ནོ་བྷེལ་རྩོམ་རིག་བྱ་དགའ་དང་འབྲེལ་བ་ཡོད་མེད་ཀྱི་གཏམ།

5958


                                རྩོམ་པ་པོ། སྒོ་ཡོན།

དུས་ཚོད་སྐར་མ་འགའི་སྔོན། སི་ཝེས་དན་རྩོམ་རིག་གླིང(Swedish Academy)གིས། ཕོ་ལན་གྱི་རྩོམ་མཁན་ཨ་ཅག་ཨོལ་གྷ•ཊོ་ཁར་ཆོ་ཀ(Olga Tokarczuk)ལགས་དང་ཨོ་སི་ཐྲི་ཡའི་རྩོམ་མཁན་ཕེ་ཊིར•ཧན་ཌི་ཀེ(Peter Handke)ལགས་རྣམ་གཉིས་ལ། ༢༠༡༨དང༢༠༡༩ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་འབུལ་རྒྱུ་ཡིན་པ་གཏན་ཁེལ་ཏེ་ཁྱབ་བསྒྲགས་བྱས་པ་རེད།


དེ་ཡང་ལོ་རེའི་སྤྱི་ཟླ་བཅུ་པའི་ཟླ་སྟོད་དུ་ཐོན་པའི་ཚེ། ང་རང་ཡང་འཛམ་གླིང་སྐྱེ་བོ་ཁྲི་སྟོང་མང་པོ་བཞིན། ལོ་དེའི་ནོ་བྷེལ་གཟིགས་བཟོས་སྤྱི་དང་། ལྷག་པར་རྩོམ་རིག་གཟེངས་རྟགས་ཀྱི་མཚན་གྱི་ཅོད་པན་གང་ཉིད་སྐྱེས་བུ་བསོད་ནམས་དང་ལྡན་པ་སུ་ཡི་དབུ་ལ་གསོལ་པར་ཤེས་འདོད་ཀྱི་ཚ་བས་གདུང་སྟེ། ནོ་བྷེལ་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་བར་ཡང་ཡང་ལྟ་བར་བྱེད་པ་མ་ཟད། གྲོགས་པོ་དག་ལ“ད་ལོར་སྐྱེས་བུ་ཆེ་གེ་མོར་ནོ་བྷེལ་གྱི་དངོས་གྲུབ་སྩོལ་རེ་སྐན”ཞེས་ཚོད་དཔག་བྱེད་པར་སྤྲོ།


སྐབས་ལན་རེར་བསམས་ན། འདི་ནི་སྙིང་པོས་དབེན་པའི་གླེན་སྤྱོད་ཅིག་སྟེ། གསེར་གྱི་གཟེངས་རྟགས་དེ་ཉིད་སུ་གང་གིས་བཞེས་ཀྱང་། ངའི་གསར་རྩོམ་གྱི་སྤུས་ཀར་འགྱུར་བ་ཆེན་པོ་གང་ཡང་མི་གདའ་ཞིང་། གཟེངས་དངུལ་དམངས་སྒོར་ཁྲི་བདུན་བརྒྱ་ལྷག་དེ་སུ་གང་ལ་དབང་ཡང་། ངའི་འཚོ་བའི་མདུན་ལམ་ལ་རྔོ་ཐོགས་པར་མི་འགྱུར། རྒྱའི་ལོ་ཙཱ་མཁན་ལིན་ཧྲའོ་ཧྭ(林少华)ཡིས<<བྱེས་པ>>ཞེས་པའི་དེབ་ཏུ། “གལ་སྲིད་མུ་ར་ཀ་མེ་ཧ་རུ་ཀི(Murakami Haruki)ལ་ནོ་བྷེལ་གྱི་བྱ་དགའ་འཐོབ་ཚེ། བདག་གི་མཚན་སྙན་དང་རྒྱུ་འབྱོར་ཡང་འཕེལ་བར་འགྱུར་བ་གོར་མ་ཆག”ཅེས་བཤད་ཀྱང་། བདག་ནི་དེ་ལྟ་བུ་ག་ལ་ཡིན།


འོ་ན། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ནི་མཆོག་ཐམས་ཅད་ཀྱི་རྩེ་མོ་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས། ཕན་བདེ་ཐམས་ཅད་ཀྱི་རྩ་བ་སྟེ། ནོ་བྷེལ་རྩོམ་རིག་གཟེངས་རྟགས་མ་ཐོབ་པ་ཙམ་གྱིས་བླ་མེད་བརྩམས་ཆོས་མ་བྱུང་བ་དང་། རྩོམ་པའི་ཁྱུ་མཆོག་མ་འཁྲུངས་པ་ཡིན་ནམ་ཞེ་ན། དེ་ཡང་མ་ལགས་སོ། ། ཡུལ་གྲུ་གང་ཡང་རུང་བར་ནོ་བྷེལ་གྱི་ཐོ་གྲས་སུ་མ་ཚུད་པའི་རླབས་ཆེན་གྱི་རྩོམ་མཁན་བགྲང་ཡས་པ་བྱོན་དང་འབྱོན་པ་ཡིན་ཏེ། དཔེར་ན། ཨུ་རུ་སུའི་ཊོལ་སི་ཊོའེ(Tolstoy)མཆོག་དང་ཨ་གིན་ཐིན་གྱི་བྷོར་ཀི་སི(Borges)ལགས་ལྟ་བུའོ། །


དེ་བཞིན། ནོ་བྷེལ་བཞེས་མཁན་རྣམས་ལ་ཡང་རབ་འབྲིང་ཐ་གསུམ་ཡོད་པ་མ་ཟད། དེ་ལྟར་ཐོབ་པ་ལའང་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་སྟེ། སི་ཝེས་དན་གྱི་རྩོམ་རིག་ཚོགས་ཆུང་གི་བགྲེས་པོ་བཅོ་བརྒྱད་ཀྱང་ཉོན་མོངས་རྒྱུད་ལྡན་གྱི“གང་ཟག”ཡིན་པའི་ཕྱིར་རོ། ། དེའི་དབང་གིས། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་རྩོམ་མཁན་ཞིག་ཡིན་ན། གང་གི་བརྩམས་ཆོས་ཕལ་མོ་ཆེ“བཀླག་རི་བ”གཏན་འཁེལ་ཀྱང་། “མ་བཀླགས་ཐབས་མེད”ཡིན་མི་སྲིད། ད་ལྟའི་ང་ཚོ་བོད་ཡིག་འབྲི་མཁན་རྣམས་ལ་མཚོན་ན། “མ་བཀླགས་ཐབས་མེད”ཀྱི་བརྩམས་ཆོས་དངོས་ནི། བོད་རང་གི་དམ་པ་གོང་མ་རྣམས་ཀྱི་གསུང་རྩོམ་ཡིན་རྒྱུ་རེད།


དེ་ལྟ་ན། རང་ཉིད་ལོ་རེ་བཞིན་གྲགས་པའི་རྗེས་སུ་འབྲངས་ཏེ། ནོ་བྷེལ་གཟེངས་རྟགས་ཀྱི་གནས་ཚུལ་ལ་དོ་ཁུར་བྱ་བ་ནི་ཡང་སྙིང་ཅིའི་ཕྱིར་ཡིན་ནམ་ཞེ་ན། དེར་རང་ཉིད་ཀྱིས་ཀྱང་ལན་ལེགས་པོ་ལྡོན་མ་ནུས་པར་བསྐྱུར་མོད། ཕྱོགས་གཅིག་ནས་ནོ་བྷེལ་གཟེངས་རྟགས་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོར་བལྟ་བའི་སྒེའུ་ཁུང་ཞིག་སྟེ། དེ་ཉིད་ལོངས་སུ་སྤྱོད་པའི་བློ་ལྡན་དང་ཡུལ་ཕྱོགས་རྣམས་ལས། གང་སུ་དག་ལ་དཔལ་ཡོན་ལྡན། གང་སུ་དག་ལ་ཚན་རྩལ་འཕེལ། གང་སུ་དག་ལ་རང་དབང་གནས། གང་སུ་དག་ལ་རྩོམ་རིག་དར་བ་སོགས་རྒྱབ་ཀྱི་གནས་ཚུལ་སྣ་ཚོགས་ལ་ཉམས་ཞིབ་ཐུབ་པ་དང་། ཡང་ཕྱོགས་གཞན་ནས་རང་གི་འདས་པའི་དཔེ་ཀློག་ཁྲོད་ཀྱི་རྒྱུས་ཡོད་པའི་རྩོམ་མཁན་ཞིག་ལ་དབུ་རྒྱན་འདི་ཉིད་གསོལ་བར་གྱུར་ན། ངོ་ཤེས་བཟང་པོ་ཞིག་དང་འཕྲད་པའི་དགའ་བ་འཕེལ་བས་སོ། །


ཡིན་ནའང་། ངས་སྐབས་འདིར་འདི་སྙམ་དུ་སེམས་ཏེ། ཁྱད་དུ་འཕགས་པའི་རྩོམ་མཁན་ཞིག་ལ་མཚོན་ན། ནོ་བྷེལ་གཟེངས་རྟགས་ནི“རིན་ཐང་ཅན་གྱི་དངོས་པོ”ཅི་ཡང་མ་རེད། ཁོང་ཚོ་རྩོམ་པའི་ལམ་དུ་ཕྱིན་དོན་ཡང་གཟིགས་བཟོས་གསོལ་རས་འདིའི་རིགས་འཐོབ་ཆེད་ག་ལ་སྟེ། ཁོང་རྣམ་པར་དེ་ལས་ཀྱང་ལྷག་པའི་གཞལ་མེད་ཀྱི་རིན་ཐང་མང་པོ་མངའ་བས། ད་ནི་དགའ་རྟགས་བརྙེས་མིན་གྱིས་རྩོམ་པ་པོ་བཟང་ངན་འབྱེད་པའི་དུས་རབས་ཀྱི་མཇུག་རྫོགས་པ་མ་ཡིན་ནམ།


ད་ལྟ་ང་རང་དད་པའི་སྤུ་ལོང་རབ་ཏུ་གཡོ་བ་ནི། “གཟེངས་རྟགས་དེ་ཉིད་འཐོབ་པ་ལ་མི་ལེགས་པ་ཆེར་མེད”ཅེས་དགོངས་ཀྱང་། ད་ལྟའི་བར་སྐལ་བ་བཟང་པོ་མ་ཤར་བའི་ཉི་ཧོང་གི་རྩོམ་མཁན་མུ་ར་ཀ་མེ་ལགས་དང་སི་རི་ཡའི་སྙན་ངག་མཁན་ཨ་ཌོ་ནེ་སི(Adonis)ལགས་སོགས་མིན་པར། གཟེངས་རྟགས་དངོས་སུ་ཕུལ་ཀྱང་། “གཞུང་ཕྱོགས་ཀྱིས་བསྩལ་པའི་བྱ་དགའ་གཅིག་ཀྱང་དགོས་མེད”ཅེས། དངུལ་དང་མཚན་སྙན་དག་མཆིལ་མའི་ཐལ་བ་བཞིན་བོར་བའི་ཧྥ་རན་སིའི་རྩོམ་མཁན་སར་ཊར(Sartre)ལགས་ལྟ་བུའོ། ། འདི་ལྟར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་གཞུང་ལམ་སྟེང་། ད་དུང་སར་ཊར་དང་སར་ཊར་ལྟ་བུའི་འགྲུལ་པ་ཡ་མེད་རེ་གཉིས་བྱུང་ན། ངའི་སྐོམ་པའི་ཚ་གདུང་ཡང་ཅུང་ཟད་སེལ་བར་འགྱུར་ངེས་སོ། ། འོན་ཀྱང་། དེ་ནི་དུས་ནམ་ཞིག“བོད་པ་རྣལ་མ”ཞིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་རྗེས། ད་གཟོད་བཤད་དགོས་པའི་གཏམ་མོ། །


                     ༢༠༡༩ལོའི་ཟླ༡༠པའི་ཚེས༡༠ཉིན་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།