གཏམ་དཔེ་འདི་འདྲ་ཞིག་ཡོད།

7493


                རྩོམ་པ་པོ། རྔ་བ་བུདྡྷ།

ང་ཚོ་བོད་ལ་འདི་འདྲའི་གཏམ་དཔེ་ཞིག་ཡོད། གང་ཞེ་ན། རང་རྒྱུའི་དོན་དུ་རང་སྲོག་འགྲོ་ཐུབ་ཟེར་ཡ་དེ་རེད། བལྟས་ཚོད་དུ་དེ་ནི་ཤེས་རྨོངས་ཀླ་ཀློའི་སྤྱོད་པ་ལས་མ་འདས་པ་འདྲ་སྟེ། གང་ཞེ་ན།མི་རྟག་རྩྭ་ཟིལ་འདྲ་བའི་ནོམ་པ་ལ་ཕུགས་དམིགས་རྩེ་གཅིག་ཏུ་གཏོད་པ་དང་། དྲིན་ཕ་མས་གནང་བའི་མི་ལུས་རིན་པོ་ཆེ་སྙིང་བོ་མེད་པའི་རྒྱུ་ནོར་གྱི་དོན་དུ་གཏོང་བ་ནི་ཅི་ནས་ཀྱང་ཕངས་སེམས་སྐྱེ་འོས་པའི་གནས་སུ་འཁུམ།


དེ་ཡང་ཕྱི་ལོ༡༧༧༥ནས༡༧༨༣བར་བྱུང་བའི་བྱང་ཨ་མེ་རི་ཀའི་རང་བཙན་དམག་འཁྲུག་སྔོན་དུ་སྐད་གྲགས་ཆེ་བའི་ཁ་འབོད་ཅིག་ཡོད། དེ་ནི་སྐུ་ཚབ་མེད་ན་ཁྲལ་མི་འཇལ་ཟེར་ཡ་དེ་རེད། དོན་དོམ་པར་རང་དབང་ཤོར་ཞིང་མི་སེར་སྤེལ་ཡུལ་དུ་གྱུར་བའི་བྱང་ཨ་མེ་རི་ཀ་ལ་མཚོན་ན་ཁྲལ་ནི་དོན་དག་ཆུང་ཆུང་ཡིན་འདྲ་བོ་དང་། ཁོ་ཚོ་གཞན་གྱི་དབང་འོག་ཏུ་སྡོད་དགོས་པ་མ་ཟད་རབས་གཉིས་པའི་སྤྱི་དམངས་ལྟ་བུའི་ཐོབ་ཐང་ལས་མེད། ཁོ་ཚོས་གཞན་ལས་ལྷག་པའི་ཁྲལ་འཕར་མ་འཇལ་དགོས་པའི་འགན་འཁྲི་ལྗིད་པོ་དེས་ལོ་རྒྱུས་གསར་བ་ཞིག་གི་སྒོ་འཕར་འབྱེད་པ་རེད། བསམ་ཞིང་བསམས་ན་ཨ་རི་བས་རང་དབང་རྩོད་པ་ལ་རྒྱུ་མཚན་ཁྲི་སྟོང་མང་བོ་འདྲེན་དུ་ཡོད་པ་ཅི་ནས་ཀྱང་ཐེ་ཚོམ་མི་དགོས་ནའང་དཔྱ་ཁྲལ་རྐྱང་བ་ལ་བརྟེན་ནས་བྱ་བ་རླབས་ཆེན་གྱི་འགོ་རྩོམ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།


ངས་གླེང་འདོད་པ་ནི་ཁྲལ་འཇལ་མི་འདོད་པའི་ཀུན་སློང་དང་ཀུན་སློང་དེ་ལས་འཕྲོས་པའི་རྒྱབ་ལྗོངས་ལ་གཏིང་ཟབ་པོའི་ངང་ནས་རྒྱུས་ལེན་བྱ་འདོད་པ་དེའོ། སྐུ་ཚབ་མེད་ན་ཁྲལ་མི་འཇལ་ཟེར་ཡ་ནི་དངུལ་ལོའི་དོན་དུ་རང་གར་སྒྲོག་པ་ཞིག་མིན་པས་དེ་ལ་དཔྱད་རིན་ཆེ་སྙམ་སྟེ་འབྲི་འདོད་ཀྱི་མོས་པ་ཆེ་ནས་ཆེ་རུ་ཕྱིན། ཡིན་ཡང་རང་སྟོབས་རིག་པས་དཔྱད་ཁུལ་གྱིས་ཐོབ་པའི་དཔྱད་འབྲས་དག་ནི་དངོས་བྱུང་ལོ་རྒྱུས་ལས་ཡོ་ཟུར་ཅུང་ཙམ་ཡོད་པའམ་ཡང་ན་རང་གི་རྟོག་པས་བཏགས་པའམ་ཕྱི་མའི་གྲུབ་དོན་སྔ་མ་ལ་སྦྱོར་བ་སོགས་ཅི་རིགས་ཤིག་འབྱུང་སྲིད། དེས་ན་སྐུ་ཚབ་མེད་ན་ཁྲལ་མི་འཇལ་ཟེར་བ་ལ་ལོ་རྒྱུས་ཀྱི་རིན་ཐང་འདི་འདྲ་ཡོད་སྙམ་སྟེ།


གཅིག མི་བུའི་སྐྱིད་སྡུག་གི་སྙིང་བོ་འཚོལ་བ་ལ་རྒྱུ་ནོར་གྱི་བསྡོངས་གྲོགས་བསྟེན་པ།

སྔོན་ཆད་དེ་རང་དབང་དམངས་གཙོའི་ལྟ་གྲུབ་མ་དར་བའི་ཡར་སྔོན་ལ། སྒེར་གྱི་རྒྱུ་ཟེར་བ་ནི་དངོས་གནས་རྩྭ་མགོའི་ཟིལ་བ་ལྟ་བུ་རེད། བཙན་དྲག་གཉན་གསུམ་གྱི་དབང་འོག་ནས་མི་སྒེར་གྱི་ཐོབ་ཐང་ནི་བཤད་མི་རི་བ་ཡིན་ལ་དེ་འདྲའི་སྲོལ་ཡང་ཡོད་པ་མ་རེད། ཐ་ན་མི་སྒེར་གྱི་ཐོབ་ཐང་དང་འབྲེལ་བའི་བསམ་བློའི་རྒྱུན་སྲོལ་ཕྲ་མོ་ཙམ་ཡང་ཡོད་མ་རེད། མི་རིགས་ཕལ་མོ་ཆེ་དང་རྒྱལ་ཁབ་ཕལ་མོ་ཆེ་ནི་རྒྱལ་པོའམ་རྗེ་བོ་གང་རུང་གི་དབང་བསྒྱུར་འོག་ན་གནས་བཅས་ཤིང་ཆབ་འོག་གི་ཡོད་ཚད་དབང་བསྒྱུར་བ་ཁོ་ན་ལ་དབང་བའི་ལྟ་བ་ཤིན་ཏུ་དར་ཁྱབ་ཆེ། དབྱིན་གཞུང་ནས་བྱང་ཨར་མི་དམངས་ལ་ཁྲལ་འཕར་མ་འཇལ་དགོས་པའི་བྱུས་ངན་བཏོན་པའི་མོད་ལ་དེ་ལུགས་ཀྱིས་ཐོབ་ཐང་མཐོར་འདེགས་མེད་པར་བཟོས་པ་ནི་གོང་སྨོས་ཀྱི་ལྟ་ཚུལ་ལས་འཕྲོས་པ་ཐེ་ཚོམ་སྐྱེ་མི་དགོས། བྱར་ཨར་མི་དམངས་ཀྱིས་རང་གི་རྒྱུ་ནོར་ལ་མཐོང་ཆེན་དང་རྒྱུ་ནོར་དེ་ལས་སྙིང་བོ་འཚོལ་བ་ནི་འགྲོ་མིའི་ལོ་རྒྱུས་སྟེང་གི་རིན་ཐང་ཆེན་པོ་ཡོད་པའི་རྡོ་རིང་ཞིག་ཡིན། གང་ཞེ་ན། ཕྱི་ཟོང་ནང་ནོམ་ལས་བདེ་བ་འཚོལ་བའི་སྙིང་སྟོབས་ནི་ཤེས་རབ་དང་བློ་སྤོབས་གཉིས་ལྡན་གྱི་མི་རིགས་ཤིག་མ་གཏོགས་རང་ག་བས་ཅི་ལ་བསྒྲུབ་ཐུབ་སྟེ་ཡིད་ཀྱི་དགུ་ལའང་ཤར་མི་སྲིད། ལྷག་དོན་དུ། རྒྱུ་ནོར་ལ་བཙོག་ལྟ་བའམ་དེ་ནི་མི་ལེགས་པའི་འགོང་བོ་ཞིག་ཡིན་པའི་སྲོལ་རྒྱུན་གྱི་ལྟ་བ་ནི་རང་ཅག་མ་ཟད་མི་རིགས་མང་བོར་ཡོད། དེས་ན་མི་རེ་རེའི་རྒྱུ་ནོར་གྱི་ཐོབ་ཐང་གི་ཆེད་དུ་འཇིགས་པ་མེད་པར་བཤམས་པའི་དཔའ་བོའི་དཔུང་རྡང་ནི་མི་ཞིག་རྡོ་རྗེ་ཕ་ལམ་ཕྲེང་དུ་བསྟར་བ་འདྲ་བོ་དང་རྒན་གཞོན་ཕོ་མོ་སུ་ཡིན་ཡང་སེམས་ཤུགས་བླ་ལྷག་ཆེ་བ་ཡང་རང་གི་དོན་དུ་རང་ཉིད་ཀྱིས་འབད་དགོས་པའི་རྒྱུན་ཤེས་ལ་ངེས་གཏན་གྱི་གོ་བ་ལོན་པའི་དན་རྟགས་ཡིན། ལྷག་ཏུ་རང་ཅག་སྟེ་མིའི་གྲལ་ལ་ཡོད་ནའང་མིའི་ལྟོ་གོས་བསྒྲུབ་པ་ལ་སྙིང་བོ་མེད་རབས་ཀྱི་ལྟ་བ་འུར་གྱིས་སྒྲོག་པའི་ཡུལ་ལུང་གུ་དོག་པོ་ལ་ནུབ་ཕྱོགས་པས་མིག་དཔེ་ཡ་མེད་ཡག་པོ་བཞག་ཡོད།


ཐོབ་ཐང་གླེང་ན་མང་བོ་མང་བོ་བཤད་རྒྱུ་ཡོད།ཡིན་ཡང་དེ་དག་ཧྲིལ་གྱིས་བསྡུས་ན་རྒྱུ་ནོར་གྱི་ཐོབ་ཐང་གི་ཁོངས་སུ་འདུ། ཁྲལ་འཇལ་ཡང་དེ་ལུགས་ཀྱི་ཐོབ་ཐང་མེད་ན་མི་ཆོག་པའི་ལྟ་ཚུལ་ནས་འགོ་བཟུང་སྟེ་བྱང་ཨར་པ་མི་ལོ་བརྒྱད་ལ་གཡུལ་ངོར་ཞུགས་ཤིང་མཐར་རྒྱལ་ཁའི་འབྲས་བུ་ལོངས་སུ་སྤྱོད་པའི་བསྐལ་བ་བྱུང་། འོ་ན། རྒྱུ་ནོར་གྱི་ཐོབ་ཐང་ལས་འགོ་རྩོམ་པ་ཁོ་རང་ཚོའི་འཆར་གཞི་ཡིན་ན་འདྲ་ཡང་ན་བརྟས་དབང་ཡིན་ན་འདྲ། གང་ལྟར་འགོ་རྩོམ་སྟངས་དེས་ཨ་རིའི་དུས་ཕྱིས་ཀྱི་ཆབ་སྲིད་ལམ་ལུགས་དང་མི་བུའི་ཐོབ་ཐང་། དམངས་གཙོའི་ལྟ་བ། དབང་ཆ་ཚོད་འཛིན་སོགས་མང་བོའི་ཐད་ནས་བྱས་རྗེས་ཆེན་པོ་བཞག་ཡོད། དམིགས་ཀྱིས་གླེང་འོས་པ་ཞིག་ལ། ལྟ་བ་ཆེན་པོ་མི་འཁྱོངས་བཞིན་དུ་ཨུ་ཚུགས་ཀྱིས་འཐམ་པའི་རང་རེའི་སྒྲ་འཛིན་གྱི་བུ་གར་སྙིང་བོ་མེད་པའི་རྒྱུ་ནོར་ལས་སྙིང་བོ་འཚོལ་དགོས་ཟེར་ན་ཆེ་ཆེ་མཐོ་མཐོ་མང་བོས་དགོད་ཁ་འཆོར་བའི་བཟོ་ལྟ་སྟོན་ངེས་པ་དང་། རབས་ནས་རབས་སུ་རྒྱུན་ཆད་མེད་པའི་ཕན་བདེའི་རྩ་ལག་འདེབས་པ་ལ་རྒྱུན་ནོར་གྱི་རམ་འདེགས་བསྟེན་དགོས་ཟེར་ན། འཁོར་བ་གཏིང་ནག་གི་རལ་གྲིས་ཐར་བའི་མྱུ་གུ་བཅད་པའི་ལྟ་ལོག་པའི་ཞྭ་མོ་དགུ་བརྩེགས་བཙན་གྱིས་འགེབས་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས་ནའང་མི་རིགས་གཞན་གྱིས་དེ་ལྟར་བློས་བསླང་བཞེངས་པ་རེད་ལ་ལེགས་གྲུབ་ཀྱང་བྱུང་བ་རེད།


དེ་ཡང་ནང་བའི་སྐྱེས་བུ་ཆེན་པོ་ཞིག་གིས། རྒྱུ་ནོར་གཅིག་པུས་ང་ཚོ་སྡུག་བསྔལ་ལས་སྐྱོབ་མི་ཐུབ་ནའང་། རྒྱུ་ནོར་ནི་སྡུག་བསྔལ་ཡང་དུ་གཏོང་བར་ཕན་རླབས་ཆེན་པོ་ཡོད་པར་སྙམ་ཞེས་རིགས་གཞུང་མཁྲེགས་འཛིན་གྱི་རྒྱ་ལས་འགོངས་ཏེ་མི་བུའི་བདེན་སྡུག་ལ་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་པའི་བདེན་གཏམ་ལྷུག་བསྩོལ་གནང་ཡོད།


གཉིས། རང་དབང་གི་དོན་གྱི་སྙིང་བོ་རང་ལག་དྲོན་མོས་ལག་ཏུ་བསྟར་བ།

སྐུ་ཚབ་མེད་ན་ཁྲལ་མི་འཇལ་ཟེར་ཡ་དེ་མཐར་གཏུགས་ན་རང་དབང་རྩོད་ཀྱི་ཡོད་པ་རེད། བྱང་ཨར་པས་རྩོད་ཀྱིན་པའི་རང་དབང་དེ་ནི་སྙིང་བོ་ཕུན་སུམ་ཚོགས་པ་ཡིན། གང་ཞེ་ན། ང་ཚོས་ནམ་རྒྱུན་གླེང་གིན་པའི་རང་དབང་ནི་འགྱུར་བའི་ངོ་བོ་ཅན་ཡིན།


དེ་ཡང་གནའ་བོའི་གྷི་རི་སི་ལ་དཔེར་བཞག་ནས་བཤད་ན། ཁོ་ཚོའི་རང་དབང་ནི་ཆབ་སྲིད་རང་དབང་ཡིན། སྤྱི་དམངས་ཚོགས་ཆེན་ལ་ཞུགས་པའི་ཐོབ་ཐང་རྩོད་ལེན་བྱེད་པའམ་དེ་ཉིད་ལ་མཐོང་ཆེན་པོ་བྱས་ཏེ་སྤྱི་ཐུན་གྱི་བྱ་བ་ལ་ཁ་གྲག་དབང་ཡོད་པར་བྱེད་པ། ཡང་ན་སྤྱི་དམངས་ཀྱི་ཐོབ་ཐང་ནི་ཧ་ཅང་གི་གལ་ཆེན་པོར་རྩིས་ཏེ་མི་ཚེའི་སྙིང་བོ་དེ་ལས་ཕྱིར་མངོན་དགོས་ཤིང་། ཡུལ་ཁའི་ཆབ་སྲིད་ཀྱི་བྱ་བ་ལ་ཁ་བསྲེ་ལག་བསྲེ་བྱེད་ཐུབ་ཚེ་མི་ཚེ་དོན་དང་ལྡན་པར་གྱུར་བ་སྙམ་པའི་ལྟ་བ་ཤུགས་ཆེན་དར་བ་རེད། དེའི་ཕྱིར་ཨ་ནས་ཧྲི་ཏི་ཏུར་①གྱིས། མི་ནི་ཆབ་སྲིད་ཀྱི་སྲོག་ཆགས་ཡིན་ཞེས་གསུངས་པ་ནི་སྐབས་དེའི་འཁོར་ཡུག་ལ་ལྟོས་ཏེ་སྨྲས་པ་རེད།


ཀོང་སི་ཏང་གིས་རང་དབང་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་པའི་གྲུབ་དོན་དུ་རིགས་གཉིས་སུ་བགོས་ཡོད། གཅིག་ནི་མེས་རབས་ཀྱི་རང་དབང་སྟེ་ཆབ་སྲིད་རང་དབང་དང་གཅིག་ཤོས་ནི་དེང་རབས་པའི་རང་དབང་སྟེ་མི་བུ་སྒེར་གྱི་རང་དབང་རེད།དེའི་སྐོར་ནས་ཤེས་འདོད་ཡོད་ན་ཁོང་གི་བརྩམས་ཆོས《མེས་རབས་ཀྱི་རང་དབང་དང་དེང་རབས་པའི་རང་དབང་བསྡུར་བ》②ལ་མཇལ་རོགས།


དོན་དུ་རང་དབང་འདི་གཉིས་ནི་གོ་རིམ་ཞིག་སྟེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཇེ་ཚང་དུ་གཏོང་བའམ་ཧྲིལ་བོ་ནས་སྒེར་པའི་སྟེང་དུ་འཕོས་པ་ཞིག་ཏུ་སེམས། ཐོབ་ཐང་གི་འཕོས་རིམ་ལ་རགས་རིམ་ཞིག་དཔྱད་ན། དེ་ནི་སྤྱི་བའི་དབང་གྲགས་ཀྱིས་མི་བུའི་ཁེར་ཚུགས་ལྷག་ལུས་མེད་པར་གཞོམ་གཞིག་བྱས་ཏེ་སོ་སོ་སྐྱེ་བོ་དབང་ཆའི་བྲན་གཡོག་ཏུ་གྱུར་བའི་གནས་སྟངས་བསྒྱུར་ཏེ་ཁྲིམས་ལ་ཁྲིམས་ཀྱི་རྒྱ་ཞིག་དང་མི་ལ་མི་ཡི་རང་དབང་གི་འཁོར་ཡུག་ཅིག་དབང་བའི་གནས་སྟངས་གསར་བ་ཞིག་བཟོས་པའི་གོ་རིམ་ཡིན།


མི་ནི་ཤེས་རབ་ཅན་གྱི་སྲོག་ཆགས་ཤིག་ཡིན། སྐྱེ་རྒུའི་དབང་བོར་ཆགས་པའི་མི་ལ་ཤེས་རབ་ལྡན་པས་དཔལ་ཡོན་གྱི་མ་ལག་རིམ་གྱིས་ཆགས། དཔལ་ཡོན་ལ་བརྟེན་ཏེ་མི་རྣམས་རྨོངས་མུན་ལས་ཐར་བའི་རེ་བ་སྔར་ལས་ཆེ་བ་དང་། མིའི་བརྩོན་སེམས་ལ་བརྟེན་ཏེ་དཔལ་ཡོན་ལ་ཟམ་མི་ཆད་པའི་ཟུངས་བཅུད་ཀྱི་ཕུགས་རྫིང་ཆེན་པོ་མངའ། དེ་ལྟར་ནའང་མི་ནི་མི་སྟེ། དཔལ་ཡོན་གྱི་ཆ་ཤས་སུ་གྱུར་བའི་རིག་གནས་དང་དཔལ་འབྱོར། ཚོང་ལས། དམག་དོན། སྲིད་ཀྱི་ལས་རིམ་སོགས་ཆེ་ཆེ་རྫིག་རྫིག་གང་མང་དུ་ཡོད་པ་དག་ཀླད་པའི་ལྟག་རྒྱབ་ཏུ་གཡུགས་ཏེ་ང་ནི་མི་ཡིན། ང་ལ་ཅིས་ནས་ཀྱང་མེད་དུ་མི་རུང་བ་ནི་གང་ཡིན་ཞེས་རང་གིས་རང་ལ་ཚ་འདྲི་བྱས་ན།དེ་ནི་ལྟོ་གོས་གནས་མལ་ཁང་ཁྱིམ་ར་བ་ལ་སོགས་པས་མཚོན་པའི་འཇིག་རྟེན་ཟང་ཟིང་དུ་འབོད་པའི་ལོངས་སྤྱོད་ཡིན།


འོ་ན་ང་ཚོ་མི་ནི་དུད་འགྲོ་ལྟར་ཟས་མལ་ཙམ་གྱིས་ཆོག་པ་ཡིན་ཚེ་སོ་སོའི་རྒྱུད་ན་ཤེས་རབ་ཀྱི་ས་བོན་ཕོན་ཆེན་པོ་ཡོད་པ་དེའང་དོན་མེད་དང་། རིག་གནས་དང་དཔལ་ཡོན་གྱིས་མཚོན་པའི་ཤེས་རིག་གི་མ་ལག་འོད་དུ་འཚེར་བ་དག་གི་རིན་ཐང་ཅིག་ཅར་ཉིད་ཀྱིས་ཉམས་ཤིང་རབས་ནས་རབས་སུ་བརྩོན་པ་ཆེ་བསྐྱེད་ཀྱིས་གྲུབ་པའི་ཤེས་རིག་གི་གཞལ་ཡས་ཁང་ཆེན་ཡང་སྐད་ཅིག་ལ་ཐལ་རྡུལ་དུ་རང་བརླག་བྱས་པ་དང་ཅི་ཁྱད་ཅེས་ལ་ལས་དོགས་འདྲི་བྱེད་སྲིད། བདེན་ཏེ། འགྲོ་བའི་དབང་བོ་ཟེར་བ་གཟུགས་བོངས་ཆེ་ཆུང་དང་སྟོབས་ཤུགས་ཆེ་ཆུང་སོགས་ལ་ལྟོས་པ་མེད་པར་རྣམ་དཔྱོད་ཀྱི་ཚན་ཁ་ལས་ངམ་ངམ་ཤུགས་ཤུགས་ཀྱིས་སྤུ་རིས་སོ་སོར་འབྱེད་པ་ལས་སུ་དང་གང་གིས་ཤན་ཕྱེ་བའི་ངལ་བ་བསྟེན་མི་དགོས། དེ་བཞིན་ས་ལྒང་འདིར་མིའི་ཚོགས་སྤྱི་ཆེ་མ་ཆུང་གསུམ་དང་རབ་འབྲིང་ཐ་གསུམ་ཅི་རིགས་ཤིག་ཡོད་པའང་རྣམ་དཔྱོད་ཀྱི་ཚན་ཁ་ལས་ཐོན་པ་མ་གཏོགས་གཞན་གང་ཡང་མིན། དེ་ལྟར་ནའང་འགྲོ་འདུག་ཉལ་འཆག་གིས་མཚོན་པའི་མིའི་གཞི་རྩའི་དགོས་མཁོ་དག་བལྟས་ཚོད་དུ་དེ་འདྲ་གལ་ཆེན་པོ་མིན་པ་འདྲ་ལ། ཤེས་རིག་གི་གཟི་བྱིན་དང་ཐབས་གཅིག་ཏུ་བསྡུར་ཚེ་མངོན་པར་ཡིད་དུ་འོངས་པ་ཞིག་མིན་པ་བདེན་དུ་ཆུག་ཀྱང་། འདི་ནི་སྲོག་ལྡན་ཞིག་ཡིན་པ་ལ་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་དཔེ་རྙིང་ཞིག་ཏུ།ཞིམ་མངར་ཟས་རྣམས་མི་ལ་བྱིན། འཇམ་ལེགས་གོས་རྣམས་རང་ཉིད་གོན། ཟས་ཁྲེལ་ཁ་ལ་མ་བཀུར་ཞིག ལུས་ཁྲེལ་གོས་ལ་གལ་མ་ཆུང་། ཞེས་གསུང་བའང་དོན་དུ་ཟང་ཟིང་དུ་འབོད་པའི་ལོངས་སྤྱོད་ལ་རིན་ཐང་ཆེན་པོ་ཡོད་འདོད་པའི་འཇིག་རྟེན་པའི་ལྟ་བ་གཙོ་བོ་ཞིག་ཡིན།


དེང་སྐབས་འཛམ་གླིང་ཧྲིལ་བོས་ནུབ་ཕྱོགས་ལ་དཔེར་ལེན་པའི་རྒྱུ་མཚན་ནི། མིའི་རིགས་ཀྱི་བྱུང་རབས་སུ་སྔར་མ་གྲགས་པའི་རིག་གཞུང་གང་ཞིག་ཁོ་ཚོས་གསར་དུ་བཏོད་པའམ། རིགས་རུས་གཞན་གྱི་ཤེས་རབ་ཀྱིས་མ་ལྕོགས་པའི་བསམ་བློ་གང་ཞིག་ནུབ་ཕྱོགས་པས་རྩལ་འདོན་གྱིས་རྙེད་པའང་མིན་པར། ཁོ་ཚོའི་ཤེས་རིག་གི་རྨང་གཞི་ནི་མི་རེ་རེར་བདག་པའི་རྒྱུ་ནོར་ཏེ་ཚེ་སྲོག ནོར་དངོས། ཁང་ཁྱིམ། ལྟོ་གོས་སོགས་ལ་རྨང་བྱས་ཏེ་ལྟ་གྲུབ་ཅིག་རིམ་གྱིས་ཆགས་ཤིང་དེ་ཉིད་ཀྱིས་མི་ལ་དངོས་ཕན་བླ་མེད་སྟེར་བས་ཡིན། དེ་ཡང་དུས་རབས་བཅོ་བརྒྱད་པའི་དབྱིན་ཇིའི་སྲིད་འཛིན་བེར·པེར་ཁྲི་ཡིས《དབྱིན་ཇི་བའི་རང་གཞས་བདེ་འཇགས་ཀྱི་ཐོབ་ཐང་གླེང་བ》③ཞེས་པའི་གཏམ་བཤད་སྐད་གྲགས་ཅན་གྱི་ནང་དུ་འདི་ལྟའི་སྐད་ཆ་ཞིག་ཡོད། ཆེས་དབུལ་ཞིང་ཕོངས་པའི་མི་དེས་ཀྱང་རང་ཁྱིམ་གྱི་གོ་ཁ་ནས་རྒྱལ་པོའི་དབང་གྲགས་ལ་ངོ་ཡ་བྱེད་ཐུབ། ཁང་པ་རལ་བོ་ཡིན་ནའང་། ཁང་ཀླད་རྡིབས་ལ་ཁད་དུ་ཡོད་ནའང་། ཆར་བསེར་མི་ཁོག་པའི་ཁང་པའི་ནང་ལ་རྒྱལ་པོ་ཡོང་མི་ཆོག ཁོའི་ཧྲག་དམག་གོ་མཚོན་ཅན་ཡང་ཁང་རལ་འདིའི་སྒོ་ཐེམ་བརྒལ་མི་ཕོད་ཅེས་གསུངས་མྱོང་། ཡང་སྙིང་འདི་ནི་མི་བུ་སྒེར་གྱི་ཐོབ་ཐང་ཅི་བས་ཀྱང་གལ་ཆེ་བའི་དོན་མཚོན་པ་རེད། མི་དང་སྤྱི་ཚོགས་ཡང་ན་མི་དང་རྒྱལ་ཁབ་བར་ལ་ཐོག་མ་ནས་འབའ་གན་ཞིག་གིས་ཕན་ཚུན་སྦྲེལ་ཡོད། སོ་སོ་སྐྱེ་བོའི་ཆོག་མཆན་མ་འཐོབ་པར་དེ་དང་དེའི་རྒྱུ་ནོར་དུ་གཏོགས་པའི་ཆ་ཤས་ཕྲ་མོ་ཙམ་ལའང་དབང་གྲགས་ཀྱིས་ཐེ་རེག་མི་རུང་། དེ་ལྟར་མི་བུའི་ཐོབ་ཐང་གིས་གཞི་རྐང་བྱས་པའི་ནུབ་ཕྱོགས་རིག་གནས་ལ་གསོན་ཤུགས་བླ་ན་མེད་པ་རྒྱས་ཤིང་མི་ཆེ་ཆུང་ཀུན་གྱིས་གཙུག་ཏུ་བཀུར་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་རོ།


ཁ་ཕྱིར་འཁོར་ནས་བལྟས་ཚེ། ཇི་ལྟར་རྒྱུ་ནོར་ལ་བཙོག་ལྟ་བ་དང་མི་སྒེར་གྱི་ཐོབ་ཐང་ལ་ཇི་མི་སྙམ་པར་རྡོག་རོལ་གཏོང་བའི་ལམ་ལུགས་སམ་རིག་གནས་གང་ཡང་རུང་། དེ་དང་དེ་ནི་ལྟོ་རྒྱབ་ཙམ་ཡང་ཐག་མི་ཆོད་པའི་ཡི་དྭགས་ཀྱི་གྲོང་དང་གཤིན་ཡུལ་སྐྱ་མོ་ལྟ་བུ་ཡིན་ནའང་རྫོགས་ལྡན་གྱི་བསྐལ་བ་བསླེབ་ལ་ཁད་ཀྱི་ཁ་གཡང་ནམ་ཡང་ཆད་མྱོང་མེད། ང་ཚོ་དང་ནུབ་ཕྱོགས་བར་ལ་འདི་ལྟར་གྱི་ཧེ་བག་ཆེན་པོ་ཤོར་བ་ནི་དཔལ་ཡོན་ཡོད་མེད་ཙམ་གྱིས་མིན། ང་ཚོའི་དཔལ་ཡོན་ནི་ཕུན་སུམ་ཚོགས་པ་ཞིག་ཡིན། ཡིན་ཡང་མིའི་དངོས་བྱུང་དཀའ་སྡུག་ལ་རྐང་མ་ཚུགས་པའི་དཔལ་ཡོན་ནི་མིའི་སྐྱིད་སྡུག་དང་ཆེས་ཆེར་ཐག་རིང་བས་གང་དེའི་སྲོག་དབང་བརྟན་མིན་ཡང་སེམས་ཁྲལ་སྐྱེ་འོས་པའི་གནས་རེད། བོད་ཀྱི་དཔལ་ཡོན་ལ་ཕྱོགས་ཡོངས་ནས་ཕྱིར་རྟོག་བྱས་ཏེ་བདེན་པ་བདེན་ཐུབ་དང་དྲང་བོ་དྲང་རྐྱང་གིས་རང་བཟོ་ར་ཆོད་སྤངས་ཏེ་སྐྱོན་ཡོན་ལ་རིགས་པའི་བརྡར་ཤ་བྱས་ན་གཞན་གྲལ་བསྙེག་པའི་གོ་སྐབས་ཕྲན་བུ་ཙམ་རེ་རྙེད་སྲིད་པ་མ་གཏོགས།རང་གི་དཔལ་ཡོན་ལ་མཛེས་མཛེས་ལེགས་ལེགས་ཀྱི་ཞྭ་མོ་འགེབས་རྐྱང་བྱས་ཏེ་ཕྱི་བཀག་ནང་སྡོམ་གྱི་བརྟུལ་ཞུགས་བཟུང་ཚེ་རང་ལ་འཕེལ་རྒྱས་མེད་ཅིང་གཞན་གྱི་ལེགས་ཆ་མི་ལོན་པས་ཧེ་བག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ལ་ཐེ་ཚོམ་ཡེ་ནས་མི་དགོས།


དེ་ལྟ་དེ་ལྟར། དཔྱ་ཁྲལ་ལས་མངོན་པའི་རང་དབང་གི་ལྟ་བ་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཡིན། ཆབ་སྲིད་རང་དབང་གླེང་གིན་ཡོད་ལ་མི་སྒེར་གྱི་རང་དབང་ཡང་ཞོར་གྱིས་ཐོན་འདུག


ཟུར་དུ་ཞུ་བ་ཞིག་ལ། རང་རེའི་རྒྱུད་ལ་ཨ་འཐས་སུ་གྱུར་བའི་འཁོར་བ་སྙིང་བོ་མེད་པའི་ལྟ་བ་གཙོས་པའི་སྲོལ་རྒྱུན་གང་ཞིག་གནའ་ནས་དེང་གི་བར་དུ་མི་འགྱུར་ལྷུན་པོ་ལྷིང་ངེར་བཞུགས་པ་ལྟ་བུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རིག་གནས་གཅིག་གི་ལྟ་གྲུབ་ཀྱིས་མི་ལོ་སྟོང་ཕྲག་འགའ་ལ་ང་ཚོའི་སེམས་ཀྱི་བཙན་ས་བཟུང་བ་རེད་དམ་སྙམ་ན་མ་ཡིན་ཏེ། ལྟ་བ་དང་བསམ་བློ་ཅི་རིགས་ཤིག་ཚང་ཚིང་གཡུ་ལོ་ཇི་བཞིན་རྣམ་པར་བཀྲ་བ་ཡིན།《དབུ་ནག་མིའུ་འདྲ་ཆགས》ན་ཕྱི་སྣོད་ཀྱི་འཇིག་རྟེན་བརྗོད་པའི་སྐབས་སུ་ལྷོ་འཛམ་བུ་གླིང་མ་གཏོགས་པའི་གླིང་གསུམ་ཀ་ལ་འདི་ལྟར་སྡོམ་ཚིག་བཀོད་ཡོད། “དགྲ་བྱུང་རྟ་གཏོད་ཟེར་བ་མེད། གཉེན་བྱུང་ལུག་བཤོས་ཟེར་བ་མེད། ཕ་ལ་བབ་པའི་བུ་ཁྱིམ་མེད། བུ་ལ་བབ་པའི་ཕ་ཤིད་མེད།ཁོ་སྐུ་ཚེ་རིང་ཡང་སྐྱིད་རྒྱུ་མེད།” ཅེས་དེ་དག་ནི་བརྩེ་བ་དང་འདུན་པ་མེད་ལ། སྐྱེ་འཆི་དང་དད་མོས་སོགས་ལྟ་བ་མཐར་ཐུག་ལ་བསམ་བློ་ཙམ་ཡང་འཁོར་མྱོང་མེད་པའི་ཀླ་ཀློ་མཐའ་འཁོབ་ཀྱི་ཚུལ་དུ་གནས་ཤིང་། ཁོ་ཚོའི་སྤྱི་ཚོགས་ནི་ཚོན་མདངས་མེད་པའི་སྐྱི་རིས་ཤིག་དང་འདྲ་བར་ཡི་གར་མི་འོང་ཞིང་སྤྲོ་སེམས་མེད་པའི་འཁྱག་རོམ་གྱི་འཇིག་རྟེན་ཞིག་གི་སྣང་བརྙན་ང་ཚོ་ལ་བཟོ་འོང་། དེ་བས་ལྷོ་འཛམ་བུ་གླིང་གི་ཕུན་ཚོགས་བརྗོད་སྐབས། “ཕ་ལ་བབ་པའི་བུ་ཁྱིམ་ཡོད། བུ་ལ་བབ་པའི་ཕ་ཤིད་ཡོད། དགྲ་བྱུང་རྟ་གཏོད་ཟེར་བ་ཡོད།གཉེན་བྱུང་ལུག་བཤོས་ཟེར་བ་ཡོད། ཁོ་སྐུ་ཚེ་ཐུང་ཡང་སྡུག་རྒྱུ་མེད།” ཅེས་འཇིག་རྟེན་མི་ཡི་ཆོས་ལུགས་ཚིག་རྡོག་རྡོག་འགའ་ལ་བསྡུས་ནས་བརྗོད་ཅིང་། དགྲ་འདུལ་གཉེན་སྐྱོང་། དད་པའི་འཁྱེར་སོ།ཕ་བུའི་བརྩེ་འདང་སོགས་ཆེ་བ་འཇིག་རྟེན་ལྟ་ཚུལ་ནས་ཆུང་ཆུང་སྒོས་ཀྱི་ཁྱིམ་སྲིད་ཚུན་ཆད་མེད་ན་སྙིང་བོ་དོན་གྱིས་སྟོངས་པར་འདོད་པའི་བསྟན་བཅོས་འདི་ལྟ་བུ་མི་ཉུང་བ་ཡོད།


ཡང《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ནི་རང་རེའི་གནའ་བོའི་དཔེ་རྙིང་ཞིག་ཡིན། གང་དེའི་བརྗོད་དོན་གཙོ་བོ་ནི་བུ་མོ་སྲིད་ལྕམ་འཕྲུལ་མོ་གནས་ལ་འགྲོ་བར་རྫོངས་པ་ཆེ་ཆུང་གི་ཐོག་ནས་ཕ་མ་བུ་རྒྱུད་བར་ལ་གཏམ་གྱི་རྩལ་མངོན་པའི་གཏམ་རྒྱུད་ཐུང་ཐུང་ཞིག་ཡིན། དཔལ་བགོས་ལ་དོན་གྱི་ཆ་ནས་ཁག་གསུམ་སྟེ། དང་བོ་རྫོངས་པ་ཅི་ཡང་མེད་པ་ནས་ཉུང་ཙམ་ཐོབ་པ་དང་དེ་ནས་གསུམ་གཅིག་ཐོབ་པའི་བརྒྱུད་རིམ་ཁག་གསུམ་དུ་བགོ་ཆོག་པ་འདྲ། གཏམ་རྒྱུད་འདི་ནི་སྤྱི་ཚོགས་གོ་གནས་དམའ་བའི་བུ་མོ་ཞིག་རྒྱབ་ལྗོབས་ལ་བཞག་པའམ་ཁོ་མོའི་རང་ཚུགས་དང་མཐའ་འཁྱོལ་གྱི་སྙིང་སྟོབས་གཞིར་བྱས་པས་ན་ལྷག་ཏུ་རིན་ཐང་ཆེ།(མོ་དབང་རིང་ལུགས་ཟེར་བའམ་དུས་ཕྱིས་བུད་མེད་ཀྱི་ཐོབ་ཐང་དུ་མིང་འཕོས་པའི་རྩོམ་པ་མོ་སྐོར་ཞིག་ཡོད་པ་དག་གིས་གནའ་དཔེ་འདི་དང་འདི་ལྟ་བུ་ལ་དཔྱད་གཞིག་ནན་མོ་བྱས་ཏེ་སོ་སོའི་གནས་བབ་དང་བོད་ཀྱི་བུད་མེད་ཀྱི་གནས་བབ་ལ་བསམ་བློ་བཏང་ན་དོན་གྱི་ཕན་པ་ཡོད་སྙམ)


སྲིད་ལྕམ་འཕྲུལ་མོ་གནས་ལ་འགྲོ་བར“དཔལ་དང་གཡང་གི་སྐལ་བ་དགོས”ཞེས་ཞུས་ཀྱང“བུ་མོ་སྐྱེས་པ་མིའི་དཔལ། བུ་མོ་གྲུང་ཡང་མིའི་གཡོག དཔལ་གྱི་སྐལ་བ་མི་སྟེར”ཞེས་ཡབ་ནས་དང་བླང་མ་བྱས་ཤིང་། ཡུམ་གྱིས་ཀྱང“ཁྱོད་བུ་མོ་མི་དཔལ་བྱེད་པ་ལ། དཔལ་གྱི་སྐལ་བ་མི་ཡོང་ངོ”ཞེས་ཡིད་ཐང་ཆད་པའི་མྱོང་གཏམ་སྨྲས་པས་བུ་མོའི་མིག་ནས་མིག་ཆུ་ཤོར་ཡང་ཐབས་ཟད།


དེ་ལྟར་ཅི་བྱ་གཏོལ་བྲལ་གྱི་སྐབས་སུ་ལྷ་བོན་ཐོད་དཀར་གདན་དྲངས་ནས་དྲང་བདེན་གྱི་ཤན་འབྱེད་ཚུལ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་སྒྲིག་རིམ་རགས་རིམ་ཞིག་མཐོང་ཐུབ། གང་ལྟར་བུ་མོས་རང་གི་ཕ་མ་དང་མིང་བོ་བཅས་ལ་རང་གི་སྐྱིད་སྡུག་ཞུས་ཤིང་རང་དོན་མཐའ་འཁྱོལ་བྱས། བུ་མོས་གདོང་ལེན་དགོས་པ་ནི་ཁྱིམ་མིའི་འདོད་ཚུལ་ཙམ་མིན་ལ་ཁྱིམ་མི་རྣམས་ཀྱིས་སྲུང་ཞིང་འཛིན་པའང་ཁོ་རང་ཚོའི་འདོད་ཞེན་ཙམ་མིན། དེས་ན་བུ་མོའི་མདུན་དུ་ལྷགས་པ་ནི་ཕོ་མཆོག་མོ་དམན་གྱི་ལྟ་བ་སྲོག་སྙིང་དུ་འཛིན་ཞིང་སུས་ཀྱང་རྒོལ་མི་ཕོད་ལ་གཞོམ་གཞིག་བྲལ་བའི་སྲོལ་རྒྱུན་གྱི་བཙན་རྫོང་ཡིན། བཙན་རྫོང་མདུང་མོ་ཁ་གཤིབ་འདྲ་བའི་གསེབ་ཏུ་བུ་མོ་ཆུང་ཆུང་ཞིག་གིས་སེམས་ཀྱི་ཕུགས་དམིགས་བཅངས་ཏེ་འདར་ཞོར་དངངས་ཞོར་ཨུ་ཚིགས་ཀྱིས་བསྐྱོད་པའི་སྣང་བསྙན་ཞིག་མིག་ལམ་དུ་འཆར་འོང་།


གང་ལྟར་མདོ་དོན་ཧྲིལ་གྱིས་བསྡུས་ན་བུ་མོ་རང་གི་འབད་པ་ལ་བརྟེན་ནས་མཐར་དཔལ་གྱི་གསུམ་གཅིག་ཐོབ་པ་ནི་རང་གི་ཐོབ་ཐང་ཅི་དགར་མ་བསྐྱུར་བའམ་དེ་ཉིད་གལ་ཆེན་དུ་བཟུང་བས་ཡིན། གལ་ཏེ་ཁ་ཡོད་དབང་ཡོད་ལ་མགོ་སྒུར་ནས་ལས་ཀྱི་བཀོད་འདོམས་ཟེར་བ་ལ་ཡོལ་ཐབས་མེད་སྙམ་པའི་བགྱི་བ་དང་དུ་བླངས་ཚེ་མོ་རང་སྤྲང་བོའི་ཚུལ་གྱིས་མི་ཡུལ་ཆ་མེད་འགྲིམ་དགོས་པ་རེད།


གཏམ་རྒྱུད་འདི་ལས་འཇིག་རྟེན་འཁོར་བའི་ཟང་ཟིང་གི་ལོངས་སྤྱོད་ལ་བོད་མི་རང་ངོས་ནས་གལ་ཆུང་དུ་མ་རྩིས་པར་དོ་སྣང་ཆེན་པོ་བྱེད་ཅིང་། མིའི་འཚོ་བ་ནི་ཟས་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་རྨང་གཞིར་བྱས་ཤིང་དེ་ནས་རིག་གནས་དང་བསམ་བློ། ཀུན་སྤྱོད་ཀྱི་རྣམ་བཞག། སྲོལ་རྒྱུན་དང་དད་མོས་སོགས་མཐོ་རིམ་དུ་རིམ་གྱིས་འཕར་བའི་གཏོར་གཟུགས་འདྲ་བོ་ཡིན་པའི་སྣང་བསྙན་ཞིག་ཡིད་ལ་ཏན་ཏན་དུ་འཇོག་ཐུབ།


མི་ལ་ག་དུས་ཡིན་ཡང་མེད་དུ་མི་རུང་བ་གཉིས་ཡོད། གཅིག་སྟེ་འཚོ་རྟེན་དུ་གྱུར་བའི་ཁང་ཁྱིམ་གནས་མལ་ཟས་གོས་དང་གཉིས་སུ་དད་མོས་ཡིན། གང་གཙོ་གང་ཕལ་དབྱེ་ཤན་འབྱེད་དཀའ་བའི་ཚོད་དུ་གནས་ནའང་མི་རྣམས་ལ་འདམ་ཀ་མི་བྱེད་པའི་རང་དབང་ག་དུས་ཡིན་ཡང་མེད།ང་རང་གི་ལྟ་ཚུལ་ཡིན་ན་ཆོག ཡང་ན་ལྟ་ཚུལ་གཞི་བཅོལ་སའི་ནུབ་ཕྱོགས་མི་བུའི་སྐྱིད་སྡུག་གི་ལོ་རྒྱུས་ཡིན་ན་ཆོག ཐོག་མར་མི་ནི་མི་ཡི་ས་ལ་བཞག་ནས་ཁ་གྲག་དགོས་པ་ལས་སྣང་ཡན་གཏད་སོ་མེད་པའི་རང་ལྟ་གང་ཞིག་ཡིན་མདོག་བྱས་ནས་མར་གཟིགས་པའི་ཚུལ་གྱིས་མི་བུའི་བདེ་སྡུག་མི་རྟོགས། བྱ་བ་གང་ཡིན་ཡང་དེ་ལ་མཛུབ་སྟོན་གྱི་རིགས་པ་གལ་ཆེ་བ་སྨོས་མེད་ཡིན་ཀྱང་རིགས་པ་དེ་ནི་དཔྱད་པ་ཡང་ཡང་བྱས་ཤིང་དོན་དངོས་ལ་རྐང་ཚུགས་པའི་རིགས་པ་རྨ་མེད་ཡིན་པ་གལ་ཆེའོ།།


རང་རྒྱུའི་དོན་དུ་རང་སྲོག་འགྲོ་ཐུབ་ཟེར་བའི་གཏམ་དཔེ་ཞིག་གནའ་སྔ་མོ་ནས་རང་ཅག་གངས་རིའི་ཁྱོན་དུ་གྲགས་ཡོད་ཚོད་རེད། གཏམ་གྱི་ཉིང་ཁུ་བསྡུས་པའི་སྐད་ཆ་དེ་དག་ནི་མེས་རབས་ཀྱི་ཤེས་རབ་དང་བློ་སྤོབས་ལས་འཁྲུངས་པའི་འཚོ་བའི་ཉམས་མྱོང་གི་གདམ་ངག་ཡིན།


དཀའ་སྤྱད་འབད་རྩོལ་གྱིས་བསྒྲུབས་པའི་རང་གི་རྒྱུ་ནོར་ལ་གཞན་གྱི་འཚེ་བ་བྱུང་ན་སྲོག་དམར་པོས་རྒོལ་བ་བྱེད་དགོས་ཐུག་ཀྱང་ཅི་མི་སྙམ་པ་ནི་རང་གི་ཐོབ་ཐང་ནན་གྱིས་སྲུང་བའི་དཔའ་རྟགས་ཡིན། ང་ཚོའི་ཤེས་རིག་དང་སྤྱི་ཚོགས་ཁོར་ཡུག་བཅས་ལ་བསམ་བློ་བཏང་ན། བོད་པའི་འཁོར་ཡུག་ན་ཕྱི་དབུགས་མ་ཆད་ཙམ་དུ་ལུས་པའི་མི་བུ་སྒེར་ཟེར་བ་ནི་མདུང་མོ་ཕྲག་ལ་ཁུར་བའི་དཔའ་རྒོད་ཁེར་རྒྱུག་ཡིན།དོན་དུ།ཞི་བའི་ཐབས་ལམ་ཡོད་བཞིན་དུ་ཨུ་ཚུགས་ཀྱིས་མདུང་མོ་ཁུར་འདོད་མཁན་ཕལ་ཆེར་ཡོད་ཚོད་མ་རེད།ཡིན་ཡང་ཅི་ཞིག་གི་རྐྱེན་པས་རང་སྟོབས་ཨེན་ཙམ་པའི་མཐུ་ལ་རེ་ནས་རང་གི་བདེ་སྡུག་རང་ཁོ་ནས་སྲུང་བ་དང་། མི་ཞིག་གི་བདེ་སྡུག་རང་ཁོ་ན་མ་གཏོགས་སྤྱི་ཚོགས་དང་འཁོར་ཡུག་གང་ལའང་འགན་འབྲེལ་མེད་པའི་གནས་བབ་ལ་བསམ་ན་དཔའ་ངར་སྟོབས་ཀྱིས་འགྲེང་ཞིང་རང་དོན་ནན་གྱིས་སྲུང་བའི་མི་བུའི་སྣང་སྙན་དེ་དག་ནི་སྙིང་རྗེ་བོ་རྗེ་བོ་རེད།དེ་ནི་ཐབས་ཟད་པའི་ཨུ་ཚུགས་ཙམ།

དེ་ལྟ་དེ་ལྟར། ནུབ་ཕྱོགས་པར“བསེར་བུ་མི་ཁོག ཆར་ཆུ་མི་འཚག ཡིན་ཡང་རྒྱལ་པོ་ནང་དུ་འཛུལ་མི་ཆོག”ཅེས་པའི་གཏམ་དཔེ་ཡོད། རང་རེར་རང་རྒྱུའི་དོན་དུ་རང་སྲོག་འགྲོ་ཐུབ་ཟེར་བ་ཞིག་གནའ་ནས་གྲགས་ཡོད་ཚོད་རེད། དེས་ན་ནུབ་ཕྱོགས་པའི་གཏམ་དཔེ་དེའི་བབ་རས་ལ་མི་དང་ལམ་ལུགས་བར་གྱི་འབྲེལ་བ་འོ་ཆུ་འདྲེས་འདྲེས་ལྟ་བུ། མི་མང་གི་མང་མོས་ལས་ཐོན་པའི་ལམ་ལུགས་གང་ཞིག་ཡོངས་ཁྱབ་རིན་ཐང་དུ་གྱུར་བ་དང་། རིན་ཐང་དེས་སྤྱི་ཚོགས་ཧྲིལ་བོ་ཡུག་ཅིག་ལ་སྒྲིལ་ཞིང་མི་བུ་སོ་སོའི་ཐོབ་ཐང་ཡང་འགན་སྲུང་ཆེན་པོ་བྱེད་པས་སོ་སོས་རང་སྲོག་ཤོར་དོགས་ཀྱིས་སམ་འཇིགས་པས་སྲུང་བའི་དགོས་པ་ཆེར་མེད་པ་ནི་བསྐལ་བ་ཡག་པོ་རེད། དེ་ལས་ལྡོག་སྟེ། སྤྱི་ཚོགས་གང་ཞིག་ན་མི་བུའི་ཐོབ་ཐང་རང་ཁོ་ནས་སྲུང་དགོས་ཐུག་ཚེ་ཅི་ནས་ཀྱང་གཉོམ་ཆུང་ཁོས་ཞན་ཡིན་པ་སྨོས་མེད་རེད། དེ་ཡང་མི་ཞིག་གི་ཐོབ་ཐང་ཅི་མི་སྙམ་པར་རྡོག་རོལ་བཏང་ཚེ་ཁྱོད་ལ་བདའ་འདེད་གཏོང་བའི་གཞུང་སྒེར་གང་ཡང་མ་མཆིས་རུང་། ནམ་ཞིག་རང་གི་ཐོབ་ཐང་གཞན་གྱིས་སྣང་མེད་བྱས་པ་ལ་དེ་བསྟུན་གྱིས་བདའ་འདེད་བྱེད་མཁན་གང་ཡང་མེད་པ་ཆོས་ཉིད་ཡིན། མི་མིའི་བར་ལ་སྲིན་པོའི་རྟུལ་ཞུགས་བཟུང་སྟེ་བཙོག་པ་འཁོར་རྒྱུག་གི་ངན་སྲོལ་ཆགས་ཚེ་མི་སོ་སོའི་མདུན་དུ་ལྷགས་པ་ནི་སྤྱི་ཚོགས་ཧྲིལ་བོས་གྲུབ་པའི་འཇིགས་རུང་གི་སྲིན་ཚོགས་ཡིན། གང་དེའི་མཆེ་སྡེར་བར་ན་ལྷགས་པའི་མི་བུ་སྒེར་ནི་ངོ་མ་གཉོམ་པོ་མཐར་ཐུག་པ་དེའོ།


               ༢༠༡༩  ༧  ༢


①亚里士多德—-古希腊伟大的哲人
②贡斯当《古代人的自由与现代人的自由》 上海人民出版社
③1763年英国首相威廉皮特在国会的一次演讲—-《论英国人个人居家安全的权利》

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།