སྒྱུ་རྩལ་གྱི་ལྟ་གྲུབ།(དྲུག་པ)

2524


                  རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

དྲུག་པ། འཆར་ཡན་རིང་ལུགས་པའི་དུས་སྐབས་ཀྱི་སྒྱུ་རྩལ་ལྟ་གྲུབ།

འཆར་ཡན་རིང་ལུགས་སྐབས་ཀྱི་རི་མོའི་སྒྱུ་རྩལ་སྙན་གྲགས་ཆེ་ཤོས་ཤིག

ཁོ་བོས་བསམས་ན་འཆར་ཡན་རིང་ལུགས་པའི་དུས་སྐབས་འདི་ནི་རྟོག་སད་པའི་དུས་སྐབས་ལྟར་ཅི་ཞིག་སྒྱུ་རྩལ་ཡིན་མིན་དང་། གང་ཞིག་མཛེས་སྡུག་ཡིན་མིན་དཔྱོད་པའི་ཚབ་ལ། སྒྱུ་རྩལ་ལ་ཁྱད་ཆོས་གང་དག་དགོས་མིན་ཐད་གླེང་སློང་བྱེད་པའི་དུས་སྐབས་ཤིག་རེད་སྙམ། འོན་ཀྱང་གླེང་སློང་དེ་འདྲ་དེ་སྔོན་བྱུང་མྱོང་མེད་པ་མ་ཡིན་པར་གནའ་བོའི་རྒི་རི་སིའི་མཁས་པ་ཆེན་པོ་ Plato  པི་ལེ་ཊོ་དང་Aristotle ཨ་རི་སི་ཊོ་ཊེལ་སོགས་ཀྱིས་གནད་དོན་འདི་དག་གི་ཐད་གླེང་སློང་མང་པོ་གནང་མྱོང་ཡོད། དེ་ལྟར་ན་ཡང་ཕྱིས་སུ་ཡུ་རོབ་ལ་འདིའི་ཐད་བསྐྱར་དུ་གླེང་སློང་ཤུགས་ཆེན་བྱེད་པའི་དུས་སྐབས་ནི་འདི་སྐབས་ཡིན་པར་མངོན། དེར་བརྟེན་རྟོག་སད་པའི་དུས་སྐབས་སུ་སྒྱུ་རྩལ་གྱི་སྐོར་ལ་གོ་རྟོགས་ལེན་པར་གོང་འཕེལ་ཆེན་པོ་ཐོན་ཡོད་ཀྱང་། རི་མོ་གཙོ་བོར་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དངོས་ལ་རྟོག་སད་པའི་དུས་སྐབས་ལས་ཀྱང་འཆར་ཡན་རིང་ལུགས་པའི་དུས་སྐབས་འདི་ཉིད་ཤུགས་རྐྱེན་ཆེ་བ་མིན་ནམ་སྙམ། མ་གཞི་ནས་འཆར་ཡན་རིང་ལུགས་པའི་དུས་སྐབས་ནི་གཙོ་བོ་ཚོར་སྣང་རྩལ་འདོན་བྱེད་པའི་དུས་སྐབས་ཤིག་ཡིན་པ་ལ། ཚོར་སྣང་ནི་མཐར་གཏུགས་ན་སྒྱུ་རྩལ་གྱི་ཐོག་མའི་འབྱུང་ཁུངས་དང་། བར་གྱི་བརྒྱུད་རིམ། ཐ་མའི་དམིགས་ཡུལ་གསུམ་ག་ཡིན་པས་འཆར་ཡན་རིང་ལུགས་པའི་དུས་སྐབས་འདི་ཉིད་ཕྱོགས་གཅིག་ནས་སྒྱུ་རྩལ་གྱི་དུས་སྐབས་ཤིག་ལ་ངོས་བཟུང་ན་ཡང་ཚད་ངེས་ཅན་གྱི་ཐད་ནས་ཐལ་མེད་པར་མཐོང་།

ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་ངོས་ནས་བཤད་ན་འཆར་ཡན་རིང་ལུགས་ནི་རྟོག་སད་དུས་སྐབས་ཀྱི་ལན་འདེབས་ལྟ་བུར་བྱུང་བས་ན། མཁས་པ་ཆེན་པོ་ Kant ཁན་ཊི་ནི་རྟོག་སད་པའི་དུས་སྐབས་ཀྱི་ཁོངས་སུ་གཏོགས་ན་ཡང་ཁོང་གིས་འཆར་ཡན་རིང་ལུགས་སྤྱི་དང་ལྷག་པར་འཆར་ཡན་རིང་ལུགས་པའི་སྒྱུ་རྩལ་ལྟ་གྲུབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་བཤད། དེ་ཡང་ཁན་ཊི་གིས་ genius སྐྱེས་ཐོབ་ཀྱི་ཤེས་རབ་ཁྱད་པར་ཅན་ཞེས་པ་ནི་སྒྱུ་རྩལ་གྱི་ལམ་ནས་རྟོག་འགོད་ཀྱིས་ཕྱུག་ཅིང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཐབས་ལམ་གྱིས་གནས་ལུགས་ཀྱི་གོ་རྟོགས་འདྲེན་ཐུབ་པ་ཞིག་ལ་གོ་བར་གསུངས་པས་ལྟ་གྲུབ་དེ་ཉིད་འཆར་ཡན་རིང་ལུགས་པའི་སྒྱུ་རྩལ་ལྟ་གྲུབ་ཀྱི་རྨང་གཞི་གཅིག་ཏུ་གྱུར། དེར་བརྟེན་འཆར་ཡན་རིང་ལུགས་པས་ཁྱད་དུ་འཕགས་པའི་ལག་རྩལ་ལས་བྱུང་བའི་དངོས་རིགས་ནི་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་གྱིས་གསར་བསྐྲུན་བྱ་དགོས་པ་ཞིག་ལས་གཞན་ཞིག་གིས་སློབ་ཐུབ་པ་ཞིག་མ་ཡིན་པར་འདོད། དེའི་ཤུགས་རྐྱེན་གྱིས་ France ཧྥ་རན་སི་ནས་ཡིན་པའི་སྒྱུ་རྩལ་པ་ Gustave Courbet  ཀོ་ཨེར་རྦེ་ (1819–1877) གིས། “ངས་རང་ཉིད་ཀྱི་སྒྱུ་རྩལ་སློབ་མི་ནུས་ཤིང་ལུགས་གཞན་གང་གི་ཡང་སྒྱུ་རྩལ་སློབ་མི་ནུས་པ་ནི། ངས་སྒྱུ་རྩལ་ནི་སློབ་ཏུ་ཡོད་པ་ཞིག་ཡིན་པར་ཁས་ལེན་མེད་པས་ཡིན། ཚིག་གཞན་གྱིས་བཤད་ན་ངས་སྒྱུ་རྩལ་ནི་རང་ཉིད་འབའ་ཞིག་པའི་ཁྱད་ཆོས་ཤིག་ཡིན་པར་འདོད་ཀྱི་ཡོད།” ཅེས་གསུངས་མྱོང་ཡོད།

འཆར་ཡན་རིང་ལུགས་ཀྱི་དུས་སྐབས་ནི་དུས་རབས་བཅོ་བརྒྱད་པ་ནས་བཅུ་དགུ་པའི་བར་དུ་དར་ཁྱབ་ཆེ་བའི་ལས་འགུལ་ཞིག་ཡིན་ན་ཡང་། དེའི་ཤུགས་རྐྱེན་མི་ཉུང་བ་ཞིག་ནི་ད་ལྟའི་བར་གནས་ཡོད་པ་ནི་དཔེར་ན་ད་ལྟའི་ཆར་བརྩེ་གདུང་གི་ཉམས་ལ་ romantic 浪漫 ཞེས་བརྗོད་པ་ཡང་འཆར་ཡན་རིང་ལུགས་པའི་དུས་སྐབས་ལས་བྱུང་བ་ཞིག་གོ། རྒྱུ་མཚན་དང་སྒྲིག་རིམ་རྩལ་དུ་འདོན་པའི་རྟོག་སད་པའི་དུས་སྐབས་དང་མི་འདྲ་བར་འཆར་ཡན་རིང་ལུགས་པའི་སྐབས་སུ་མཁས་པ་རྣམས་ཀྱིས་ང་ཚོས་འཇིག་རྟེན་ལ་གོ་རྟོགས་དང་རྒྱུས་མངའ་ཆ་ཚང་བ་ལེན་པར་རྒྱུ་མཚན་ཙམ་མིན་པར་ཚོར་ཤེས་དང་མྱོང་བ་བཅས་དེ་བས་ཀྱང་གལ་ཆེ་བར་འདོད། དེར་བརྟེན་འཆར་ཡན་རིང་ལུགས་ནི་སྒྱུ་མཚན་ལས་ཀྱང་ཚོར་སྣང་རྩལ་འདོན་བྱེད་པའི་དུས་སྐབས་ཤིག་གོ། དུས་སྐབས་དེར་བསམ་བློ་བ་རྣམས་ཀྱིས་ imagination རྟོག་འགོད་དང་ intuition རིག་ཤེས་ཀྱི་བརྒྱུད་ནས་སྒེར་གྱི་རང་དབང་དང་ཐོབ་ཐང་འཚོལ་གྱི་ཡོད་པས་ན། སྒྱུ་རྩལ་པ་རྣམས་ཀྱིས་ཀྱང་སྒྱུ་རྩལ་གྱི་ལམ་ནས་ཐོབ་ཐང་དང་རང་དབང་མེད་པའི་སྤྱི་ཚོགས་ཀྱི་ངོས་ཟུར་སྟོན་པར་བྱེད་པ་དང་འབྲེལ། གང་ཟག་སྒེར་ཞིག་གི་ངོ་བོ་དང་སྣང་ཚོར་གཙོ་བོར་སྟོན་པའི་སྒོ་ནས་མི་ཡི་རིགས་ཀྱི་ཉམས་མྱོང་དང་། ཚོར་སྣང་། སེམས་ཁམས་ཀྱི་གནས་བབ་མང་པོ་ཞིག་མཚོན་པར་བྱེད་ཀྱི་ཡོད། མ་ཟད་སྐབས་དེའི་སྒྱུ་རྩལ་པ་འགའ་ཤས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པར་བསྟན་ཅིང་། ཡང་འགའ་ཤས་ཀྱིས་རང་བྱུང་ཁམས་གཅིག་པུའི་ངོ་མཚར་རྣམས་སྟོན་པ་ལ་འབད་བརྩོན་བྱས་ཡོད།

འཆར་ཡན་རིང་ལུགས་པའི་སྐབས་སུ་སྒྱུ་རྩལ་གྱི་ལྟ་གྲུབ་སྨྲ་བ་སྔར་ལས་ཀྱང་མང་བར་གྱུར་པ་ལ། གལ་ཆེ་ཤོས་ཤིག་ནི་ Germany རྗེར་མི་ནི་ནས་ཡིན་པའི་མཚན་ཉིད་རིག་པ་བ་གྲགས་ཅན་ Hegel ཧེ་རྒེལ་ (1770–1831) ཞེས་པ་དེའོ།། ཁོང་ནི་འཆར་ཡན་རིང་ལུགས་པའི་དུས་སྐབས་ཀྱི་མཁས་པ་ཧ་ཅང་ཤུགས་རྐྱེན་ཆེ་བ་ཞིག་ཡིན་པ་ལ་ཁོང་གིས་མཛེས་སྡུག་དངོས་ནི་མི་ཚེའི་རང་དབང་དང་རང་བཞིན་སྟོན་པ་ཞིག་ཡིན་པ་ལ། མཚན་ཉིད་རིག་པས་དེ་ཉིད་དོན་སྤྱིའི་ཚུལ་གྱིས་སྟོན་ཅིང་། ཆོས་ལུགས་ཀྱིས་མཚོན་བྱེད་ཀྱི་རྣམ་པས་སྟོན་ལ། སྒྱུ་རྩལ་གྱིས་ཐད་ཀར་སྟོན་པར་འདོད། ཁོང་གིས་སྒྱུ་རྩལ་གྱི་ལོ་རྒྱུས་རྣམས་རིམ་པ་གསུམ་དུ་བགོས་གནང་བ་ལ། རིམ་པ་དང་པོ་ནི་ symbolic art མཚོན་བྱེད་སྒྱུ་རྩལ་དང་། གཉིས་པ་ནི་ classical art ཚད་ལྡན་གྱི་སྒྱུ་རྩལ། གསུམ་པ་ནི་ romantic arts འཆར་ཡན་གྱི་རྒྱུ་རྩལ་བཅས་ཡིན་པ་རེད། དང་པོ་ནི་རྒྱ་གར་ལ་སོགས་པ་གནའ་བོའི་ཆོས་ལུགས་ཀྱི་སྒྱུ་རྩལ་རྣམས་ཏེ། ཧེ་རྒེལ་གྱིས་གསུངས་པ་ལྟར་ན་དེ་དག་གིས་སེམས་ཁམས་སམ་མི་ཚེའི་རང་བཞིན་དངོས་སྟོན་མི་ཐུབ་པར་མཚོན་བྱེད་ཀྱི་རྣམ་པ་ཙམ་སྟོན་པས་མགོ་དང་ལག་པ་སོགས་པ་མང་བའི་འདྲ་སྐུ་རྣམས་བྱུང་། གཉིས་པ་ནི་གནའ་བོའི་རྒི་རི་སིས་བཟོས་པའི་འདྲ་སྐུ་རྣམས་ཏེ་དེ་དག་གིས་ལྷ་དང་མི་ཡི་རང་བཞིན་དངོས་བཅོས་མ་མ་ཡིན་པའི་ཚུལ་གྱིས་སྟོན། གསུམ་པ་ནི་འཆར་ཡན་རིང་ལུགས་པའི་སྐབས་ཀྱི་སྒྱུ་རྩལ་རྣམས་ཏེ་དེ་དག་གིས་བརྒྱུད་ནས་སྟོན་པའི་གནས་ལུགས་ནི་སྒྱུ་རྩལ་རང་ལ་མེད་པར་ཆོས་ལུགས་དང་མཚན་ཉིད་རིག་པ་སོགས་གཞན་ལ་ཡོད་པ་ཞིག་ཡིན་པར་གསུངས།

དེ་ལྟར་ Hegel ཧེ་རྒེལ་ལ་མཚོན་ན་སྒྱུ་རྩལ་གྱི་དགོས་ཆེད་ཀྱང་རང་བྱུང་ཁམས་འདྲ་བཤུས་བྱ་རྒྱུ་དང་། ཕ་རོལ་པོའི་ཡིད་སེམས་འགུག་པ་སོགས་མ་ཡིན་པར་སེམས་ཁམས་སམ་མི་ཚེའི་རང་བཞིན་མཐར་ཐུག་པ་སྟོན་རྒྱུ་དེ་ཡིན་པ་རེད། རྒྱུ་མཚན་དེས་ཧེ་རྒེལ་གྱིས་གནའ་བོའི་རྒི་རི་སིའི་སྒྱུ་རྩལ་ནི་ཆེས་ཕུལ་དུ་བྱུང་བ་ཡིན་པར་འདོད་པ་ཡང་། ཁོང་གིས་གནའ་བོའི་རྒི་རི་སིའི་སྒྱུ་རྩལ་གྱིས་མི་ཚེའི་རང་བཞིན་དངོས་སྟོན་ཐུབ་པར་འདོད་པས་རེད། དེས་ན་སྒྱུ་རྩལ་གྱི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཧེ་རྒེལ་ནི་དུས་རབས་ཤིག་གི་ཀྱོག་མཚམས་ཡིན་པ་སྟེ། ཁོང་གི་སྐབས་ནས་བཟུང་སྒྱུ་རྩལ་གྱི་ལྟ་གྲུབ་རྣམས་ལས་ representative theory དངོན་དངོས་མཚོན་བྱེད་ལྟ་གྲུབ་ཀྱི་མཇུག་རྫོགས་ནས་དུས་རབས་ཉི་ཤུ་པ་ནི་ expression theory སེམས་ཚོར་མངོན་སྟོན་ལྟ་གྲུབ་ཀྱིས་བཟུང་ཡོད། དེ་བཞིན་ཧེ་རྒེལ་གཙོ་བོར་གྱུར་པས་ཤུགས་རྐྱེན་ཐེབས་ཏེ་རྗེར་མི་ནི་ནས་ཡིན་པའི་སྒྱུ་རྩལ་པ་གྲགས་ཅན་ Richard Wagner རི་ཆར་ཌི་་ཝག་ནེ་(1813–83) གིས་ “ཆ་ཚང་བའི་སྒྱུ་རྩལ་གྱི་རྣམ་པ་” ཞེས་པའི་ལྟ་གྲུབ་གཞིར་བཟུང་ནས་རོལ་དབྱངས་དང་། སྙན་ངག ཉམས་འགྱུར་བཅས་མཉམ་འབྲེལ་བྱས་པའི་ཟློས་གར་གྱི་འཁྲབས་སྟོན་རྒྱ་ཆེར་སྤེལ་བ་ལ། འགའ་ཤས་ཀྱིས་ཝག་ནེ་ནི་འཆར་ཡན་རིང་ལུགས་པའི་སྒྱུ་རྩལ་པ་རྩེ་ཕུད་ལྟ་བུར་ངོས་འཛིན་སྲོལ་ཡོད། གང་ལྟར་ཡང་ཝག་ནེ་ལ་བརྟེན་ནས་ཡུ་རོབ་ལ་ཡིད་སྐྱོའི་ཟློས་གར་སླར་ཡང་དར་མགོ་ཚུགས་ཤིང་། དེང་རབས་ཀྱི་རོལ་དབྱངས་སྒྱུ་རྩལ་ལ་ཡང་ཁོང་ནི་ཧ་ཅང་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཡིན་པར་གྲགས།

ཡང་རྗེར་མི་ནི་ནས་ཡིན་པའི་མཁས་པ་སྙན་གྲགས་ཅན་ Friedrich Nietzsche ནི་ཆ་ (1844-1875) ནི་འཆར་ཡན་རིང་ལུགས་པའི་མི་སྣར་ངོས་འཛིན་མིན་གྱི་ལུགས་སྲོལ་ཅི་རིགས་པ་ཡོད་ཀྱང་། མཚན་ཉིད་རིག་པ་སྤྱི་དང་ལྷག་པར་དུ་སྒྱུ་རྩལ་གྱི་གལ་གནད་ཐད་དམིགས་བསལ་དང་ཁྱད་འཕགས་ཀྱི་ལྟ་གྲུབ་མང་ཙམ་སྤེལ་མཁན་ཞིག་ཡིན། ནི་ཆ་གིས་གནའ་བོའི་རྒི་རི་སིའི་སྒྱུ་རྩལ་ལ་བརྩི་མཐོང་ཆེ་ཙམ་བྱ་ཡི་ཡོད་པས་ན། ཁོང་གིས་གནའ་བོའི་རྒི་རི་སིའི་ལྷ་སྒྲུང་ལ་གཞིར་བཟུང་ནས་སྒྱུ་རྩལ་གྱི་ལྟ་གྲུབ་དམིགས་བསལ་བ་ཞིག་སྤེལ་གནང་ཡོད། དེ་ཡང་རྒི་རི་སིའི་ལྷ་གཙོ་བོ་ Zeus རྫེའུ་ལ་སྲས་ Apollo  ཨ་པོ་ལོ་དང་ Dionysus ཌའི་་ནའི་་སེ་སི་ཞེས་པ་སྤུན་གཉིས་ཡོད་པ་ལ། དང་པོ་ Apollo ཨ་པོ་ལོས་རྒྱུ་མཚན་དང་ལྡན་པ། ཞི་བ། མཛེས་པ་སོགས་སྒྲིག་རིམ་ལྡན་པའི་རང་བཞིན་མཚོན་ཅིང་། གཉིས་པ་ Dionysus ཌའི་་ནའི་་སེ་སི་གིས་སྒྱུ་མཚན་དང་མི་ལྡན་པ། རྙོག་ཟིང་། སེམས་ཚོར། བཟི་བ་སོགས་སྒྲིག་རིམ་མི་ལྡན་པའི་རང་བཞིན་མཚོན། ནི་ཆ་གིས་གསུངས་ན་དེ་གཉིས་ཀ་སྒྱུ་རྩལ་གྱི་རྣམ་པ་གལ་ཆེ་བ་གཉིས་ཡིན་པ་ལ། རི་མོ་དང་འདྲ་གཟུགས་སོགས་ཀྱིས་དང་པོ་གཙོ་བོར་སྟོན་ཅིང་། རོལ་དབྱངས་དང་ཞབས་བྲོ་སོགས་ཀྱིས་གཉིས་པ་གཙོ་བོར་སྟོན་གྱི་ཡོད། ནི་ཆ་གིས་གསུངས་པ་ལྟར་སྒྲིག་རིམ་ལྡན་པ་དང་མི་ལྡན་པའི་གནས་ལུགས་གཉིས་པོ་ནི་དོན་དམ་དུ་འཇིག་རྟེན་ནམ་མི་ཚེའི་གནས་ལུགས་རིགས་གཉིས་ཡིན་པས་ན་ France ཧྥ་རན་སི་ནས་ཡིན་པའི་སྙན་ངག་པ་ Paul Valery ཝ་ལེ་རི་ (1871-1945) གིས། “ཉེན་ཁ་གཉིས་ཀྱིས་འཇིག་རྟེན་ལ་རྟག་ཏུ་ཉེན་བརྡ་གཏོང་གི་ཡོད་པ་སྟེ་སྒྲིག་རིམ་ལྡན་པ་དང་སྒྲིག་རིམ་མི་ལྡན་པའོ།།” ཞེས་གསུངས་མྱོང་ཡོད།

ལྟ་གྲུབ་ཀྱི་རྨང་གཞི་དེའི་ཐོག་ནས་མཁས་པ་ཆེན་པོ་ནི་ཆ་གིས་ Apollo ཨ་པོ་ལོ་སྟེ་སྒྱུ་མཚན་དང་སྒྲིག་རིམ་ལྡན་པའི་ལྟ་གྲུབ་ཀྱིས་མི་རྣམས་ལ་རེ་བའི་དཔལ་ཡོན་སྟེར་ཞིང་། Dionysus ཌའི་་ནའི་་སེ་སི་སྟེ་སྒྱུ་མཚན་དང་སྒྲིག་རིམ་མི་ལྡན་པའི་ལྟ་གྲུབ་ཀྱིས་མི་རྣམས་ལ་རང་དབང་གི་ཚོར་སྣང་སྟེར། འོན་ཀྱང་དོན་དངོས་སུ་འཇིག་རྟེན་དང་མི་ཚེའི་རང་བཞིན་ནི་ Apollo ཨ་པོ་ལོ་ལྟར་སྒྱུ་མཚན་དང་སྒྲིག་རིམ་ལྡན་པ་ཞིག་མིན་པར་ Dionysus ཌའི་་ནའི་་སེ་སི་ལྟར་སྒྱུ་མཚན་དང་སྒྲིག་རིམ་དང་མི་ལྡན་པ་ཞིག་ཡིན་པར་གསུངས། རྒྱུ་མཚན་དེས་ནི་ཆ་གིས་མི་ཚེ་འདི་ཚོད་རན་པོ་ཡོང་བར་ང་ཚོར་སྒྲིག་རིམ་དང་ལྡན་མི་ལྡན་པའི་ལྟ་གྲུབ་དེ་གཉིས་ཀ་དགོས་ན་ཡང་། འཚོ་བའི་བདེ་སྐྱིད་དངོས་ནི་ཆོས་ལུགས་དང་མཚན་ཉིད་རིག་པ་བ་རྣམས་ཀྱིས་བཤད་པ་ལྟར་ Apollo ཨ་པོ་ལོ་སྟེ་སྒྱུ་མཚན་དང་སྒྲིག་རིམ་ལྡན་པའི་ལྟ་གྲུབ་ཀྱིས་ཡིད་དྲངས་ཏེ་སྤྱི་ཚོགས་ནས་བྲོས་པ་ལས་རྙེད་ཐུབ་པ་ཞིག་མ་ཡིན་པར་མི་ཚེའི་གནས་ལུགས་དངོས་ Dionysus ཌའི་་ནའི་་སེ་སི་སྟེ་སྒྱུ་མཚན་དང་སྒྲིག་རིམ་མི་ལྡན་པའི་རང་བཞིན་ཉིད་ཅི་ལྟར་ཡིན་པ་དེ་ལྟར་དང་དུ་ལེན་པའི་སྒོ་ནས་གདོང་གཏུགས་པ་ལས་རྙེད་པར་གསུངས། ནི་ཆ་ལྟར་ན་རོལ་དབྱངས་ཀྱི་སྒྱུ་རྩལ་གྱིས་ཕྱི་མའི་ནུས་པ་ཤུགས་ཆེར་འདོན་ཐུབ་པས་ཁོང་གིས་རོལ་དབྱངས་ལ་ཚད་མཐོན་པོའི་བསྔགས་བརྗོད་གནང་བ་དཔེར་ན་རོལ་དབྱངས་མེད་པའི་མི་ཚེ་ནི་ནོར་འཁྲུལ་ཞིག་རེད་ཅེས་གསུངས་མྱོང་ཡོད། འོན་ཀྱང་ཡིད་སྐྱོའི་ཟློས་གར་གྱི་ནང་དུ་ Apollo ཨ་པོ་ལོ་དང་ Dionysus ཌའི་་ནའི་་སེ་སི་གཉིས་ཀའི་རང་བཞིན་ཆ་སྙོམས་པོ་སྟོན་པས་ན་ནི་ཆ་གིས་ཡིད་སྐྱོའི་ཟློས་གར་གྱི་སྒྱུ་རྩལ་ཡང་ཧ་ཅང་གལ་ཆེ་བར་གསུངས།

ཡང་རྣམ་པ་གཅིག་ཏུ་ན་ནི་ཆ་ལྟར་ན་མི་ཚེའི་གནས་ལུགས་དངོས་ནི་ནང་ཆོས་ནས་བཤད་པ་ལྟར་ཉོན་མོངས་དང་སྡུག་བསྔལ་དྲག་པོས་གང་བ་ཞིག་ཡིན་པས་ན་རྟག་ཏུ་དེའི་གནས་ལུགས་དངོས་ལ་གདོང་གཏུགས་ནས་འཚོ་བ་ནི་ཧ་ཅང་དཀའ། དེར་བརྟེན་ནི་ཆ་གིས། “མཚན་ཉིད་རིག་པ་བ་ཞིག་གིས་བཟང་པོ་དང་མཛེས་པ་གཉིས་ནི་གཅིག་རེད་ཅེས་ཟེར་ན་ཞབས་འདྲེན་རེད་ལ། ད་དུང་དེའི་ཐོག་ཏུ་ཁོ་པས་བདེན་པ་ཡང་བསྣན་ན་ཁོ་ནི་བརྡུང་འོས་པ་ཞིག་རེད། དོན་དུ་བདེན་པ་ནི་མདོག་ཉེས་པོ་རེད་ལ། ང་ཚོར་སྒྱུ་རྩལ་ཡོད་པ་ཡང་གལ་ཏེ་དེ་མེད་ན་ང་ཚོ་བདེན་པའི་རྐྱེན་གྱིས་འཆི་འགྲོ།” ཞེས་གསུངས་མྱོང་ཡོད་ཅིང་། ཐ་ན་ཁོང་གིས་སྒྱུ་རྩལ་ནི་དོན་དུ་རྫུན་ཞིག་དང་སྒྱུ་རྩལ་པ་ནི་རྫུན་བཟོ་པ་ཡིན་པར་ཡང་གསུངས་མྱོང་བར་བཤད། གང་ལྟར་ཡང་ནི་ཆ་ནི་སྒྱུ་རྩལ་ལ་ཧ་ཅང་ཐུགས་མཉེས་ཆེ་བས་ཁོང་གིས་སྒྱུ་རྩལ་ནི་མི་ཡི་རིགས་ཀྱི་བྱ་བ་ཚད་མཐོ་ཤོས་དེ་ཡིན་པ་དང་། ང་ཚོའི་འཇིག་རྟེན་འདི་ཡང་རང་ཉིད་ཀྱིས་རང་ཉིད་བཟོ་སྐྲུན་བྱེད་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པར་གསུངས། མདོར་ན་སྔར་གྱི་སྒྱུ་རྩལ་སྨྲ་བ་རྣམས་དང་མི་འདྲ་བར་ཁོང་གིས་སྒྱུ་རྩལ་གང་ཡིན་པ་དང་མཛེས་སྡུག་གང་ཡིན་པ་འདྲི་བ་སོགས་ཀྱི་ཚབ་ལ་མི་ཡི་རིགས་ཀྱི་སྤྱི་ཚོགས་སུ་སྒྱུ་རྩལ་གྱིས་ནུས་པ་དང་གལ་གནད་ཅི་ཞིག་འདོན་ཐུབ་པའི་སྐོར་ལ་དོ་སྣང་ཆེན་པོས་གླེང་སློང་གནང་ཡོད་ཅིང་། ནི་ཆ་གིས་གསུངས་པའི་ལྟ་གྲུབ་རྣམས་ནི་ད་ལྟ་ཡང་སྒྱུ་རྩལ་གྱི་ལྟ་གྲུབ་དང་ལོ་རྒྱུས་སྨྲ་བར་ཧ་ཅང་གལ་ཆེ་བའི་ལེ་ཚན་ཞིག་གི་རྣམ་པར་མུ་མཐུད་གནས་ཡོད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།