〈གསོལ་བ〉ཞེ་ན་ཅི་ཞིག་རེད། འདི་འདྲ་རེད།

4061

གསོལ་བ།

རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།


     དེ་སྔོན་ངེད་ཅག་ནས་〈གསོལ་བ་〉ཞེས་པའི་མིང་ཚིག་འདིའི་ནང་དོན་འཇོག་སྟངས་ནི་ཞུ་འབུལ་ཙམ་དང་། ཡང་ན་བཞེས་པ་ལ་གོ་སྟེ། དེ་མིན་གྱི་འགྲེལ་བཤད་རྒྱག་སྲོལ་དབེན། ཡིན་ནའང་། གསོལ་བ་ཞེས་པ་འདི་བོད་ཡིག་གི་ལྡེའུ་འགྲེལ་དང་བསྟུན་ན་〈གསོལ་〉དང་〈བ་〉གཉིས་གངས་ཅན་པའི་སྲིད་པ་ཆགས་གླུ་དང་འབྲེལ་བ་ཆེ་ཞིང་། གསོལ་བ་ཞེ་ན་ལྷའམ་གནམ་སའི་ནུས་པ་ག་གེ་མོ་ཞིག་ལ་འབོད་པ་དང་ཟུང་འཇུག་ཏུ་འདོད་པའི་ཆོ་ག་ཞིག་ལའོ།། དེ་ཕྱིར་གསོལ་བ་བཏབ་དང་གསོལ་བ་འདེབས་ཞེས་པའི་ཚིག་སོགས་རིམ་པར་བྱུང་ཡོད། འདིར་〈གསོལ་བ་〉ནི་འབྱུང་བ་རློང་(རླུང་)མཚོན་པའི་ན་རོ་བྱ་ཡི་གཟུགས་དང་། གསལ་བྱེད་ག་ས་ལ་གསུམ་ལས་གྲུབ་པའི་〈གསལ་〉ཡིག་དང་། 〈བ་〉ཡིག་བཅས་སོ།། གྲུབ་ཆ་འདི་གསུམ་གཞི་གཅིག་ཏུ་འཇོག་གྱུར་ན་〈གསོལ་བ་〉ཐོབ། གལ་ཏེ་གྲུབ་ཆ་གཉིས་ནས་གཙོས་གཞི་གྱུར་ཚེ་〈གསོལ་〉རྐྱང་པ་ཐོབ་བོ།། གསོལ་དང་གསོལ་བ་གཉིས་བསྡེབས་དང་གྱེས་པའི་སྒོ་ནས་བེད་སྤྱོད་གཏོང་ཆོག

   དེ་བས་གསོལ་བ་འདི་གདོད་མའི་བརྡ་རྟགས་ཀྱི་ཐོབ་ཁུངས་སུ་བཏགས་པའི་རི་མོ་ལ་བསྒྱུར་ན་དབྱངས་ན་རོ་ནི་〈བྱ་〉དང་། ཡང་ན་〈གཤོག་སྒྲོ་〉ཞིག གཞན་〈གསལ་〉ཡིག་ལ་ཞིབ་བཤད་རྒྱས་པ་ཡོད་ཀྱང་རིས་སུ་བཀོད་ན་ཐམས་ཅད་གསལ་བའང་མཐོང་ཐུབ་པའི་〈མྱིག་〉སྟེ། 〈བ་〉ཡིག་ནི་ཐིག་ལེ་(〇) ཞིག་ཏུ་ཆགས། ཐིག་ལེ་འདི་དགོས་དབང་གིས་སྐབས་རེར་ནམ་མཁའ་དང་། སྐབས་རེ་ཉི་མ་དང་། སྐབས་རེ་མོ་མཚན་དང་། སྐབས་རེར་མིག་སོགས་མཚོན་ནོ།།

     གསོལ་བ་བཏབ་ན་ནུས་པ་ཞིག་འབྱིན་པའི་བཤད་སྲོལ་གྱི་འགོ་མ་ནི་གངས་ཅན་སྲིད་པ་ཆགས་པའི་གོམ་འགྲོས་ལས་ཡོངས་སུ་བསྟུན་ཡོད་ཅིང་། གསོལ་བ་ཞེས་བྱ་བའི་ཚིག་གི་གྲུབ་ཆ་གསུམ་ཀ་བརྗོད་བྱ་རེ་རེ་བཞིན་དུ་བཀོད་ན་〈བྱ་ཁྱུང་〉དང་། 〈མྱིག་〉དང་། 〈ཉི་མ་〉གསུམ་སྟེ། ཧི་མ་ལ་ཡའི་རིག་གཞུང་དུ་འདི་གསུམ་ལས་གལ་ཆེ་བའི་མཆོད་ཡུལ་གཞན་ཞིག་མེད་པ་རེད། བྱ་ཁྱུང་རླུང་གིས་གནམ་ས་ཁ་ཕྱེ་བ་དང་། ཉི་མ་དང་གསལ་བྱེད་མྱིག་གཉིས་སྣང་ཆོས་ཀྱི་ཐོག་མའི་ཚུལ་དུ་འཇིག་རྟེན་དུ་ཤར་བའོ།། འདི་ནས་རི་བོ་གངས་ཅན་པའི་རིག་གཞུང་ཀུན་གྱི་བསྟན་པ་དར་དང་འཕེལ། དེར་བརྟེན། གདོད་མའི་སྐབས་སུ་ཉི་མ་དང་མྱིག་དང་། བྱ་ཁྱུང་གསུམ་མཆོད་པའང་བཀུར་བ་ལ་〈གསོལ་བ་〉ཞེས་འབོད་ཡིན་པ་ཐེ་ཚོམ་མེད། ཁྱད་པར་དུ་གསོལ་བ་ཞེ་ན་རང་ཚུགས་ཐུབ་པའི་གནའ་བོའི་ཆོ་ག་ཞིག་ཡིན་པ་ཤུགས་སུ་བསྟན་ཡོད། 

     གསོལ་བ་བཏབ་པའི་ཕན་ཡོན་ལ་མང་པོ་ཡོད་ཀྱང་འདི་གཙོ་བོར་གསོལ་འདེབས་པས་ནམ་འཕང་ཆོད་པའི་རླུང་རྙེད་པ། འཇིག་རྟེན་མཐོང་བའི་མིག་ཐོབ་པ། ཤིན་ཏུ་དཀར་བའི་བླ་ངོས་ཟིན་པ་བཅས་སོ།། ད་རུང་ཕན་ཡོན་ལ་རྒྱས་པ་ཡོད་ཀྱང་འདི་མ་སྤྲོས།

     དེ་སྔར་འུ་ཅག་ནས་གསོལ་བ་འདེབས་པའི་ཆོ་ག་ཐོག་མའི་རྣམ་པ་དེ་ཅི་འདྲ་ཞིག་ཡིན་པ་མི་གསལ་མོད། ཡིན་ནའང་། གསོལ་བ་ཡི་ཆོ་ག་ལ་བྱ་དང་བྱ་སྒྲོ། མྱིག་དང་། ཐིག་ལེའི་དབྱིབས་གཟུགས་ཅན་གྱི་སྣོད་ཆས་གསུམ་ངེས་པར་དུ་ཡོད་དགོས་པ་གཏན་འཁེལ། གཞན་ཡང་འདི་ལྟར་གྱི་སྲོལ་དེ་ཡང་གདོད་མའི་མཆོད་པའི་སྐབས་སུ་མཁོ་ཡིན་པ་ཁ་གསལ་པོ་རེད། འདི་གསུམ་གསོན་པོའི་འཇིག་རྟེན་དུ་སྤྱད་པ་མ་ཚད། འདས་མཆོད་སྐབས་སུའང་འཛོམས་དགོས་ཤིང་། མདོར་ན་འཆི་གསོན་གཉིས་ཀྱི་གསོལ་བ་འབོད་པའི་ཚིག་ཏུ་བྱ་དང་། མིག་དང་། ནམ་མཁའ་གསུམ་ཅི་ནས་ཀྱང་ཡོད་ངེས། 

     བོད་མིས་ཡིག་ཚགས་མང་པོའི་ནང་〈ལྷ་གསོལ། འདྲེ་མཆོད་〉ཅེས་བཤད་དེ། དོན་དུ་ལྷ་གསོལ་བ་ཉིན་དཀར་གྱི་ཆོ་ག་དང་། འདྲེ་མཆོད་པ་མཚན་མོའི་ཆོ་ག (འདི་གསོལ་དང་མཆོད་གཉིས་ངོ་བོ་རྣམ་པ་གཉིས་སུ་དབྱེ་དགོས་པའི་རྒྱུ་མཚན་རྒྱས་པ་ཞིག་ཡོད་པའི་སྐོར་ཞུགས་སུ་བཤད་དགོས།) བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀོང་རྗེ་དཀར་པོ་ལ་གནང་བའི་བཀའ་གཙིགས་(ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ་ཞིག) ལ་ཅུང་ཙམ་འཇུག་ན། “..རྐོང་དཀར་པོའི་རྗེ། གཅེན་ཀར་པོ་ནྀ། ཐོག་མ་ཡས་གཤེགས་པའི་ཚེ། །མཆེད་གཉིས་ཀྱི། སྐུ་བླ་གཉན་པོ་གསོལ་བ་དང་། སྐུ་བླ་དེ་མོ་དང་…”ཞེས་པ་ལས་“སྐུ་བླ་གཉན་པོ་གསོལ་བ་”ཞེ་ན་གསོལ་བ་འདེབས་པ་པོས་རང་གི་ལུས་ངག་ཡིད་གསུམ། ཡང་ན་གསོལ་བ་ཞེས་པའི་ཚིག་ལྟར་དུ་ན་རོ་ཡི་བྱའམ་བླ་དང་། གསལ་བྱེད་དཔྲལ་བའི་མིག་དང་། ཁོག་པོའི་ནང་གི་སྙིང་ཐིག་ལེ་གསུམ་ལྷ་ལ་འབུལ་བ་ལ་གོ་དགོས་སོ།།

     ཐོག་མའི་སྐབས་སུ་ནང་ཆོས་སུ་〈གསོལ་བ་〉ཞེས་པའི་ཆོ་ག་ཞིག་མེད་ནའང་། ནམ་ཞིག་གསོལ་བའི་ནང་དོན་དངོས་མ་དེ་གུད་དང་ཉམས་པའི་རྒྱུ་མཚན་གྱིས་〈གསོལ་བ་〉དེ་ཞུ་འབུལ་གྱི་ཐ་སྙད་ཙམ་དུ་ལོག དེ་དུས་གསོལ་བ་དང་སྨོན་ལམ་འདེབས་པའི་ཆོ་ག་རིམ་གྱིས་བྱུང་སྟེ། ཁྱད་པར་དུ་གསོལ་བ་བཏབ་ཅེས་པའི་ཆོ་གའི་ནང་དོན་མང་པོ་ཞིག་གསང་བ་སྔགས་ལུགས་སུ་དམ་པོར་འདྲེས། དེས་ན་གསོལ་འདེབས་སྨོན་ལམ་སོགས་རྣམ་པ་དུ་མ་ཞིག་བོད་བརྒྱུད་ནང་བསྟན་དུ་ལྷགས། དགེའོ།

༢༠༡༩/༡༠/༣༠


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།