བོད་ཀྱི་དཔལ་འབྱོར་རིག་པ།

8223


                      རྩོམ་པོ། རྩིས་ཆེ་ལེགས་མཐོང་།

བོད་ཀྱི་དཔལ་འབྱོར་རིག་པ་ཞེས་པའི་རྩོམ་འདིའི་རྩོམ་པ་པོ་རྩིས་ཆེ་ལེགས་མཐོང་ལགས་ཀྱིས་དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན་ཨེ་ཌམ་སི་མི་ཐའི་གཟིམ་ཤག་སྒོ་འགྲམ་དུ་བསྐྱོན་པའི་པར་ཞིག


མི་ཡི་རིགས་ལ་དགོས་པ་གལ་ཆེ་ཤོས་ནི་བདེ་སྐྱིད་ཡིན་པ་ལ། བདེ་སྐྱིད་ཀྱི་གཞི་མ་ཡང་འཚོ་གནས་ཡིན་པར་སུ་ཞིག་གིས་བསྙོན་འདོར་ནུས། འཚོ་གནས་བྱེད་པར་སེམས་འདུལ་སྦྱོང་བྱེད་པ་ཙམ་གྱིས་མི་འགྲིག་པར་ཟས་གོས་གནས་མལ་ལ་སོགས་པ་ཕྱི་ཡི་མཐུན་རྐྱེན་མང་པོ་ཞིག་ཡོད་པ་ལ་དཔལ་འབྱོར་ཞེས་ཟེར། དེ་ལྟར་དཔལ་འབྱོར་ནི་མེད་དུ་མི་རུང་བ་ཡིན་ཀྱང་། དཔལ་འབྱོར་ལ་བརྟེན་ནས་ཕྲག་དོག་དང་འགྲན་བསྡུར་སོགས་ཀྱི་དཀའ་ངལ་ཡང་མང་པོ་ཞིག་ཡོང་གི་ཡོད་པ་དེས་ཆོས་ལུགས་མང་པོས་དཔལ་འབྱོར་གོང་འཕེལ་ཙམ་མིན་པར་མཁོ་སྒྲུབ་ལ་ཡང་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་ཅིང་། དེའི་ནང་ནས་ནང་ཆོས་ཀྱང་གཙོ་བོ་ཞིག་ཡིན་པ་རེད། ཆོས་ལུགས་ཀྱིས་དེ་ལྟར་བཤད་པ་ལ་རྒྱུ་མཚན་དང་གནས་ལུགས་གང་འཚམས་ཡོད་ན་ཡང་། རྒྱུན་དུ་ཆོས་ལུགས་པ་རྣམས་ཀྱིས་ལྷ་དང་བླ་མ་ལ་འབུལ་བར་བསོད་ནམས་ཆེན་པོ་ཡོད་པར་བཤད་ཀྱི་ཡོད་པ་དེས་ཆོས་ལུགས་ཀྱི་སློབ་གསོས་ཆོས་ལུགས་པ་རྣམས་རང་གི་འཚོ་བའི་སྤྲོས་པ་རྒྱས་སུ་གཏོང་བ་ཙམ་ལས་མི་སེར་དཀྱུས་མའི་འཚོ་བ་ལ་ནི་ཕན་ཐོགས་ཕལ་ཆེར་མེད་པར་གྱུར།


ཡིན་དང་ཡིན། ཆོས་ལུགས་ཀྱིས་ཡར་འབུལ་བ་ཙམ་མིན་པར་མར་སྦྱིན་པ་གཏོང་བར་བསྐུལ་མ་བྱེད་ཀྱི་ཡོད་ཀྱང་། སྤྱི་ཡོངས་ནས་འབུལ་བ་དང་སྦྱིན་པ་གཉིས་འབུལ་བ་བསོད་ནམས་ཆེ་བར་བཤད་པ་དེས་ཆོས་ལུགས་ལ་དད་པ་རྣམས་ཀྱིས་ཡར་འབུལ་བའི་བརྒྱ་ཆ་བརྒྱ་ནས་མར་བཅུ་ཙམ་ཡང་སྦྱིན་པའི་ཆེད་དུ་གཏོང་བ་ཁག་པོ་ཡིན་པ་དེས་དོན་དུ་སྦྱིན་པ་ལ་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ནུས་པ་ཧ་ཅང་ཆུང་བར་གྱུར་ཡོད། དེའི་རྒྱུ་མཚན་གཞན་ཡང་མི་སོ་སོར་ཁམས་འདྲ་མིན་ཡོད་ཅིང་། མི་མང་པོ་ཞིག་ལ་མགོ་རྣ་དང་། སྤོབས་པ། རང་མཐོང་སོགས་ཀྱི་བསམ་བློ་ཆེ་བ་དེེས་མི་ཐམས་ཅད་རིན་མེད་ལ་དགའ་མཁན་མིན་པས་ན་སྦྱིན་པ་ཞིག་གཏོང་དགོས་ན་ཡང་སྤྲང་པོ་ལྟ་བུ་ལས་མི་དཀྱུས་མ་ལ་སྦྱིན་པ་གཏོང་བའི་གོ་སྐབས་ཆུང་བས་ཀྱང་རེད། ལྷག་པར་གལ་ཆེ་ཤོས་ཆོས་ལུགས་ལ་དཔལ་འབྱོར་གྱི་འདོད་རྔམས་འགོག་པའི་ནུས་པ་ཡང་ཧ་ཅང་ཆུང་བ་ནི་དཔལ་འབྱོར་གྱི་ཆ་རྐྱེན་ཧ་ཅང་ཞན་པའི་སྤྱི་ཚོགས་རྣམས་སུ་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ནི་གསེར་དངུལ་སོགས་ཀྱི་རྒྱུ་ནོར་ཆེ་ཤོས་སུ་གྱུར་ཡོད་པ་ལས་གསལ་པོར་མཐོང་ཐུབ།


འོན་ཀྱང་གནའ་བོའི་ཆོས་ལུགས་ཀྱི་བཤད་སྲོལ་ཐམས་ཅད་གཡུགས་ནས་དེང་རབས་ཀྱི་འཇིག་རྟེན་པའི་ལུགས་སྲོལ་ཁོ་ནའི་རྗེས་སུ་འབྲངས་ན་ཡང་མི་འགྲིག་པ་ནི་ད་ལྟའི་ཆར་འཛམ་གླིང་འདིར་དཔལ་འབྱོར་ལ་བརྟེན་ནས་དགོས་མེད་ཀྱི་དཀའ་ངལ་ཆེན་པོ་མང་པོ་ཞིག་བཟོ་བཞིན་ཡོད་པ་དེས་མི་སེར་དཀྱུས་མ་ཙམ་མིན་པར་རྒྱལ་ཁབ་ལ་ཡང་དཀའ་ཡང་སྤྲོད་ཀྱི་ཡོད། དཔེར་ན་ད་ལྟའི་དུས་སུ་མི་སྒེར་པའམ་སྒེར་གྱི་ཚོགས་པ་ཁ་ཤས་འབྱོར་པ་ཆེ་དྲགས་པས་དེ་ཚོ་འགའ་ཤས་ལ་རྒྱལ་ཁབ་གཅིག་གི་དཔལ་འབྱོར་ཙམ་ཡོད་པ་དེས་འཛམ་གླིང་གི་ཕྱོགས་གཞན་དང་གཞན་དུ་དཔལ་འབྱོར་གྱི་མ་འདང་བའི་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་ཡི་ཡོད་པ་ནི་སྤྱི་ལོ་༢༠༠༨ ལོ་ཡས་མས་སུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་པ་ལྟ་བུ་རེད། དེར་བརྟེན་ང་ཚོས་དཔལ་འབྱོར་འདུ་འགོད་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་མི་འགྲིག་ཅིང་། དཔལ་འབྱོར་འདུ་འགོད་ཁོ་ན་ལ་རྩལ་འདོན་བྱས་ན་ཡང་མི་འགྲིག་པར་གལ་ཆེ་ཤོས་ནི་ཐོག་མར་དཔལ་འབྱོར་སྒྲུབ་སྟངས་དང་བསྒྲུབས་ནས་སྟངས་འཛིན་བྱེད་སྟངས་ཀྱི་ཐབས་ལམ་འོས་ཤིང་འཚམས་པ་ཞིག་རྙེད་དགོས་པ་རེད།


དུས་རབས་བཅོ་བརྒྱད་པར་ཡོངས་གྲགས་སུ་དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན་དུ་ངོས་འཛིན་པ་ཨེ་ཌམ་སི་མི་ཐ་གིས་རྒྱལ་ཁབ་རྣམས་ཀྱི་འབྱོར་པ་ཞེས་པ་དེ་བརྩམས་ནས་བཟུང་དཔལ་འབྱོར་རིག་པ་དང་འབྲེལ་བའི་དཔེ་དེབ་དང་ལྟ་གྲུབ་གྲངས་མེད་པ་ཞིག་ཐོན་ཡོད་ཀྱང་། ཕལ་མོ་ཆེས་ཇི་ལྟར་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལས། ཇི་ལྟར་བྱས་ནས་དཔལ་འབྱོར་མཁོ་སྒྲུབ་བྱེད་སྟངས་དེ་མཐའ་ལ་མ་ལྷུང་བ་ཞིག་དང་དོན་དང་ལྡན་པ་ཡོང་ཐབས་ཀྱི་བཤད་པ་ཉུང་། དེར་བརྟེན་འཛམ་གླིང་ཧྲིལ་པོ་འདོད་རྔམས་ཀྱི་མཐའ་ལ་ལྷུང་བཞིན་པའི་དུས་སུ་བོད་རིགས་ལྟ་བུ་གྲངས་ཉུང་མི་རིགས་རྣམས་ཀྱང་དེའི་བསླུ་བྲིད་ཀྱིས་ཕུང་བའི་ཉེན་ཁ་ཆེ་ཞིང་། བོད་རང་ལུགས་ཀྱི་དཔལ་འབྱོར་རིག་པ་ཞེས་པ་ཞིག་ཕལ་ཆེར་མེད་པས་ན་དེ་འདྲ་ཞིག་ཡོད་དགོས་པ་ནི་ཧ་ཅང་གལ་ཆེ་བར་གྱུར་ཡོད། དེ་ཡང་བོད་མི་རང་གི་དགོས་མཁོ་སྐོང་ཐུབ་པ་གང་ཞིག་ལ། ནང་ཆོས་དང་མཐུན་པར་བོད་རིགས་ཙམ་མིན་པར་འདོད་རྔམས་ཀྱིས་བསླུས་པའི་འཛམ་གླིང་གི་མི་རིགས་གཞན་ལ་ཡང་ཕན་པ་ཞིག་དགོས་པ་ནི་བོད་ཀྱི་དཔལ་འབྱོར་རིག་པ་ལ་ངེས་པར་དུ་ཁྱད་ཆོས་གལ་ཆེ་ཤོས་གཉིས་སུ་མཐོང་།


དེ་ལྟར་ན་ཆོས་ལུགས་ཀྱི་དབང་དུ་བྱས་ན་བོད་རིགས་རྣམས་ཀྱིས་དཔལ་འབྱོར་སྒྲུབ་སྟངས་ནི་མཐའ་གཉིས་ལ་མ་ལྷུང་བ་ཞིག་བྱ་དགོས། དེ་ཡང་སངས་རྒྱས་ཀྱིས་ཆོས་ལུགས་པ་མང་པོ་ཞིག་ནི་དགོས་མེད་ཀྱི་དཀའ་བ་མང་དུ་སྤྱོད་པ་དེས་མཐའ་ལ་ལྷུང་བ་དང། འཇིག་རྟེན་པ་མང་པོ་ཞིག་ནི་དགོས་མེད་ཀྱི་རྒྱས་སྤྲོས་བྱེད་ཐབས་ལ་འབད་པ་དེས་མཐའ་ལ་ལྷུང་ཡོད་པར་གཟིགས་ནས་དབུ་མའི་ལམ་གྱི་ལྟ་གྲུབ་སྤེལ་གནང་ཡོད། ང་ཚོས་ཀྱང་སངས་རྒྱས་ཀྱི་རྗེས་སུ་ཞུགས་ཏེ་མཐའ་དེ་གཉིས་སྤངས་ནས་དཔལ་འབྱོར་སོགས་གང་ཡིན་ཀྱང་དགོས་པ་བསྒྲུབས། མི་དགོས་པའམ་དགོས་པ་ལས་ལྷག་པ་སྒྲུབ་པ་སྤངས་ན་དེ་ནི་མིག་དཔེ་འོས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པ་ཐེ་ཚོམ་མི་དགོས་པ་ལྟ་བུ་རེད། དེ་ལྟར་ཡོང་བར་ཆུང་ས་ནས་གང་ཟག་སྒེར་པ་དང་། ཆེ་ས་ནས་རྒྱལ་ཁབ་ལྟ་བུ་སུ་ཞིག་ཡིན་ཀྱང་། ཆོས་ལུགས་དང་འཇིག་རྟེན་གཉིས་ཀའི་མཐའ་སྤངས་ནས་དབུ་མའི་ལམ་གྱི་འཚོ་བ་སྐྱེལ་ཐུབ་ན་དེས་རང་གཞན་གཉིས་ཀར་ཕན་པ་ནི་བཤད་མ་དགོས་ཤིང་། དེ་ལས་ལྷག་པའི་འཚོ་བ་སྐྱེལ་སྟངས་ཀྱང་ཕལ་ཆེར་མེད་ཅེས་ཁ་ཚོན་གཅོད་ཐུབ་པ་ཞིག་རེད།


ཆོས་ལུགས་སྤྱི་དང་ལྷག་པར་ནང་པའི་དཔལ་འབྱོར་རིག་པའི་ལྟ་སྟངས་གཙོ་བོ་ཞིག་ནི་ཆོག་ཤེས་ཡོད་པ་དེ་ཡིན་པ་ལ། ཆོག་ཤེས་ཡོད་པ་དེ་ཡང་མཐའ་ལ་མ་ལྷུང་བ་སྟེ། དགོས་ངེས་རྣམས་ཡོད་པ་ལ་ད་གཟོད་ཆོག་ཤེས་བསྒོམས་ན་འགྲིག་པ་ལས་ཆོས་ལུགས་ཀྱི་མི་སྣ་ཁག་གིས་གང་ཡང་མེད་ན་ཡང་ཆོག་ཤེས་ཡོད་ན་སྐྱིད་པོ་ཡོད་པས་ཆོག་ཤེས་བསྒོམ་དགོས་ཟེར་བ་ལྟ་བུ་ནམ་ཡང་བཤད་མི་རུང་། དཔལ་འབྱོར་སྐྱོ་བའི་སྤྱི་ཚོགས་རྣམས་སུ་མི་རྣམས་ཀྱི་གདོང་པར་འཛུམ་མང་ཙམ་མཐོང་རྒྱུ་ཡོད་ན་ཡང་དེ་ནི་ཁོར་ཡུག་གི་རྐྱེན་པས་དེ་དག་གི་སེམས་ལ་འགྲན་རྩོད་དང་། གནོན་ཤུགས། ཛ་དྲག་གི་དགོས་མཁོ་སོགས་ཀྱི་དཀའ་ངལ་ཆུང་བ་ཙམ་ལས་ན་ཚ་སོགས་ཀྱི་དཀའ་ངལ་འཕྲད་ཚེ་ཐ་ན་སྨན་རིན་འདང་ངེས་ཙམ་ཡང་མེད་པས་ཁོ་ཚོ་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་ཤོར་གྱི་ཡོད་པས་གནས་སྐབས་གདོང་པའི་འཛུམ་མང་བ་ཙམ་གྱིས་དཔལ་འབྱོར་གལ་ཆེན་མིན་པའི་སྡོམ་ཚིག་འགོད་ན་མི་རུང་། འོན་ཀྱང་ཆོག་ཤེས་མེད་ན་ཡང་ཅི་ཙམ་དཔལ་འབྱོར་བསྒྲུབས་ཀྱང་དེ་ཙམ་གྱིས་དཔལ་འབྱོར་གྱི་གཡོག་ཏུ་གྱུར་ནས་རང་ཉིད་དང་ཐ་ན་ཁྱིམ་ཚང་སོགས་འབྲེལ་ཡོད་ཐམས་ཅད་བསླུ་བའི་གྲངས་མང་བས་ན་མཐར་གཏུགས་ན་བོད་ཀྱི་དཔལ་འབྱོར་རིག་པ་ནི་ཡོད་མེད་གང་ལ་ཡང་ཆོག་ཤེས་དགོས་པ་ཞིག་མིན་པར་དབུ་མའི་ལམ་ལ་གནས་པའི་ཆོག་ཤེས་ཡིན་དགོས།


དེ་ལྟར་ཡོང་བར་ཁོ་བོས་བསམས་ན་བོད་ཀྱི་དཔལ་འབྱོར་རིག་པ་ནི་ནང་ཆོས་དང་དེང་རབས་ཀྱི་དཔལ་འབྱོར་རིག་པ་གཉིས་ཀའི་ལེགས་ཆ་ཡོད་པ་ཞིག་ཡིན་དགོས་སྙམ། དེ་ཡང་ལོ་རྒྱུས་ཐོག་དཔལ་འབྱོར་རིག་པ་མང་དུ་བྱུང་བ་ལ། དེ་ཆ་ཚང་ལ་དགེ་སྐྱོན་གཉིས་ཀ་ཡོད་པས་བོད་རིགས་ཀྱིས་དེ་དག་ལས་གང་རུང་ལ་ཞུགས་པའི་ཚབ་ལ་དེ་ཐམས་ཅད་ཀྱི་ལེགས་ཆ་ལེན། ཉེས་ཆ་སྤོང་བ་ལ་འབད་བརྩོན་བྱ་དགོས་ཤིང་། བཤད་པ་བཞིན་དུ་དེ་འདྲ་ཡོང་དཀའ་ན་ཡང་། འབད་བརྩོན་བྱས་ན་ཚད་ངེས་ཅན་གྱི་ཕན་ཐོགས་ཡོད་པ་ནི་བཤད་མ་དགོས་པ་རེད། དེང་རབས་ཀྱི་དཔལ་འབྱོར་རིག་པའི་རྒྱལ་ཁ་དང་གྲུབ་འབྲས་རྣམས་ཀྱང་བརྒྱུད་རིམ་དེ་འདྲ་ནས་ཡོང་བ་ལས། ཁ་ནས་བཤད་པ་ཙམ་གྱིས་བྱུང་བ་མིན་ཅིང་། ལག་ལེན་ཁོ་ན་ལ་བརྟེན་ནས་རང་བཞིན་གྱིས་བྱུང་བ་ཡང་མིན་པར། མང་པོ་ཞིག་ནི་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་དེབ་བརྩམས་ནས་བཤད། ཆབ་སྲིད་པ་རྣམས་ཀྱིས་སྲིད་གཞུང་དང་། ཚོང་པ་རྣམས་ཀྱིས་བཟོ་གྲྭའི་སྲིད་ཇུས་ཀྱི་བརྒྱུད་ནས་དེ་དག་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།


དེ་ལྟར་བོད་ཀྱི་དཔལ་འབྱོར་རིག་པ་ལ་ནང་ཆོས་དང་དེང་རབས་ཀྱི་དཔལ་འབྱོར་རིག་པ་གཉིས་ཀའི་ལེགས་ཆ་འདུས་པ་ཞིག་ཡིན་དགོས་ན་ཡང་། དེ་གང་འདྲ་བྱས་ནས་བྱེད་ཐུབ་པ་ནི་ཤེས་ཡོན་ཅན་གྱི་མི་སྣ་མང་པོས་དགོས་ན་མི་རབས་ནས་མི་རབས་རིང་འབད་བརྩོན་བྱས་ཏེ་རིམ་པས་ཡོང་དགོས་པ་ཞིག་ཡིན་པ་ལས་མི་གཅིག་གིས་དུས་གཅིག་ལ་བསྒྲུབ་ཐུབ་པ་ཞིག་ག་ལ་ཡིན། འོན་ཀྱང་རེ་ཞིག་ཁོ་བོ་རང་གིས་བསམས་ན་དེ་ལ་ལེགས་ཆ་འདི་འདྲ་ཞིག་ཡོད་དགོས་སྙམ། དེ་ཡང་ནང་ཆོས་ཀྱི་དབང་དུ་བཤད་ན་ནང་པ་སྤྱི་ཡོངས་ཀྱི་འཚོ་བ་སྐྱེལ་སྟངས་ནི་གོང་དུ་བཤད་པ་ལྟར་དབུ་མའི་ལམ་ལ་གནས་པའི་ཐོག་ཏུ་འཕགས་ལམ་ཡན་ལག་བརྒྱད་དང་ལྡན་པ་ཞིག་དགོས་པ་ལ། འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་གི་ཡང་དག་པའི་འཚོ་བ་ཡང་ནང་པའི་དཔལ་འབྱོར་རིག་པ་དང་འབྲེལ་བ་དམ་ཟབ་ཡོད། དེ་ཡང་མཐར་གཏུགས་ན་འོས་ཤིང་འཚམས་པ་དང་། ཚོད་རན་པ། ལུགས་མཐུན་པའི་འཚོ་བ་སྐྱེལ་སྟངས་ཤིག་ལ་ཡང་དག་པའི་འཚོ་བ་ཟེར་གྱི་ཡོད་པ་རེད། དེའི་ཐོག་ཏུ་བོད་བརྒྱུད་ནང་བསྟན་ནི་ཐེག་པ་གསུམ་ག་སངས་རྒྱས་ཀྱི་ཆོས་ལུགས་སུ་འདོད་པའི་ལུགས་ཡིན་པས་ང་ཚོས་ཐེག་པ་གསུམ་པོས་དཔལ་འབྱོར་དང་འབྲེལ་བའི་གནད་དོན་ཐད་བཤད་སྟངས་ལ་བལྟས་ན་ཉན་ཐོས་ཀྱིས་རྩལ་དུ་འདོན་པ་ནི་ཆོག་ཤེས་ཡིན་ཅིང་། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་གཙོ་བོར་གྱུར་པའི་གཞན་དོན། གསང་སྔགས་ཀྱི་ལུགས་སུ་དཔལ་འབྱོར་གྱི་དབང་དུ་མ་སོང་བར་དཔལ་འབྱོར་ལ་ལོངས་སྤྱོད་པ་ཉིད་ཡིན་པར་མཐོང་།


དེ་ལྟར་ན་ཐོག་མར་ཉན་ཐོས་ཀྱི་ལུགས་སུ་སོ་སོར་ཐར་པ་ཞེས་བཤད་པ་བཞིན་འདི་ནི་མདོར་ན་རང་མགོ་ཐོན་པ་ལ་གོ་བས་བོད་ལུགས་དཔལ་འབྱོར་རིག་པ་ལྟར་ན་ཚོགས་སྒེར་སུ་ཡིན་ཀྱང་རང་མགོ་ཐོན་པ་ནི་གལ་ཆེ་ཤོས་ཡིན། དེ་ལྟར་བཤད་པའི་རྒྱུ་མཚན་བོད་ཀྱི་དགོན་སྡེ་མང་པོ་ཞིག་ད་ལྟའི་བར་མི་དམངས་གཙོ་བོར་གྱུར་པས་གསོ་སྐྱོང་བྱས་པ་ཞིག་ཡིན་པ་དང་། བོད་རིགས་ཀྱི་སློབ་གྲྭ་མང་པོ་ཞིག་ཀྱང་སྐྱོབ་གསོའི་རོགས་རམ་འོག་ཡོད་པས་དོན་དུ་བོད་རིགས་ནི་སྤྲང་པོ་ལྟར་སློང་མོའི་ཐབས་ལམ་གྱིས་འཚོ་བར་དགའ་མཁན་ཞིག་ཡིན་པས་ན་འདི་ཉིད་ངེས་པར་དུ་བཅོས་བསྒྱུར་བྱ་དགོས། འོ་ན་དགེ་འདུན་པ་རྣམས་ཀྱིས་ཇི་ལྟར་བྱས་ནས་རང་མགོ་ཐོན་དགོས་སྙམ་ན། དགེ་འདུན་པ་རྣམས་ཀྱིས་ཀྱང་ངེས་པར་དུ་ཚོང་ལས་ལྟ་བུ་ཡོང་ཁུངས་ཡོད་པའི་བྱ་བའི་རིགས་བསྒྲུབ་དགོས། ནང་པའི་ཆོས་ལུགས་གཙོ་བོར་གྱུར་པས་ཚོང་ལས་ལ་སྐྱོན་བརྗོད་ཆེ་ན་ཡང་། འོས་ཤིང་འཚམས་པའི་ཁེ་བཟང་ལེན་པའི་སྒོ་ནས་དྲང་བདེན་གྱི་ཚོང་ལས་བྱེད་པར་མ་འགྲིག་པའི་རྒྱུ་མཚན་ཅི་ཡང་མེད། གལ་ཏེ་ཚུར་གང་ཞིག་འཐོབ་པའི་ཆེད་དུ་ཕར་གང་ཞིག་སྤྲོད་པ་ནི་ཚོང་ཡིན་ཅིང་དེ་ནི་མི་རུང་ན་ཚུར་སྐྱེ་བ་རྗེས་མར་རང་ཉིད་ལ་འབྲས་བུ་བཟང་པོ་འཁོར་བའི་ཆེད་དུ་ཕར་སྐྱེ་བ་འདིར་ཡག་པོ་བྱེད་པའི་ལས་འབྲས་ཀྱི་ཉམས་ལེན་འདི་ཡང་ཚོང་དུ་ཐལ་བར་འགྱུར་བས་དེ་ཡང་མི་རུང་ཞེས་བཤད་དགོས་པར་འགྱུར། དེས་ན་བྱ་བ་ཕལ་མོ་ཆེ་ལྟར་ཚོང་ལ་ཡང་དགེ་བ་ཅན་དང་སྡིག་པ་ཅན། ལུང་མ་བསྟན་གྱི་སྒྲུབ་སྟངས་སོགས་འདྲ་མིན་ཡོད་པས་ཚོང་ཡིན་ནས་བཟུང་སྟེ་སྡིག་པ་ཡིན་པར་སྙམ་པའི་སྲོལ་རྒྱུན་གྱི་ལྟ་བ་འདི་ང་ཚོས་ངེས་པར་དུ་སྤོང་དགོས།


དེ་ལྟར་བོད་ཀྱི་དཔལ་འབྱོར་རིག་པ་ལ་གཞི་རྩའི་བསམ་བློ་ཉན་ཐོས་དང་མཐུན་པར་རང་མགོ་ཐོན་པ་གང་ཞིག་ལ། དངོས་སུ་དཔལ་འབྱོར་མཁོ་སྒྲུབ་བྱེད་སྟངས་ནི་མ་རྩ་རིང་ལུགས་དང་མཐུན་པ་ཞིག་བྱུང་ན་བཟང་། དེ་ཡང་དེང་རབས་དཔལ་འབྱོར་རིག་པའི་དབང་དུ་བྱས་ན་ཐོག་མར་དར་བའི་དཔལ་འབྱོར་རིག་པ་ནི་མ་རྩ་རིང་ལུགས་ཡིན་པ་ལ། དེ་ནི་མ་རྩ་སུས་བཞག་ན་ཡང་ཁེ་བཟང་ཡང་དེའི་ཡིན་པའི་ལྟ་གྲུབ་ཅིག་ཡིན་པ་རེད། འདི་ལ་བརྟེན་ནས་ཚོགས་སྒེར་མང་པོ་ཞིག་འབྱོར་ལྡན་དུ་གྱུར་པས་ད་ལྟའི་ཆར་འདི་ཉིད་ཨ་རི་གཙོ་བོར་གྱུར་པའི་རྒྱལ་ཁབ་མང་པོར་དར་ཁྱབ་ཆེ་ཤོས་སུ་གྱུར་པའི་དཔལ་འབྱོར་རིག་པ་ཡིན་ན་ཡང་། ཚོགས་སྒེར་ཁ་ཤས་འདི་ལ་བརྟེན་ནས་ཕྱུག་ཏུ་སོང་ཞིང་། དེའི་ནུས་པས་གཞན་མང་པོ་ཞིག་དབུལ་དུ་འགྲོ་ཡི་ཡོད་པ་དེས་ད་ལྟའི་ཆར་འདི་ལ་མི་དགའ་མཁན་ཇེ་མང་དུ་གྱུར་ཡོད། འོན་ཀྱང་མི་ཡི་རིགས་རང་ཉིད་སྐྱོན་མེད་རྣམ་དག་མིན་ན་ཐབས་ལམ་གང་ཡིན་ཀྱང་ལེགས་ཆ་དང་ཉེས་ཆ་མང་ཉུང་ཙམ་ལས་སྐྱོན་མེད་རྣམ་དག་གི་ཐབས་ལམ་ཞིག་ཡོང་ཐབས་མེད་པ་ནི་བཤད་མ་དགོས་པས་འདི་ཡང་མི་མང་པོས་མི་དགའ་བ་ཙམ་ལས་རྩ་མེད་དུ་སྤོང་ཐུབ་པ་ཞིག་མིན་པ་འདྲ། གང་ལྟར་ཡང་མ་རྩ་རིང་ལུགས་ཞེས་གྲགས་པ་འདི་ནི་དཔལ་འབྱོར་རིག་པ་ཡིན་ཅིང་། དེའི་མ་རྩ་དང་ཁེ་བཟང་གཉིས་ཀ་དཔལ་འབྱོར་ལ་ཐུག་ཡོད།


འོན་ཀྱང་བོད་ཀྱི་དཔལ་འབྱོར་རིགས་པའི་དགོས་ཆེད་གཙོ་བོ་ནི་དཔལ་འབྱོར་རམ་འབྱོར་ལྡན་དུ་འགྱུར་རྒྱུ་དེ་མིན་པར་རང་ལ་ཕན་ཅིང་གཞན་ལ་མི་གནོད་པའི་བདེ་སྐྱིད་ཡིན་པ་ལ། བདེ་སྐྱིད་དེ་འདྲ་ཡོང་བར་ཁོ་བོས་བསམས་ན་མ་རྩ་གཙོ་བོ་ལྔ་ཡོད་སྙམ། ལྔ་པོ་ལས་ཐོག་མར་གལ་ཆེ་ཤོས་འཕྲོད་བསྟེན་ཡིན་ཏེ། འཕྲོད་བསྟེན་མེད་ན་འཚོ་གནས་ཀྱང་དཀའ་བས་དཔལ་འབྱོར་དང་བདེ་སྐྱིད་སོགས་ག་ལ་ཡོང་། དེས་ན་བོད་རིགས་ཀྱི་རིག་གཞུང་གིས་ཆོས་དང་། དཔལ་འབྱོར། གསོ་རིག་ལྟ་བུ་རྣམས་རིགས་གཅིག་རྐང་འཛིན་ལྟ་བུས་སོ་སོར་མ་ཕྱེས་པར་དགོན་པ་དང་སློབ་གྲྭ་གང་ལ་ཡིན་ཀྱང་འཕྲོད་བསྟེན་གྱི་སློབ་གསོ་དང་སྦྱོང་བརྡར་ནི་མེད་དུ་མི་རུང་བའི་མ་རྩ་གལ་ཆེ་ཤོས་གཅིག་ལ་ངོས་འཛིན་དགོས། མ་རྩ་གཉིས་པ་ནི་ཤེས་ཡོན་ཏེ་ཤེས་ཡོན་དེ་ཡང་དཔལ་འབྱོར་སྒྲུབ་ཐབས་ཙམ་མིན་པར་རང་ཉིད་དང་སྤྱི་ཚོགས་གཉིས་ཀར་ཕན་ཐབས་ཡིན་དགོས། མ་རྩ་གསུམ་པ་ནི་དཔལ་འབྱོར་ཏེ་དཔལ་འབྱོར་ནི་འཚོ་གནས་ཀྱི་དགོས་ཆེད་དང་བདེ་སྐྱིད་ཀྱི་ཐོན་ཁུངས་ལྟ་བུ་མིན་པར་འཚོ་གནས་ཀྱི་གཞི་མ་དང་བདེ་སྐྱིད་ཀྱི་མཐུན་རྐྱེན་ཞིག་ཡིན་པར་ངོ་ཤེས་པས་བསྒྲུབ་དགོས། མ་རྩ་བཞི་པ་ནི་ཀུན་སྤྱོད་དེ་ཀུན་སྤྱོད་མེད་ན་དཔལ་འབྱོར་དང་ཤེས་ཡོན་ཡོད་ཀྱང་ཉེན་ཁ་ཆེ་བ་བཤད་མ་དགོས། མ་རྩ་ལྔ་པ་ནི་ནང་ཆོས་ཀྱི་སློབ་གསོ་སེམས་འདུལ་སྦྱོང་སྟེ། དཔལ་འབྱོར་ནི་བདེ་སྐྱིད་སྒྲུབ་ཐབས་ཡིན་པ་ལ། བདེ་སྐྱིད་སྒྲུབ་སྐབས་ཚོང་ལས་ཁོ་ན་ལས་ནང་གི་སེམས་འདུལ་སྦྱོང་གི་སློབ་གསོ་དང་ཉམས་ལེན་མི་བྱེད་པ་ནི་རྩ་བ་བོར་བའི་ཡལ་ག་ཞིག་ཏུ་གྱུར་ཡོད་པས་སོ།


བོད་ཀྱི་དཔལ་འབྱོར་རིག་པ་ལྟར་ན་རང་མགོ་ཐོན་ཟིན་རྗེས་གལ་ཆེ་ཤོས་རང་ཉིད་འབུར་དུ་ཐོན་རྒྱུ་མ་ཡིན་པར་གཞན་དོན་གྱི་སྒོ་ནས་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཡིན་དགོས། དེ་ནི་དམིགས་ཡུལ་གཙོ་བོ་གཞན་དོན་ཡིན་པའི་ཐེག་པ་ཆེན་པོའི་ཆོས་ལུགས་དང་མཐུན་པ་རེད་ལ་དེང་རབས་དཔལ་འབྱོར་རིག་པ་ལྟར་ན་སྤྱི་ཚོགས་རིང་ལུགས་དང་མཐུན་པ་ཞིག་ཀྱང་རེད། འོན་ཀྱང་ཐེག་པ་ཆེན་པོའི་ཆོས་ལུགས་དང་མཐུན་པར་བཤད་པས་གཞན་དོན་ནི་སྦྱིན་པ་ཁོ་ན་ལ་གོ་ན་མི་འགྲིག་པར་ཚོང་དང་སྦྱིན་པ་གཉིས་ཀ་ལ་གོ་དགོས། དེ་ཡང་དེང་རབས་ཀྱི་ཚོང་པ་ཁ་ཤས་ཀྱིས་ཅ་དངོས་གོང་ཆུང་དག་ཀྱང་གོང་ཆེན་ལ་བཙོང་སྟེ་འབྱོར་ལྡན་དུ་གྱུར་རྗེས་སྤྲང་པོའི་རིགས་ལ་སྐྱོབ་གསོའི་རོགས་རམ་བྱེད་ཁུལ་བྱེད་ཀྱང་འདི་ནི་གླང་པོ་ཆེའི་ཁྲུས་ཡིན་པས་བོད་ཀྱི་དཔལ་འབྱོར་རིག་པ་ལྟར་ན་འདི་འདྲ་མི་ཡོང་བར་ཉོ་འཚོང་གང་ཡིན་ཀྱང་ཕན་ཚུན་གཉིས་ཀར་གྱོང་མེད་ལ་ཁེ་བཟང་ཡོད་པའི་ལམ་ལ་འགྲོ་ཐབས་བྱ་དགོས། དེ་བཞིན་ཞལ་འདེབས་སོགས་སྦྱིན་གཏོང་གིས་གཞན་དོན་བྱེད་སྐབས་ཀྱང་ཐོག་མར་རང་ཉིད་ཀྱི་ཁྱིམ་ཚང་དང་གྲོགས་པོ་སོགས་ཉེ་སྐོར་ལ་ཕན་འདོག་ཐབས་བྱ་དགོས་ཤིང་། དེ་ནས་བྱུང་ན་རིམ་པས་རང་ཉིད་ཀྱི་མི་རིགས་དང་ཡུལ་གྲུ། མཐར་རྒྱལ་སྤྱིའི་རང་བཞིན་གྱིས་འཛམ་གླིང་གང་སར་ཁྱབ་ཐུབ་པ་བྱ་དགོས་པ་ལས། རང་ཉིད་ཀྱི་ཁོར་ཡུག་ལ་རོགས་རམ་དགོས་པ་མཐོང་བཞིན་དུ་ཐག་རིང་པོ་ལ་ལག་པ་སྙོབ་ཐབས་བྱ་མི་རུང་།


ནང་པའི་ལོ་རྒྱུས་ཐོག་ཉན་ཐོས་དར་རྗེས་ཐེག་པ་ཆེན་པོ་དར་བ་བཞིན་དཔལ་འབྱོར་རིག་པའི་ལྟ་གྲུབ་རྣམས་ལས་ཀྱང་མ་རྩ་རིང་ལུགས་དར་བའི་རྗེས་སུ་སྤྱི་ཚོགས་རིང་ལུགས་དར་ཡོད། དེ་ཡང་མ་རྩ་རིང་ལུགས་པ་རྣམས་ཀྱི་རང་འདོད་ཚ་དྲགས་པ་ལ་བརྟེན་ནས་མི་རྣམས་ཀྱིས་མ་རྩའི་བདག་པོ་ཙམ་མིན་པར་ངལ་རྩོལ་པ་གཙོ་བོར་གྱུར་པའི་སྤྱི་ཚོགས་གཞན་ལ་ཡང་དོ་ཁུར་བྱ་དགོས་པའི་འབོད་བསྐུལ་བྱུང་བ་དེས་སྤྱི་ཚོགས་རིང་ལུགས་ཞེས་པ་དེ་དར་བར་གྲགས། ཐེག་པ་ཆེན་པོའི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀ་དང་མཐུན་པར་བོད་ཀྱི་དཔལ་འབྱོར་རིག་པ་ལྟར་ན་མི་སྒེར་སུ་ལ་ཡིན་ཀྱང་དཔལ་འབྱོར་གྱི་ཡར་རྒྱས་ངེས་པར་དགོས་ཀྱང་། ཡར་རྒྱས་དེ་སྤྱི་ཚོགས་ཧྲིལ་པོ་ལྷན་དུ་ཡར་རྒྱས་འགྲོ་བའི་ཆ་ཤས་ཤིག་ཡིན་དགོས་པ་ལས་ཚོགས་སྒེར་བྱེ་བྲག་པ་གང་རུང་ཡར་རྒྱས་སོང་ནས་གཞན་ཕལ་མོ་ཆེ་ཤུལ་དུ་ལུས་པ་སྟེ་ཆ་མ་སྙོམས་པའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བའི་ཐབས་ལ་འབད་དགོས། དེ་ལྟར་ཡོང་བར་ཡུལ་གྲུ་གཞན་ལ་འཛམ་གླིང་ནང་གི་ཕྱུག་ཤོས་ཀྱི་མི་ལྟ་བུ་དང་། སྟོབས་འབྱོར་ཆེ་ཤོས་ཀྱི་བཟོ་གྲྭ་ལྟ་བུ་སྙན་གྲགས་ཅན་ཡོད་ན་ཡང་། བོད་ཀྱི་དཔལ་འབྱོར་རིགས་པ་ལྟར་ན་སྤྱི་ཚོགས་རྗེས་ལ་བཞག་ནས་རང་ཉིད་གཅིག་པུ་ལྡབ་མང་པོས་སྔོན་དུ་འགྲོ་མཁན་དག་ལ་མི་དམངས་ཀྱིས་གཟེངས་རྟགས་སྤྲོད་པ་སོགས་ཀྱི་གུས་བཀུར་ནམ་ཡང་བྱ་མི་རུང་།


དེ་ལྟར་རང་མགོ་ཐོན་ཅིང་གཞན་དོན་སྒྲུབ་པའི་སྐབས་སྤྱི་དང་། ལྷག་པར་ད་ལྟའི་ཆར་ཕྱོགས་གཅིག་ནས་དཔལ་འབྱོར་མེད་པའི་དཀའ་ངལ་ཡོད་པ་ལ་གོང་གི་ཐབས་ལམ་རྣམས་དང་། ཡང་ཕྱོགས་གཅིག་ནས་དཔལ་འབྱོར་ཡོད་ཀྱང་དཀའ་ངལ་ཆེ་བའི་སྤྱི་ཚོགས་འདིར་ང་ཚོས་ནང་པའི་གསང་སྔགས་ཀྱི་ཐབས་ལམ་མང་པོ་ཞིག་བོད་ཀྱི་དཔལ་འབྱོར་རིག་པ་ལ་སྦྱོར་ཆོག་པར་མཐོང་། དེ་ཡང་ནང་པའི་གསང་སྔགས་ལྟར་ན་ལྟ་གྲུབ་གལ་ཆེ་ཤོས་ནི་དག་སྣང་སྒོམ་རྒྱུ་ཡིན་པས་ན། གསང་སྔགས་རྡོ་རྗེ་ཐེག་པ་ནི་ནང་པའི་ཆོས་ལུགས་ཚད་མཐོ་ཤོས་སུ་ངོས་འཛིན་པའི་བོད་རིགས་རྣམས་ཀྱིས་འཚོ་གནས་དང་བདེ་སྐྱིད་ལ་ཉེ་བར་མཁོ་བའི་དངོས་པོ་གང་ཡིན་ཀྱང་། དེ་ལ་དག་སྣང་གིས་གུས་བཀུར་གྱི་རྣམ་པ་གང་ཐུབ་ཀྱིས་གཅེས་སྤྲས་བྱ་དགོས། དཔེར་ན་བོད་ཀྱི་རིག་གཞུང་ལྟར་ན་ཕོར་པ་དང་ཐབ་ཀ་སོགས་ལ་རྐང་པས་འགོམ་མི་རུང་བ་ལྟ་བུ་རེད། དེ་བཞིན་ནང་པའི་གསང་སྔགས་ཀྱི་ནང་དུ་འདོད་ཡོན་ལ་སྤྱད་ཀྱང་འདོད་ཡོན་གྱིས་མ་འཆིང་བ་ཞེས་གསུངས་པ་ལྟར་བོད་ཀྱི་དཔལ་འབྱོར་རིག་པ་ལྟར་ན་ཡང་ཆོས་ཀྱི་ཉམས་ལེན་ཡིན་ཁུལ་གྱིས་སྤྲང་པོའི་འཚོ་བ་སྐྱེལ་ཐབས་ལ་མ་བསླབ་པར་དཔལ་འབྱོར་རང་ཉིད་ཀྱི་གཡོག་ཏུ་བཀོལ་བ་ལས་རང་ཉིད་དཔལ་འབྱོར་གྱི་གཡོག་ཏུ་མ་ཚུད་པ་ཞིག་ཡོང་ཐབས་ལ་འབད་དགོས། འདི་ནི་བོད་ཀྱི་དཔལ་འབྱོར་རིག་པ་ལྟར་ན་དཔལ་འབྱོར་སྒྲུབ་ཐབས་མ་ཡིན་པར་གང་ཡོད་པའི་དཔལ་འབྱོར་རྣམས་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་གཏོང་སྟངས་ཤིག་ཡིན་པས་ན་བོད་ཀྱི་དཔལ་འབྱོར་རིག་པའི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་དགོས།


དེ་དག་ནི་ཁོ་བོས་བསམས་ན་བོད་ཀྱི་དཔལ་འབྱོར་རིག་པ་ཞེས་པའི་རིག་གནས་ཤིག་དགོས་ན་དེ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནམ་ཁྱད་ཆོས་གཙོ་བོ་ཁ་ཤས་ཤིག་རེད་དྲན། འོན་ཀྱང་རང་ངོས་ནས་འདི་ལ་རེ་ཞིག་ད་ལྟའི་བར་སེམས་ལ་གང་དྲན་ཐོར་བཀོད་ནས་བྲིས་པ་ཞིག་ལས། ད་ནི་དཔྱད་པ་རྫོགས་ཡོད་སྙམ་ནས་འདོད་པ་ཁེངས་པ་ཞིག་ག་ལ་ཡིན། རྩོམ་ཡིག་འདིའི་བརྒྱུད་ནས་ཁོ་བོས་འབད་བརྩོན་བྱེད་བཞིན་པ་ནི་བོད་ཀྱི་དཔལ་འབྱོར་རིག་པ་ཟེར་བ་ཞིག་ང་རང་གིས་གསར་གཏོད་བྱེད་ཐབས་མ་ཡིན་པར་ངས་བསམས་ན་གང་ལྟར་ང་ཚོ་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས་ཡོད་པས་དེ་ལ་དཔགས་པའི་དཔལ་འབྱོར་རིག་པ་ཞིག་ཀྱང་དགོས་ཀྱི་འདུག་དྲན་ལ། དགོས་ན་ཡང་ད་ལྟའི་བར་མེད་པ་ནི་མི་རབས་སྔ་མ་རྣམས་ཀྱི་འཐུས་ཤོར་ཞིག་ཡིན་པས་ན། དེའི་སྟོང་ཆ་སྐོང་དགོས་པ་ནི་ང་ཚོའི་ལས་འགན་རེད་དྲན། དེར་བརྟེན་བོད་ཀྱི་དཔལ་འབྱོར་རིག་པ་ཞེས་པ་དངོས་སུ་བོད་རིགས་རྣམས་ལ་ཕན་ཞིང་བརྒྱུད་ནས་དེང་རབས་ཀྱི་སྤྱི་ཚོགས་སྤྱི་ལ་ཡང་མིག་དཔེ་བཟང་པོ་སྟོན་པའི་དཔལ་འབྱོར་རིག་པའི་མ་ལག་ཆ་ཚང་བ་ཞིག་གཞི་འདིང་བར་ང་ཚོས་ངེེས་པར་དུ་འབད་བརྩོན་བྱེད་དགོས་ཀྱི་འདུག་ཅེས་འབོད་བསྐུལ་བྱ་རྒྱུ་ནི་རྩོམ་འདིའི་དམིགས་ཡུལ་གཙོ་བོ་ཡིན།


གོ་ཐོས་ལྟར་ན་དབྱི་ཊ་ལིའི་བོད་རིག་པའི་མཁས་པ་ཆེན་པོ་ཏུ་ཅི་ནི་འཛམ་གླིང་དམག་ཆེན་གྱི་སྔོན་ཙམ་དུ་རྒྱ་གར་དང་། བོད། ཉི་ཧོང་སོགས་ས་ཆ་མང་པོར་ཕྱིན་ནས་ཤར་ཕྱོགས་ཀྱི་རིག་གཞུང་མང་པོར་སློབ་སྦྱོང་དང་ཉམས་ཞིབ་གནང་བས་རྒྱལ་སྤྱིའི་མཁས་པ་ཚད་ལྡན་དུ་གྱུར་པ་ལ། དེ་ཉིད་ཀྱིས་བོད་ཀྱི་རིག་གཞུང་གིས་ནུབ་ཕྱོགས་ཀྱི་མི་རིགས་སྐྱོབ་ཐུབ་པར་གསུངས་མྱོང་ཡོད་རབས་འདུག ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་ཧ་ཅང་དར་ཁྱབ་མི་ཆེ་ཡང་བོད་རིགས་ཉུང་ངུ་ཞིག་གིས་བོད་བརྒྱུད་ནང་བསྟན་འཛམ་གླིང་གི་ས་ཕྱོགས་གང་སར་དར་སྤེལ་བྱས་ཏེ་མི་རྣམས་ཀྱི་ནང་སེམས་ཀྱི་ཞི་བདེ་དང་ཕྱི་ཡི་ཀུན་སྤྱོད་གོང་འཕེལ་འགྲོ་བར་ནུས་པ་གང་འཚམས་ཐོན་ཡོད་པས་ལྟོས་འཇོག་གི་དབང་དུ་བཤད་ན་ད་ལྟའི་བར་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་བཤད་ན་ཡང་མི་འགྲིག་པ་མེད་པ་ཞིག་རེད་ལ། བོད་རིག་པའི་མཁས་པ་ཏུ་ཅི་གིས་ཀྱང་གཙོ་བོ་བོད་ཀྱི་ནང་ཆོས་རང་ལ་དགོངས་ནས་གོང་གསལ་གྱི་གཏམ་དེ་གསུངས་པ་ཡིན་སྲིད་ལ་ང་ཚོ་ཕལ་མོ་ཆེས་ཀྱང་དེ་རང་དྲན་སྲིད། འོན་ཀྱང་དོན་དུ་ང་ཚོས་ཆོས་ཕྱོགས་ཙམ་མིན་པར་དེ་དང་འབྲེལ་བའི་སྒོ་ནས་ཚན་རིག་དང་། དཔལ་འབྱོར་རིག་པ། གསོ་བ་རིག་པ་སོགས་ཐབས་ལམ་གཞན་གྱི་སྒོ་ནས་ཀྱང་འབད་བརྩོན་བྱས་ན་འཛམ་གླིང་ལ་ཞབས་འདེགས་ཞུ་མི་ཐུབ་པ་ག་ལ་ཡིན།


ལྷག་པར་ད་ལྟའི་ཆར་དཔལ་འབྱོར་གྱི་གནས་བབ་ནི་ང་ཚོའི་འཛམ་གླིང་འདི་དར་རྒུད་གང་དུ་འགྲོ་མིན་གྱི་འགག་རྩ་ལྟ་བུར་ཐུག་པ་ལ། ང་ཚོས་ནང་སེམས་ཀྱི་བདེ་སྐྱིད་དང་ཀུན་སྤྱོད་གཉིས་ལས། ཕལ་མོ་ཆེར་མཚོན་ན་དེ་གཉིས་ཀྱི་ཡང་གཞི་རྩ་དང་འགག་རྩར་གྱུར་པའི་དཔལ་འབྱོར་ལ་སྣང་མེད་བཏང་ན་ང་ཚོས་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ལ་དོ་སྣང་མ་བྱས་པ་ཡིན་པས་དེ་ལྟར་བྱས་ན་ང་ཚོས་འཛམ་གླིང་ཞི་བདེ་དང་། མི་རྣམས་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་པ་ནི་ཧ་ཅང་ཁག་པོ་ཡིན་པ་བཤད་ཅི་དགོས། དེས་ན་ང་ཚོས་ནང་གི་སེམས་འདུལ་སྦྱོང་དང་ཕྱི་ཡི་དཔལ་འབྱོར་མཁོ་སྒྲུབ་གཉིས་པོ་ཁ་བྲལ་དུ་མ་བཏང་བར་མཉམ་འབྲེལ་གྱི་ཐབས་ལམ་བཙལ་ན་འཚོལ་རྒྱུ་ཡོད་པ་ཞིག་རེད་ལ་འཚོལ་དགོས་པ་ཞིག་ཀྱང་རེད་དྲན་ནས། ཁོ་བོའི་རྩོམ་ཡིག་འདི་ཉིད་ཀྱང་ཁ་ཕྱོགས་དེ་འདྲ་ཞིག་ལ་འགྲོ་བའི་འབད་བརྩོན་བྱེད་པའི་ཁུལ་ཙམ་ཡིན། འདི་ཉིད་ཁོ་བོས་ཟླ་ཤས་ཀྱི་སྔོན་དུ་དངུལ་གྱི་ལམ་ལུགས་ངོ་སྤྲོད་ཅེས་པའི་མུ་འབྲེལ་རྩོམ་ཡིག་འགའ་འབྲི་བའི་སྐབས་སུ་ཐོག་མར་འབྲི་འདོད་བྱུང་ན་ཡང་། བརྗོད་བྱ་གལ་ཆེ་བའི་ཆ་ནས་ཁོ་བོས་སྐབས་རེ་དེ་རིང་བྲིས་ནས་སང་ཉིན་ཞུ་དག་རེ་བཏང་སྟེ་དྲ་ཐོག་ཏུ་བཀོད་པ་རྣམས་དང་མི་འདྲ་བར་འདི་ལ་བསམ་གཞིགས་མང་ཙམ་བྱས་ཁུལ་ཡིན། འོན་ཀྱང་རྣམ་དཔྱོད་དང་ཤེས་ཡོན་གཉིས་ཀས་མི་འདང་བས་ངོ་མཚར་བའི་རིག་པ་མང་པོ་ཞིག་སེམས་ལ་འཁོར་བའི་རེ་བ་ནི་དེ་ཙམ་མེད་པ་འདྲ།


དེ་ལྟར་ན་ཡང་སྐབས་རེ་དམིགས་བསལ་ཡིན་སྙམ་པའི་བསམ་བློ་རེ་འཁོར་སྐབས་ཐོར་བཀོད་རིམ་བཞིན་སྔོན་འགྲོའམ་གཞི་རྩའི་ལྟ་གྲུབ་སྟོན་པའི་རྩོམ་ཡིག་ཅིག་མི་རིང་བར་མཇུག་གྲུབ་པ་བྱེད་སྙམ་ན་ཡང་། ལོ་འདིར་ལས་ཀ་དང་འགྲིམ་འགྲུལ་མང་བས་དངོས་སུ་གོ་རིམ་བསྒྲིགས་ནས་འབྲི་བའི་དུས་མ་བྱུང་ནས་ཡུན་རིང་ལུས། དེ་ནས་ད་རེས་ཡུ་རོབ་ལ་ཐེངས་དང་པོ་སླེབས་པའི་སྐབས་སུ་རྟེན་འབྲེལ་ལྟ་བུས་ཐོག་མ་རང་དུ་དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན་ཨེ་ཌམ་སི་མི་ཐ་གི་འཁྲུངས་ཡུལ་ལ་སླེབས་རྒྱུ་བྱུང་བ་དེས། ཆེད་དུ་ཁོང་གི་འཁྲུངས་ཡུལ་དང་། དཔེ་ཁྲིད་གནང་ཡུལ་གྱི་མཐོ་སློབ། ཁོང་གི་གཟིམ་ཤག སྐུ་གཤེགས་ནས་ཕུང་པོ་སྦས་ས་སོགས་སུ་དངོས་སུ་ཕྱིན་ནས་བོད་རིགས་གཙོ་བོར་གྱུར་པ་ལ་ཕན་པའི་རེ་བས་བོད་ཀྱི་དཔལ་འབྱོར་རིག་པ་ཞེས་པའི་རྩོམ་ཡིག་འདི་ཉིད་འབྲི་རྒྱུ་བྱུང་། འོན་ཀྱང་གོང་དུ་བཤད་མ་ཐག་པ་ལྟར་འདི་ཉིད་གཙོ་བོ་རེ་བ་བཞིན་བྱུང་ན་ཤེས་ཡོན་པ་དང་རྩོམ་པ་པོ་གཞན་རྣམས་ཀྱིས་ཀྱང་ཐུགས་བསམ་བཞེས་པའི་ཆེད་དུ་འབོད་བསྐུལ་ལྟ་བུར་བྲིས་པ་ལས་ཁོ་བོས་འདིར་བཤད་པའི་ལྟ་གྲུབ་རྣམས་ཡང་དག་པའམ་ཆ་ཚང་བ་ཡིན་པར་དམ་བཅའ་བ་ནི་ལར་ནས་མིན།


རྒྱུ་མཚན་དེས་རྩོམ་འདི་ཡང་ཁོ་བོ་ལ་གནས་སྐབས་འདི་ཙམ་ལས་བཤད་དུ་མེད་པའི་རྒྱུ་མཚན་ལས་འདོད་པ་བཞིན་མཐར་ཕྱིན་པ་ཞིག་མ་ཡིན་པར་བྱུང་ན་གནས་སྐབས་འདི་ཉིད་ས་བོན་ལྟ་བུ་བྱས་ཏེ། རྗེས་སུ་རྣམ་དཔྱོད་ཀྱིས་འདང་ན་ད་དུང་ཡང་བསམ་གཞིགས་མང་དུ་བྱས་ཏེ་ལེགས་བཅོས་དང་། ཁ་སྣོན་དགོས་ངེས་རྣམས་བྱས་པའི་ཐོག་ཏུ། གཙོ་བོ་འདིའི་ནང་དུ་བཤད་པའི་དམིགས་ཡུལ་རྣམས་བསྒྲུབ་དགོས་པ་དང་བསྒྲུབ་ཐུབ་པ་ཞིག་ཡིན་ན། དམིགས་ཡུལ་དེ་དག་འགྲུབ་པར་ཚན་རིག་དང་མཐུན་པའི་ལག་ལེན་གྱི་ཐབས་ལམ་གང་དང་གང་སྤྱད་ན་བཟང་མིན་ཐད་རྩོམ་རྒྱས་ཙམ་འབྲི་ཐུབ་ན་དགའ་སྤྲོ་ཤིན་ཏུ་ཆེ་ཡང་བྱ་བ་དེ་ནི་ལས་སླ་པོ་ཞིག་ག་ལ་ཡིན།  གང་ལྟར་ཡང་བཟང་ཕྱོགས་ཀྱི་རེ་བ་དེ་འདྲ་ཞིག་ཡོད་པའི་ཐོག་ནས་ཁོ་བོས་གནས་སྐབས་རྩོམ་ཡིག་འདི་ཉིད་མཇུག་གྲུབ་པ་བྱས་ཏེ། ཞར་བྱུང་ལྟ་བུར་ཐལ་ཡང་གལ་ཆེ་ཤོས་ཏེ་འཛམ་གླིང་སྤྱི་དང་ལྷག་ཏུ་བོད་རིགས་ལ་དུང་བའི་བོད་ཀྱི་ཤེས་ཡོན་པ་གཞན་གྱིས་ཀྱང་འདིའི་ཐད་ལ་ཐུགས་བསམ་རེ་བཞེས་རོགས་ཞེས་འབོད་བསྐུལ་དང་བཅས་རྩིས་ཆེ་ལེགས་མཐོང་ཞེས་འབོད་པས་ཡུ་རོབ་ཀྱི་ལུང་པ་སི་ཀོ་ཊི་ལེན་ཌི་ལ་སྡོད་སྐབས་སྦྱར་བ་ན་སྤྱི་ལོ་༢༠༡༩ ཟླ་༩ ཚེས་༣༠ ཉིན་མོ་གནམ་ཐང་དུ་ཐོན་ཁར་ལེགས་པར་གྲུབ་པའོ།།


      30-9-2019 Scotland, UK


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།