སྒྱུ་རྩལ་གྱི་ལྟ་གྲུབ།(ལྔ་པ)

876


                          རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

ལྔ་པ། རྟོགས་སད་དུས་སྐབས་ཀྱི་སྒྱུ་རྩལ་ལྟ་གྲུབ།


ཨི་མ་ནུ་ཨེལ་ཁན་ཊི། (1724-1804)

དེང་རབས་ཀྱི་སྒྱུ་རྩལ་ལྟ་གྲུབ་ནི་དུས་རབས་བཅུ་བདུན་པའི་མཇུག་ཙམ་དུ་མགོ་ཚུགས་པར་གྲགས། དེ་ཡང་སྐབས་དེ་ནི་ཡུ་རོབ་ལ་རྟོགས་སད་པའི་དུས་སྐབས་ཞེས་པ་དེ་ཐོག་མར་ཚེས་པའི་སྐབས་ཡིན་པས་ན། དུས་སྐབས་དེའི་མཁས་པ་རྣམས་ཀྱིས་ཆོས་ལུགས་དང་མཚན་ཉིད་རིག་པ་ཁོ་ནའི་གླེང་གཞིར་གྱུར་པའི་ལྐོག་གྱུར་གྱི་ཆོས་རྐྱང་ལ་འགྲེལ་བརྗོད་བྱེད་པའི་ཚབ་ལ་འཇིག་རྟེན་གྱི་སྐྱེ་བོ་སྤྱི་ལ་མཐོང་ཆོས་སུ་གྲུབ་ཅིང་། ཉིན་རེའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དངོས་པོ་གལ་ཆེན་མང་པོ་ཞིག་ལ་ཚན་རིག་དང་མཐུན་པའི་གོ་རྟོགས་ལེན་ཐབས་དང་འགྲེལ་བརྗོད་བྱ་ཐབས་བྱས་ཡོད། བསམ་བློའི་ཁོར་ཡུག་དེ་འདྲ་ཞིག་གི་ཁྲོད་ནས་སྐབས་དེའི་མཁས་པ་མི་ཉུང་བ་ཞིག་གིས་ཅི་ཞིག་སྒྱུ་རྩལ་ཡིན་པ་དང་། གང་ཞིག་མཛེས་སྡུག་ཡིན་མིན་སོགས་ཀྱི་སྐོར་ལ་མི་ཡི་རིགས་ཀྱི་བློ་སྒོ་གསར་པ་འབྱེད་པའི་དཔྱད་རྩོམ་དང་དཔེ་དེབ་མི་ཉུང་བ་ཞིག་བྲིས་གནང་བས། ཁོ་བོས་བསམས་ན་སྒྱུ་རྩལ་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་རྟོག་སད་པའི་དུས་སྐབས་ནི་སྒྱུ་རྩལ་གསར་བཟོ་བྱེད་པ་སོགས་ཀྱི་ཚབ་ལ་གཙོ་བོ་སྒྱུ་རྩལ་ལ་གོ་རྟོགས་ཆ་ཚང་བ་ལེན་ཐབས་བྱེད་པའི་དུས་སྐབས་ཤིག་ཏུ་མཐོང་།


དེ་ལ་ཐོག་མར་དབྱིན་ལན་ཌིའི་མཚན་ཉིད་རིག་པ་བ(Shaftesbury)ཤཧྥ་ཚ་རྦེ་རི་(1671-1713) ཞེས་པས་མཛེས་སྡུག་དང་བཟང་པོ་གཉིས་ནི་དངོས་པོ་རིགས་མི་འདྲ་བ་གཉིས་མ་ཡིན་པར་དངོས་པོ་གཅིག་གི་ངོས་མི་འདྲ་བ་གཉིས་ཡིན་པ་དང་། དེ་ཐམས་ཅད་ཀྱི་མཐར་ཐུག་གི་འབྱུང་ཁུངས་ནི་ལྷ་ཆེན་པོ་ཡིན་པར་གསུངས།  དེས(Francis Hutchinson)ཧ་ཆིན་སུན་1660 – 1739) ལ་ཤུགས་རྐྱེན་ཐེབས་པས། ཧ་ཆིན་སུན་གྱིས་ཤཧྥ་ཚ་རྦེ་རིའི་གསུང་དེ་ལ་མོས་མཐུན་གནང་ན་ཡང་ཧ་ཆིན་སུན་གྱིས་མཛེས་སྡུག་དང་བཟང་པོ་བཅས་ནི་ལྷ་ཆེན་པོ་ཁོ་ན་ལས་བྱུང་བ་མ་ཡིན་པར་འགྲོ་བ་མི་ལ་ཡང་མཛེས་སྡུག་དང་འཆམ་མཐུན་ཡོད་པར་གསུངས། ལྷག་པར(Hutchinson)ཧ་ཆིན་སུན་གྱིས་མཛད་པ་སྟེ། << Inquiry Concerning Beauty, Order, Harmony and Design མཛེས་སྡུག་དང་། སྒྲིག་རིམ་ལྡན་པ། འགྲིག་པོ། མཛེས་བཀོད། >> ཅེས་པའི་དཔེ་དེབ་ནི་མཛེས་དཔྱོད་ཀྱི་བརྗོད་གཞིའི་ཐད་ལ་སྒྲིག་རིམ་ལྡན་པའི་ཡིག་ཆ་དང་པོར་ངོས་འཛིན་བྱེད་སྲོལ་ཡོད། ཁོང་གིས་དེའི་ནང་དུ་དངོས་པོ་ཞིག་མཛེས་སྡུག་ལྡན་པ་ཡིན་མིན་ང་ཚོས་ཇི་ལྟར་བཤད་ཐུབ་བམ། དེ་ལྟར་བཤད་པར་ང་ཚོར་རྨང་གཞི་ཅི་ཞིག་ཡོད་དམ། སྒྲུབ་བྱེད་ཅི་ཞིག་ཡོད་དམ། ཞེས་སོགས་ཀྱི་གནད་དོན་ཐད་ལ་དེ་སྔོན་གྱི་མཁས་པ་གཞན་ལས་ཀྱང་ལྷག་པའི་རྩལ་འདོན་གནང་བ་དེས་དེང་རབས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཡར་རྒྱས་འགྲོ་བའི་རྨང་གཞི་བརྟན་པོར་ཚུགས།


དེ་ཙམ་དུ་སྟེ་སྤྱི་ལོ་༡༧༡༢ ལོར་དེང་རབས་མཛེས་རྣམ་མམ་སྒྱུ་རྩལ་གྱི་ལྟ་གྲུབ་སྨྲ་བ་གལ་ཆེན (Joseph Addison)རྗོ་སིཧྥ་་ཨེ་ཌི་སུན་ (1672 – 1719) གྱིས་ཀྱང་མཛེས་རྣམ་གྱི་ལྟ་གྲུབ་སྟོན་པའི་རྩོམ་ཡིག་གལ་ཆེན་ཁག་ཅིག་སྤེལ་བ་ལ། (Joseph Addison)ཨེ་ཌི་སུན་གྱིས་དབྱིན་སྐད་དུ་tasteཞེས་བརྗོད་པ་སྟེ་སྒྱུ་རྩལ་ཅི་ཞིག་མཛེས་པ་ཡིན་པ་དང་། ཅི་ཙམ་མཛེས་པ་སོགས་དཔྱོད་པའི་བློ་གྲོས་ནི་བསམ་བློའི་འཆར་སྣང་གི་ཁྲོད་ནས་རྙེད་པའི་བདེ་བ་ཞིག་ཡིན་པར་གསུངས་ནས། འབྲིང་རིམ་མི་སྣ་གཙོ་བོར་གྱུར་པ་ལ་བདེ་སྐྱིད་དེ་འདྲ་ལ་ལོངས་སུ་སྤྱོད་པར་སྐུལ་མ་གནང་ཡོད། ཁོང་གིས་བདེ་བ་དེ་ཉིད་གཙོ་བོ་རྩོམ་རིག་ལས་རྙེད་ཚུལ་རྩལ་དུ་བཏོན་ནས་གསུངས་ན་ཡང་དེས་རི་མོ་དང་རོལ་དབྱངས་སོགས་སྒྱུ་རྩལ་གྱི་རིགས་གཞན་གྱི་ལྟ་གྲུབ་གོང་འཕེལ་འགྲོ་བར་ཡང་ནུས་པ་ཆེན་པོ་ཐོན་པར་བཤད། (Joseph Addison)ཨེ་ཌི་སུན་གྱིས་རྩལ་དུ་བཏོན་པའི་སྒྱུ་རྩལ་གྱི་ལྟ་གྲུབ་ཅིག་ནི(sublime)རྔམ་བརྗིད་ཅེས་པ་སྟེ་དེ་ནི་ཕལ་ཆེར་གཟི་བརྗིད་དང་དོན་འདྲ། རྔམ་བརྗིད་ལྡན་པའི་དངོས་པོའི་རིགས་ལ་མཛེས་སྡུག་གི་རྣམ་པ་ཡང་ཡོད་ཆོག་ན་ཡང་གཙོ་བོ་རླབས་ཆེ་བས་ན་དེ་དག་གིས་ང་ཚོར་གནས་སྐབས་ཉེན་ཁ་མེད་ཀྱང་འཇིགས་སྣང་གི་ཚོར་བ་ཅུང་ཟད་ཅིག་སྦྱིན་པར་བྱེད་པ་སྟེ། དཔེར་ན་རྩེ་མཐོ་བའི་རི་བོ་དང་། གཏིང་ཟབ་པའི་རྒྱ་མཚོ། མངའ་ཐང་ཆེ་བའི་རྒྱལ་པོ་ལྟ་བུའོ།།


(Hutchinson)ཧ་ཆིན་སུན་དང་དུས་མཉམ་པ་སྟེ། (Germany)རྗེར་མི་ནི་ནས་ཡིན་པའི་བསམ་བློ་བ(Alexander Baumgarten)རྦོམ་རྒར་ཊེན་ (1714–1762) ནི་དབྱིན་སྐད་དུ་ཡོངས་སུ་གྲགས་པ( Aesthetic)ཞེས་པ་མཛེས་རྣམ་མམ་མཛེས་དཔྱོད་ཅེས་པའི་ཚིག་འདི་ཐོག་མར་དར་སྤེལ་གནང་མཁན་ཡིན་པར་གྲགས། ཁོང་གིས་སྒྱུ་རྩལ་དང་མཛེས་སྡུག་ནི་ཚོར་བ་སྐྱེན་པོ་དང་རྒྱུ་མཚན་རང་བཞིན་གྱི་རིག་པ་གཉིས་ཀྱི་བར་དུ་གནས་པ་ཞིག་ཡིན་པས་དཔེར་ན་སྐྱ་རེངས་ཀྱི་འོད་ཀྱིས་ང་ཚོ་མུན་པ་ནས་ཉི་འོད་དུ་ཁྲིད་པ་བཞིན་དུ་སྒྱུ་རྩལ་གྱིས་ཀྱང་ང་ཚོ་རྒྱུ་མཚན་ལྡན་པའི་གོ་རྟོགས་ཀྱི་ཀློང་དུ་ཁྲིད་པར་གསུངས། ད་དུང་རྦོམ་རྒར་ཊེན་གིས་སྒྱུ་རྩལ་ནི་རང་བྱུང་ཁམས་ཀྱི་འདྲ་བཤུས་ཙམ་མིན་པར་དེ་ལ་གསར་གཏོད་ཧ་ཅང་གལ་ཆེ་བར་གསུངས་ནས། ཁོང་གིས་སྒྱུ་རྩལ་བས་རང་བྱུང་ཁམས་ཀྱི་རྣམ་པ་ལ་རང་ཉིད་ཀྱི་ཚོར་བ་བསྣན་ཏེ་དེའི་བརྒྱུད་ནས་འཇིག་རྟེན་གྱི་རྣམ་པ་དམིགས་བསལ་བ་རེ་ཤར་དུ་བཅུག་དགོས་པར་གསུངས། མདོར་ན་རྦོམ་རྒར་ཊེན་གིས་སྒྱུ་རྩལ་ལ་གསར་གཏོད་དང་སེམས་ཚོར་གཉིས་ཧ་ཅང་གལ་ཆེ་བར་གསུངས་པ་དེས་དེང་རབས་ཀྱི་སྒྱུ་རྩལ་ལ་སྔར་ལས་ལྷག་པའི་གོང་འཕེལ་ཆེན་པོ་ཐོན་ཡོད། མ་ཟད་ཁོང་གི་མཛེས་དཔྱོད་ཀྱི་ལྟ་གྲུབ་ཀྱིས་དེང་རབས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་མཁས་པ (Immanueal Kant)ཁན་ཊི་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་པར་བཤད།


དེ་ཡང(Germany)རྗེར་མི་ནི་ནས་ཡིན་པའི(Immanueal Kant)ཨི་མ་ནུ་ཨེལ་ཁན་ཊི་ (1724-1804) དང་། སི་ཀོཊ་ལེན་ཌི་ནས་ཡིན་པའི(David Hume)ཌེ་ཝིཌ་ཧུམ་(1711–76) གཉིས་ནི་དེང་རབས་ཀྱི་སྒྱུ་རྩལ་གྱི་ལྟ་གྲུབ་སྨྲ་བ་གལ་ཆེ་ཤོས་གཉིས་ཡིན་པ་ལ། གཉིས་པོས་སྒྱུ་རྩལ་རིག་པའི་ལྟ་གྲུབ་ཀྱི་དྲི་བ་གལ་ཆེ་ཤོས་ཤིག་ལ་ལན་འདེབས་ཐབས་གནང་ཡོད། དྲི་བ་དེ་ནི་མི་སོ་སོར་བཟང་ངན་གྱི་སྤུས་ཚད་འཇལ་ཚུལ་དང་། དགའ་ཕྱོགས་མི་འདྲ་བ་ཡོད་པས་སྒྱུ་རྩལ་ཞིག་གི་སྤུས་ཀ་ཅི་ཙམ་བཟང་པོ་ཡིན་མིན་ནི་རང་རང་སོ་སོའི་དགའ་ཕྱོགས་ཙམ་ཡིན་ནམ། ཡང་ན་དེ་ཙམ་མིན་པར་སྒྱུ་རྩལ་རང་ངོས་ནས་སྤུས་ཚད་བཟང་ངན་ཡོད་པ་གང་ཡིན་ཞེས་པ་དེ་རེད། མཁས་པ་དེ་གཉིས་ཀས་སྒྱུ་རྩལ་བཟང་ངན་ནི་གང་ཟག་གི་སེམས་ཚོར་ཙམ་མིན་པར་སྒྱུ་རྩལ་གྱི་བརྩམས་ཆོས་རང་ལ་སྤུས་ཀའི་ཚད་གཞི་མི་འདྲ་བ་ཡོད་པར་འདོད་ཅིང་། དེ་བཞིན་སྒྱུ་རྩལ་ལ་དགའ་མཁན་དག་གིས་སྒྱུ་རྩལ་ལ་དགའ་སྟངས་ཀྱི་ཚད་གཞི་ཡང་མི་འདྲ་བ་ཡོད་པར་འདོད། དེ་ལྟར་ན་ཡང(Hume)ཧུམ་གྱིས་གཙོ་བོ་སྒྱུ་རྩལ་བཟང་ངན་འབྱེད་པའི་བློ་གྲོས་རྩལ་དུ་བཏོན་ནས་གསུངས་ཤིང་། (Kant)ཁན་ཊི་གིས་མཛེས་སྡུག་ཅེས་པ་དེ་ཅི་ཞིག་ཡིན་རྩལ་དུ་བཏོན་ནས་གསུངས།


(David Hume)ཌེ་ཝིཌ་ཧུམ་གྱིས་གསུངས་ན་སྒྱུ་རྩལ་གྱི་ཚད་གཞི་འཇལ་བའི་མི་རྣམས་ལ་ཤེས་ཡོན་དང་ཉམས་མྱོང་གཉིས་ཧ་ཅང་གལ་ཆེ་བ་སྟེ། གལ་སྲིད་དེ་དག་ལ་སྒྱུ་རྩལ་དང་འབྲེལ་བའི་རིག་གནས་ཀྱི་སྐོར་ལ་ཤེས་ཡོན་དང་། དེའི་སྐོར་ལ་བསམ་གཞིགས་དང་གོ་རྟོགས་ལེན་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ན་སྒྱུ་རྩལ་གང་ཞིག་གི་སྤུས་ཚད་བཟང་མིན་ཐད་དེ་རྣམས་ཁས་ལེན་གཅིག་མཐུན་བྱུང་སྟེ་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་ལ་འཇིག་རྟེན་རང་བཞིན་གྱི་སྤུས་ཚད་དམ་རིན་ཐང་གཏན་འབེབས་ཡོང་བར་གསུངས། མདོར་ན(Hume)ཧུམ་ལྟར་ན་སྒྱུ་རྩལ་གྱི་རིན་ཐང་ནི་ཡུལ་ངོས་ལས་ཀྱང་གཙོ་བོ་ཡུལ་ཅན་གང་ཟག་གི་ངོས་ནས་བྱུང་བ་ཞིག་དང་། དེ་ཡང་ཡུལ་ཅན་གྱི་གང་ཟག་དག་གི་ལྟ་བ་དང་བསམ་བློའི་མཐུན་ཆ་ལས་བྱུང་བ་ཞིག་ཡིན་པ་རེད། གཞན་ཡང་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་ལ་དགའ་བདེའི་ཚོར་སྣང་སྟེར་བ་ལས་ལྷག་པའི་མཁོ་སྤྱོད་ཡོད་མེད་ཐད་སྒྱུ་རྩལ་ལྟ་གྲུབ་སྨྲ་བ་རྣམས་ལ་ལྟ་ཚུལ་མི་འདྲ་བ་རེ་ཡོད་པ་ལ། (Hume)ཌེ་ཝིཌ་ཧུམ་གྱིས་འགྲོ་བ་མི་ཡིས་བཟོ་སྐྲུན་བྱས་པ་ཡོད་དོ་ཅོག་ལ་དགོས་མཁོ་ངེས་ཅན་ཞིག་ཡོད་པས་ན་སྒྱུ་རྩལ་གྱི་བརྩམས་ཆོས་རེ་ཟུང་ཙམ་ལས་ཕལ་མོ་ཆེ་ལ་དགའ་བདེའི་ཚོར་སྣང་སྟེར་བ་ཙམ་མིན་པར་གོ་རྟོགས་སྤེལ་བ་སོགས་མཁོ་སྤྱོད་ཀྱི་དགོས་ཆེད་ཡོད་པར་གསུངས། (Hume)ཧུམ་རང་ཉིད་ལྟར་ན་ཚད་མཐོ་ཤོས་ཀྱི་སྒྱུ་རྩལ་ནི་སྙན་ངག་ཡིན་པ་རེད།


གཅིག་ཤོས(Immanueal Kant)ཁན་ཊི་གིས་མཛེས་རྣམ་མམ་མཛེས་སྡུག་དཔྱོད་པ་ལ་ཁྱད་ཆོས་བཞི་ཡོད་པར་གསུངས་པ་ནི་རྙོག་འཛིང་ཆེ་ཡང་གལ་ཆེ་བས་གོ་སླ་ཐབས་བྱས་ཏེ་བཤད་པར་འདོད། བཞི་པོ་ལས་དང་པོ་ནི་སྤྲོ་བ་མེད་པ་སྟེ། དེ་ཡང་དངོས་པོ་དེ་ཉིད་ཀྱི་མཛེས་སྡུག་ལ་བསམ་གཞིགས་ཀྱི་ཀློང་ནས་རོལ་བ་ཙམ་གྱིས་ཆོག་པ་ལས་དངོས་པོ་དེ་ཉིད་དངོས་སུ་གཞི་གྲུབ་ཡོད་མེད་ཐད་ཤེས་འདོད་མེད་པའམ་གལ་ཆེན་མིན་པ་ལ་གོ། གཉིས་པ་ནི་དགོས་ཆེད་མེད་པའི་དགོས་ཆེད་དེ། དེ་ཡང་ཐབ་ཚང་ནང་གི་སྔོ་ཚལ་ལྟ་བུ་ནི་བཟའ་བའི་ཆེད་དུ་ཡིན་ན་ཡང་། མཛེས་སྡུག་ལ་དེ་འདྲའི་དགོས་ཆེད་མེད་ཅིང་། དགོས་ཆེད་མེད་པ་ཡང་མ་ཡིན་པར་མཛེས་སྡུག་ནི་མཛེས་སྡུག་གི་རྣམ་པར་གྲུབ་པ་ཙམ་གྱིས་དེའི་དོན་གོ་ཆོད་པ་ལྟ་བུ་ལ་གོ།  གསུམ་པ་ནི་ཀུན་ཁྱབ་ཀྱི་རང་བཞིན་ཏེ། ང་ཚོས་སྒྱུ་རྩལ་ལྟ་བུ་དངོས་པོ་གང་ཞིག་མཛེས་པོ་ཡིན་མིན་བཤད་སྐབས་ང་ཚོ་ལ་དེ་ནི་རང་ཉིད་སྒེར་གྱི་ལྟ་ཚུལ་ཙམ་ཡིན་པའི་འདུ་ཤེས་མེད་པར་མཛེས་པོ་ཡིན་མིན་དེ་ཉིད་ཐུན་མོང་གི་ངོར་དངོས་སུ་གྲུབ་པ་ལྟ་བུའི་འདུ་ཤེས་ཡོད་པ་ལ་གོ། བཞི་པ་ནི་དེ་ལྟར་མཛེས་རྣམ་དཔྱོད་པའི་ཐབས་ལ་ཚད་གཞི་ཞིག་ངེས་པར་དགོས་པ་ལྟར་ཡིན་ཀྱང་། ཡུལ་ངོས་ནས་དེ་འདྲའི་ཚད་གཞི་འཇོག་ཏུ་མེད་པས་གང་ཟག་གི་སེམས་ཁམས་ཀྱི་ཀློང་ནས་དེའི་མཛེས་སྡུག་གི་དཔལ་ཡོན་ལ་རོལ་ཚུལ་ཁོ་ནས་མཛེས་སྡུག་གི་དཔྱད་པ་ལ་མཇུག་སྡོམ་བྱེད་པར་གོ།


མདོར་ན(Kant)ཁན་ཊི་ལྟར་ན་གལ་ཏེ་ང་ཚོས་སྐྱེད་ཚལ་གྱི་ནང་དུ་ཀུ་ཤུ་མཛེས་པོ་ཞིག་སྐྱེས་པ་མཐོང་ནས་ང་ཚོས་ཀུ་ཤུ་དེ་ཟོས་པ་ཡིན་ན་དེ་ནི་ང་ཚོས་ཀུ་ཤུ་དེ་ཡི་མཛེས་སྡུག་བེད་སྤྱོད་ལོག་པར་བཏང་བ་ཞིག་ཡིན་པས་ན། མཛེས་སྡུག་གི་རིན་ཐང་དངོས་ནི་ང་ཚོས་དངོས་པོ་དེའི་བེད་སྤྱོད་དང་དགོས་མཁོ་ལ་མ་བསམས་ཤིང་། ཐ་ན་དངོས་པོ་དེའི་མཛེས་སྡུག་གིས་ང་ཚོ་ལ་སྤྲད་པའི་ཚོར་བདེ་ལ་ཡང་ང་ཚོས་འདོད་པ་དང་ཆགས་པ་མེད་པར་དེའི་མཛེས་སྡུག་རང་ལ་གུས་པ་དང་གཅེས་སྤྲས་བྱེད་ཐུབ་ན་ད་གཟོད་ང་ཚོས་མཛེས་སྡུག་ལ་ཚུལ་བཞིན་དུ་ལོངས་སྤྱད་པ་ཞིག་ཡིན་པ་རེད། དེར་བརྟེན(Kant)ཁན་ཊི་གིས་གསུངས་པ་ལྟར་ན་གལ་སྲིད་ང་ཚོས་བུད་མེད་མཛེས་མ་ཞིག་གི་རི་མོ་ལ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ་བལྟས་པ་ཡིན་ན་ང་ཚོས་རི་མོ་དེའི་མཛེས་སྡུག་དངོས་ལ་གཅེས་སྤྲས་མ་བྱས་པ་ཞིག་ཡིན་པ་རེད། འོན་ཀྱང་ལྟ་ཚུལ་འདི་ལ་མོས་མཐུན་མི་བྱེད་མཁན་ཡོད་པ་ཡང་བཤད་མ་དགོས། གང་ལྟར་ཡང(Kant)ཁན་ཊི་གིས་རྩལ་དུ་བཏོན་པའི་མཛེས་རྣམ་གྱི་ལྟ་གྲུབ་དེ་ཉིད་ཀྱིས་དེ་རྗེས་བྱུང་བའི་སྒྱུ་རྩལ་སྨྲ་བ་གྲགས་ཅན་མང་པོར་ཤུགས་རྐྱེན་ཐེབས་ནས་དུས་རབས་ཉི་ཤུ་པའི་ནང་དུ་སྒྱུ་རྩལ་བ་རིགས་འདྲ་མིན་མང་པོ་བྱུང་སྟེ་དེ་སོ་སོས་མཛེས་རྣམ་དང་སྒྱུ་རྩལ་གྱི་ལྟ་གྲུབ་མི་འདྲ་བ་རེ་སྤེལ་ན་ཡང་མཛེས་རྣམ་གྱི་གཞི་རྩའི་ལྟ་བ་ནི(Kant)ཁན་ཊི་གིས་གསུངས་པ་ལྟར་འདོད་པར་བཤད།


ལྷག་པར(Kant)ཁན་ཊི་གི་ལྟ་གྲུབ་ཀྱིས(Germany)རྗེར་མི་ནི་རང་ནས་ཡིན་པའི་མཚན་ཉིད་རིག་པ་བ་གྲགས་ཅན(Friedch von Schiller)ཤིལ་ལེ་ (1759– 1805) ལ་ཤུགས་རྐྱེན་ཐེབས་པ་སྟེ། (Schiller)ཤིལ་ལེ་གིས་མཛེས་སྡུག་དངོས་ནི་མི་ཡི་རིགས་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་བཅོས་བསྒྱུར་བྱས་པའི་སྒོ་ནས་ཁྱད་དུ་འཕགས་པའི་མིར་འགྱུར་ཐུབ་པ་ཉིད་ཡིན་ཅིང་། དེ་ལྟར་ཡོང་བར་དོན་དམ་གྱི་རང་དབང་ནི་ཧ་ཅང་གལ་ཆེ་བའི་ཐབས་ལམ་ཞིག་ཡིན་པ་དང་། དོན་དམ་གྱི་རང་དབང་ཐོབ་པའི་ཐབས་ལམ་ཡག་ཤོས་ནི་སྒྱུ་རྩལ་ཡིན་པ་ཡང་སྒྱུ་རྩལ་གྱིས་ཆབ་སྲིད་ཀྱི་བཙན་གནོན་ཡང་བརྒལ་བར་ནུས་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས། དེ་ནི་ཨ་རིའི་སྲིད་འཛིན(Obama)ཨོ་བྷ་མས(Vietnam)ཝེཏ་ནམ་གྱི་སློབ་ཕྲུག་རྣམས་ལ་གསུངས་པ་དང་མཚུངས་པ་སྟེ། དེ་ཡང་ཨོ་བྷ་མས། “དྲང་པོ་བཤད་ན་སྐབས་རེ་སྒྱུ་རྩལ་ནི་ཉེན་ཁ་ཆེན་པོ་ཡིན་པས་སྲིད་གཞུང་གིས་སྐབས་རེ་དེ་ལ་དངངས་འཚབས་སྐྱེ་ཡི་ཡོད། ཡིན་ན་ཡང་ངས་དངོས་གནས་ཡིད་ཆེས་པ་ཞིག་ནི་གལ་སྲིད་ཁྱོད་ཀྱིས་སྒྱུ་རྩལ་ལ་བཙན་གནོན་བྱས་པ་ཡིན་ན་མི་རྣམས་ཀྱི་སེམས་གཏིང་གི་རེ་བ་དང་རྨི་ལམ་ལ་ཁྱོད་ཀྱིས་བཙན་གནོན་བྱས་པ་ཞིག་རེད།” ཅེས་གསུངས་མྱོང་ཡོད། ལྟ་ཚུལ་དེ་དང་མཐུན་པ་ལྟ་བུས(Schiller)ཤིལ་ལེ་གིས་ཀྱང་སྒྱུ་རྩལ་གྱི་སློབ་སྦྱོང་ནི་ཧ་ཅང་གལ་ཆེ་བའི་ཡིད་ཆེས་ཀྱིས་སློབ་ཕྲུག་རྣམས་ལ་སྒྱུ་རྩལ་ལ་གཅེས་སྤྲས་དང་གོ་རྟོགས་ལེན་པར་སྐུལ་འདེད་ནན་པོ་གནང་མྱོང་བ་ནི་སྒྱུ་རྩལ་གྱི་རིག་གནས་གོང་འཕེལ་འགྲོ་བར་ཕན་རླབས་ཆེ་བ་བཤད་མ་དགོས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།