བཞག་གིས་བྲིས་པའི་དོན་དུ་འགྲེལ་སྲོལ་ཡོད།


དེ་དང་དུས་མཚུངས་སྒྱུ་རྩལ་གྱི་ལྟ་གྲུབ་གལ་ཆེན་ཀྱང་མི་ཉུང་པ་ཐོན་པ་ལ། ཁོ་བོས་བསམས་ན་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པ་ཙམ་ནས་དར་བའི་སྒྱུ་རྩལ་གྱི་ལྟ་གྲུབ་རྣམས་ནི་གཙོ་བོ་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་བརྒྱུད་ནས་སྒྱུ་རྩལ་པའི་བསམ་བློ་དང་ཚོར་སྣང་། ཀུན་སློང་དང་འཆར་ཡན་བཅས་ཀྱི་རྒྱབ་ལྗོངས་རྟོགས་ཐབས་དང་། ཡང་སྒྱུ་རྩལ་པའི་རྒྱབ་ལྗོངས་ལ་བརྟེན་ནས་སྒྱུ་རྩལ་གྱི་ནང་དོན་རྟོགས་ཐབས་བྱེད་པ་སྟེ། མདོར་ན་སྒྱུ་རྩལ་པ་དང་སྒྱུ་རྩལ་གཉིས་ཀ་ལ་བརྟེན་ནས་སྒྱུ་རྩལ་ཞིག་གི་རྒྱུས་མངའ་ཆ་ཚང་བ་ལེན་ཐབས་བྱེད་པའི་ལྟ་གྲུབ་ཅིག་རེད་སྙམ། ལྟ་གྲུབ་དེ་འཛིན་པ་རྣམས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་སྒྱུ་རྩལ་པ་དང་ལྟད་མོ་བ་གཉིས་ཀྱི་བར་དུ་གོ་བརྡ་དམིགས་བསལ་བ་ཞིག་སྤྲོད་ཀྱི་ཡོད་པར་འདོད། དེ་དག་ལས་དར་ཁྱབ་ཆེ་ཤོས་གཅིག་ནི་ཚོར་སྣང་བརྗོད་པ་དང་སྟོན་པའི་དོན་ཏེ(Expression Theory)སྟོན་བརྗོད་ཀྱི་ལྟ་གྲུབ་ཅེས་པ་དེ་ཡིན་པ་ལ་དེའི་ལྟ་གྲུབ་ཐོག་མར་སྤེལ་མཁན་གཙོ་བོ་ནི་ཨོ་རུ་སི་ནས་ཡིན་པའི་རྩོམ་པ་པོ་གྲགས་ཅན(Leo Tolstoy)ལིའོ་ཊོལ་སི་ཊོ་ཨི་ (1828-1910) ཞེས་པ་དེ་ཡིན་པར་གྲགས། ཁོང་གི་ལྟ་གྲུབ་ལྟར་ན་སྒྱུ་རྩལ་གང་ཞིག་ཡིན་ཀྱང་དོན་དུ་དེ་ནི་སྒྱུ་རྩལ་པ་དེའི་ཚོར་སྣང་ཞིག་སྟོན་པ་དང་བརྗོད་པ་ལས་མ་འདས། འོན་ཀྱང་མཁས་པ་ཁ་ཤས་ཀྱིས་ཁོང་གི་ལྟ་ཚུལ་དེ་ལ་དགག་པ་གནང་སྟེ། སྒྱུ་རྩལ་ཞིག་ལ་དེའི་རྒྱུ་རྐྱེན་དང་ཀུན་སློང་གི་ཚུལ་དུ་ཚོར་སྣང་རེ་ཡོད་པ་བདེན་ན་ཡང་། ཚོར་སྣང་དེ་ཉིད་སྒྱུ་རྩལ་པ་དེ་རང་གི་སེམས་ཚོར་ཡིན་པའི་ངེས་པ་མེད་པར་གསུངས་པ་ལ། ཁོ་བོས་ནི་དགག་པ་འདི་ཉིད་ཕྱོགས་སྔའི་ནམ་ལང་མིན་གང་ཡིན་ཆ་མ་འཚལ།


ཡང(Leo Tolstoy)ལིའོ་ཊོལ་སི་ཊོ་ཨི་གིས་བཏོན་པའི་ལྟ་གྲུབ་དང་མཚུངས་པར་སེམས་ཁམས་རིག་པ་བ་ཆེས་སྙན་གྲགས་ཅན(Sigmund Freud)སིག་མུན་་ཧྥི་རོཌ (1856–1939) གིས་ཀྱང་སྒྱུ་རྩལ་པ་ལ་ཆགས་སྲེད་གཙོ་བོར་གྱུར་པའི་ཚོར་བ་དང་མངོན་འདོད་མང་པོ་ཞིག་ཡོད་པ་ལ་དེ་ཚོ་མང་པོ་ཞིག་མངོན་གྱུར་ཡོང་ཐབས་མེད་པས་སྒྱུ་རྩལ་པས་སྒྱུ་རྩལ་ལ་བརྟེན་ནས་རང་གི་འདོད་པ་རང་ཉིད་ཀྱིས་སྐོང་བར་བྱེད་པ་ཞིག་ཡིན་པར་གསུངས། འོ་ན་དེ་ནི་སྙིང་པོ་མེད་པ་ཞིག་མ་རེད་དམ་སྙམ་ན(Sigmund Freud)སིག་མུན་་ཧྥི་རོཌ་གིས་གསུངས་ན་ང་ཚོའི་ལྐོག་གྱུར་གྱི་བག་ཆགས་དང་མངོན་འདོད་མང་པོ་ཞིག་མངོན་དུ་མ་གྱུར་ན་བཟང་བའི་ཐོག་ཏུ་ད་དུང་མངོན་འདོད་དེ་དག་སྒྱུ་རྩལ་གྱི་ལམ་ནས་སྟོན་པའི་ལམ་སྲོལ་དེས་མི་ཡི་རིགས་ལ་སྒྱུ་རྩལ་དང་ཚན་རིག་གི་གྲུབ་འབྲས་ཕུལ་དུ་བྱུང་བ་མང་པོ་འཐོབ་པས་དེ་ནི་སྐྱོན་ལས་ཡོན་ཏན་ཆེ་བ་ཞིག་ཡིན་པར་གསུངས། (Sigmund Freud)སིག་མུན་་ཧྥི་རོཌ་གི་སེམས་ཁམས་རིག་པའི་རྣམ་གཞག་ལ་ཆགས་སྲེད་རྩལ་འདོན་ཆེ་བ་བཞིན་ཁོང་གིས་རང་ཉིད་ཀྱི་སྒྱུ་རྩལ་གྱི་ལྟ་གྲུབ་ཀྱང་གཙོ་བོ་ལྟ་ཚུལ་དེའི་ཐོག་ནས་འགྲེལ་བརྗོད་གནང་ཡོད། འོན་ཀྱང་དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ་ཁོང་གིས་ཆེད་དུ་སྒྱུ་རྩལ་པ་མང་པོའི་སྒེར་གྱི་མི་ཚེའི་ལོ་རྒྱུས་བཀླགས་ནས་སྒྱུ་རྩལ་གྱི་ལྟ་གྲུབ་དེ་འདྲ་ཞིག་སྤེལ་བ་ཡིན་པར་བཤད། (Sigmund Freud)སིག་མུན་་ཧྥི་རོཌ་གི་ལྟ་བ་དེ་ཉིད་མཐའ་གཅིག་ཏུ་བདེན་མིན་བརྗོད་དཀའ་ན་ཡང་བདེན་ཆ་ཆེ་བ་ནི་བཤད་མ་དགོས་ཤིང་ཤུགས་རྐྱེན་ཀྱང་གང་འཚམས་ཆེ་བར་སྣང་།


དེ་ལྟར(Leo Tolstoy)ལིའོ་་ཊོལ་སི་ཊོ་ཨི་དང(Sigmund Freud)སིག་མུན་ཧྥི་གཉིས་ཀྱིས་སྒྱུ་རྩལ་ནི་སེམས་ཚོར་ཞིག་སྟོན་བརྗོད་བྱེད་པའི་ཐབས་ཡིན་པར་ངོས་འཛིན་བྱས་ཀྱང་། དབྱི་ཊ་ལི་ནས་ཡིན་པའི(Benedetoo Croce)རྦེ་ནེ་ཌེཊྚོ་་ཀི་རོ་ཆེ་ (1866–1952) དང་། དབྱིན་ལན་ཌི་ནས་ཡིན་པའི(R.G. Collingwood)ཀོ་ལིང་ཝུ་ཌི་ (1889–1943) དང་། ཨ་རི་ནས་ཡིན་པའི་བུད་མེད(Suzanne Langer)སྲུ་གཟན་་ལེང་ཨེར་ (1895–1985) གསུམ་གཙོ་བོར་གྱུར་པའི་སྒྱུ་རྩལ་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་སྒྱུ་རྩལ་གྱིས་སེམས་ཚོར་ཙམ་མཚོན་པ་མིན་པར་དེ་ལས་ཀྱང་གལ་ཆེ་བར་ལྟ་བའམ་བསམ་བློ་མཚོན་པར་གསུངས། དེ་ནི་དཔེར་ན་ཉི་ཧོང་གི་བསམ་གཏན་ཆོས་ལུགས་པའི་སྐྱེད་ཚལ་གྱིས་ནང་པའི་སྒོམ་གྱི་ཉམས་ལེན་མཚོན་པ་ལྟ་བུ་རེད། ད་དུང་གོང་དུ་བཤད་པ་ལྟར་ Leo Tolstoy ཊོལ་སི་ཊོ་ཨི་གིས་སྒྱུ་རྩལ་པས་རང་གི་སེམས་ཚོར་རྣམས་སྒྱུ་རྩལ་གྱི་ལམ་ནས་སྟོན་བརྗོད་བྱེད་པར་གསུངས་པ་ལ(Collingwood)ཀོ་ལིང་ཝུ་ཌི་གིས་སྒྱུ་རྩལ་པས་སྒྱུ་རྩལ་གྱི་ལམ་ནས་རང་གི་སེམས་ཚོར་སྟོན་བརྗོད་བྱེད་པའི་ཚབ་ལ་གཙོ་བོ་རང་ཉིད་ཀྱི་སེམས་ཚོར་ལ་རང་ཉིད་ཀྱིས་གོ་རྟོགས་ལེན་པ་ཞིག་ཡིན་པར་ཡང་གསུངས། དེ་བཞིན(Suzanne Langer)ལེང་ཨེར་ གིས་ང་ཚོ་མི་ཡི་རིགས་ལ་ཉམས་མྱོང་གསར་པ་སྣ་ཚོགས་པ་ཞིག་ཡོང་བ་ལ། སྐད་ཡིག་ནང་གི་མིང་ཚིག་རྣམས་ཀྱིས་ནི་ང་ཚོ་གོམས་འདྲིས་ཆེ་བའི་བསམ་བློའི་རིགས་ལས་སྟོན་མི་ཐུབ། དེས་ན་ཉམས་མྱོང་དམིགས་བསལ་བ་དེ་རྣམས་སྒྱུ་རྩལ་ཁོ་ནས་དཔེ་མཚོན་གྱི་ལམ་ནས་ང་ཚོ་ལ་གོ་བརྡ་སྤྲོད་ཐུབ་པ་ཞིག་ཡིན་པར་གསུངས་པ་ནི་ལེགས་བཤད་ཅིག་ཏུ་མཐོང་།


གོང་གི་མཁས་པ་གསུམ་པོ་སོ་སོར་ལྟ་གྲུབ་མི་འདྲ་བ་རེ་ཡང་ཡོད་པ་ནི་མང་དུ་དོགས་པར་འདིར་བཤད་པར་མི་འདོད། གང་ལྟར་ད་ལྟའི་ཆར་ང་ཚོས་ཕལ་ཆེར་གསལ་པོར་ཤེས་ཐུབ་པ་ཞིག་ལ། སེམས་ཚོར་གཙོར་བྱེད་པ་དང་ལྟ་ཚུལ་གཙོར་བྱེད་པའི་སྒྱུ་རྩལ་གྱི་ལྟ་གྲུབ་དེ་གཉིས་ལས་གང་རུང་ཞིག་བདེན་པ་ཡིན་དགོས་པའི་གནད་དོན་མིན་པར། སྒྱུ་རྩལ་གྱི་རིགས་འདྲ་མིན་མང་པོ་ཡོད་པ་ལ་འགའ་ཤས་ནི(Leo Tolstoy)ལིའོ་་ཊོལ་སི་ཊོ་ཨི་ གིས་གསུངས་པ་ལྟར་སྒྱུ་རྩལ་པ་སྒེར་གྱི་ཚོར་སྣང་སྟོན་བརྗོད་བྱས་པ་ཞིག་ཡིན་པ་དང་། ཡང་འགའ་ཤས་ནི(Suzanne Langer)ལེང་ཨེར་སོགས་ཀྱི་གསུངས་པ་ལྟར་གང་ཟག་སྒེར་གྱི་ཚོར་སྣང་ཙམ་མིན་པར་ཆོས་ལུགས་དང་རིག་གཞུང་། མི་རིགས་སོགས་ཀྱི་ངོ་བོ་དང་། ཁྱད་ཆོས། ལྟ་གྲུབ་བཅས་སྟོན་པས་ན་ང་ཚོས་ལྟ་གྲུབ་དེ་གཉིས་གང་རུང་གི་ཕྱོགས་སུ་མ་ལྷུང་བར་དེ་གཉིས་ཟུང་འབྲེལ་བྱེད་པའམ་ཡང་ན་སྐབས་ཐོབ་དང་སྦྱར་ནས་བསམ་གཞིགས་བྱེད་ཐུབ་ན་ད་གཟོད་ང་ཚོས་སྒྱུ་རྩལ་ཞིག་གི་གོ་རྟོགས་ཆ་ཚང་བ་ལེན་ཐུབ། སྟོན་བརྗོད་ཀྱི་ལྟ་གྲུབ་དང་ལྷན་དུ་དེང་རབས་སྒྱུ་རྩལ་གྱི་ལྟ་གྲུབ་གཞན་ཡང་བྱུང་ཡོད་ན་ཡང་། འདི་ནི་དེང་རབས་སྒྱུ་རྩལ་གྱི་ལྟ་གྲུབ་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་པས་ན་ད་ལྟའི་བར་མུ་མཐུད་དར་ཁྱབ་ཡོད་པའི་ལྟ་གྲུབ་ཅིག་གོ། མདོར་ན་ཁོ་བོས་བསམས་ན་སྒྱུ་རྩལ་གྱི་བརྒྱུད་ནས་འབྱུང་བའི་གོ་བརྡ་སྤྲོད་ལེན་ནི་ཆེས་གསང་བ་དང་ལྐོག་གྱུར་གྱི་གླེང་མོལ་ཞིག་ཡིན་པས་སྐབས་མང་པོར་སྒྱུ་རྩལ་པས་སྟོན་འདོད་པའི་དོན་ཉིད་ལྟད་མོ་བས་ཇི་བཞིན་དུ་གོ་ཐུབ་མིན་སོགས་ནི་བརྗོད་དཀའ་ན་ཡང་། གང་ལྟར་སྒྱུ་རྩལ་ལ་དམིགས་བསལ་གྱི་གོ་བརྡ་རེ་ཡོད་དགོས་པ་ནི་སྒྱུ་རྩལ་གྱི་སྲོག་ལྟ་བུ་ཡིན་པས་དེ་ནི་ཆེས་གལ་ཆེན་ཡིན་པ་ལ་སུས་ཀྱང་བསྙོན་འདོར་མི་ནུས་སྙམ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།