སྒྱུ་རྩལ་གྱི་ལྟ་གྲུབ།(བཞི་པ།)

3251


               རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

བཞི་པ། ནུབ་ཕྱོགས་ཀྱི་སྔ་རབས་སྒྱུ་རྩལ།



དེ་ལྟར་གནའ་བོའི་རིག་གཞུང་གི་སྒྱུ་རྩལ་ནི་གཙོ་བོ་མཛེས་རྣམ་ལས་ཀྱང་བེད་སྤྱོད་ཅིག་གི་ཆེད་དུ་ཡིན་ཅིང་། དེ་ཡང་གཙོ་བོ་དད་མོས་མཚོན་བྱེད་ཡིན་པ་རེད། ཆེས་གདོད་མའི་མི་རྣམས་ཀྱི་ཆས་གོས་དང་ཡིག་གཟུགས་ལ་སོགས་པ་ལ་ཡང་སྒྱུ་རྩལ་མཐོང་དུ་ཡོད་པས་སྒྱུ་རྩལ་གྱི་ལོ་རྒྱུས་ནི་ཧ་ཅང་རིང་ན་ཡང་། སྒྱུ་རྩལ་གྱི་ལྟ་གྲུབ་སྐོར་གླེང་སློང་བྱས་པ་ནི་ལྟོས་འཇོག་གི་དབང་དུ་བཤད་ན་དུས་ཕྱིས་སུ་ཡིན་པར་གྲགས། དེ་ཡང་གནའ་བོའི་རྒི་རི་སི་ལུང་པར་ Plato པི་ལེ་ཊོ་ (429-347 སྤྱི་ལོའི་སྔོན་) ཡི་སྐབས་སུ་བྱུས་ཉེས་དང་དཀའ་སྡུག་འདྲ་མིན་འཕྲད་པའི་ཡིད་སྐྱོའི་ཟློས་གར་ཧ་ཅང་དར་ཁྱབ་ཆེ་བ་ལ་དེ་དག་གིས་དངོས་པོ་རྣམས་ཀྱི་རང་བཞིན་དང་འགྲོ་བ་མི་ཡི་མི་ཚེའི་གནས་ལུགས་སྟོན་པས་ན་དེ་ལ་བརྟེན་ནས་མཁས་པ་ཆེན་པོ་པི་ལེ་ཊོ་ཡིས་སྒྱུ་རྩལ་ནི་ལད་ཟློས་ཤིག་ཡིན་པའི་ལྟ་གྲུབ་སྤེལ། འོན་ཀྱང་ཁོང་གིས་ཡོངས་གྲགས་སུ་སྒྱུ་རྩལ་དུ་ངོས་འཛིན་པ་ཡིད་སྐྱོའི་ཟློས་གར། འདྲ་ལུས། ཐང་ག། རྫ་བཟོ། ཁང་བཟོ་རིག་པ་ལ་སོགས་པ་རྣམས་སྒྱུ་རྩལ་ལས་ཀྱང་ལག་ཤེས་ཀྱི་རྣམ་པར་གཟིགས་ནས་གསུངས་ཡོད། པི་ལེ་ཊོ་ཡི་ལྟ་གྲུབ་ལྟར་ན་དངོས་པོ་ཐམས་ཅད་ལ་དོན་དམ་གྱི་རྣམ་པ་ཞིག་ཡོད་པ་ལ། ང་ཚོའི་སྣང་ཡུལ་དུ་གྱུར་པའི་དངོས་པོ་འདི་དག་ནི་དེའི་གཟུགས་བརྙན་ཙམ་ཡིན་ཅིང་། སྒྱུ་རྩལ་ནི་གཟུགས་བརྙན་གྱི་ཡང་གཟུགས་བརྙན་ནམ་འདྲ་བཤུས་ཙམ་ཡིན་པས་ན་ཁོང་གིས་དེ་དག་ལ་ཚད་ངེས་ཅན་གྱི་ཐོག་ནས་མཐོང་ཆུང་གིས་སྐྱོན་བརྗོད་ཀྱང་གནང་གི་ཡོད།


པི་ལེ་ཊོ་ཡིས་སྒྱུ་རྩལ་པས་དངོས་པོ་ཞིག་གི་རྣམ་པ་ཙམ་ལ་རོལ་བར་བྱེད་ཅིང་། མཚན་ཉིད་རིག་པ་བས་དངོས་པོ་དེ་ཡི་རྣམ་པ་ལས་བརྒལ་ནས་དེའི་རང་བཞིན་དང་གནས་ལུགས་དངོས་ལ་རོལ་ཐུབ་པར་འདོད་པས་ན་ཁོང་གིས་མཚན་ཉིད་རིག་པ་བར་མཐོང་ཆེ་ཤོས་གནང་གི་ཡོད་པ་རེད། དེར་བརྟེན་ཁོང་གིས་ཡིད་སྐྱོའི་ཟློས་གར་གྱི་ནང་དུ་མི་བཟང་པོ་ལ་ཡང་མཇུག་འབྲས་ངན་པ་འཁོར་བ་ནི་འོས་ཤིང་མི་འཚམས་པ་ཞིག་ཡིན་པས་ན་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་ཡིད་སྐྱོའི་ཟློས་གར་དང་། ཡིད་སྐྱོའི་ཟློས་གར་དང་འབྲེལ་བའི་སྙན་ངག་བཅས་ལ་བཀག་འགོག་ནན་པོ་བྱས་ཏེ་དེ་འདྲའི་རིགས་ཁྱབ་སྤེལ་བྱ་མི་རུང་བར་གསུངས། འོན་ཀྱང་ཁོང་གི་སློབ་མ་ Aristotle ཨ་རི་སི་ཊོ་ཊེལ་((384–322 སྤྱི་ལོའི་སྔོན་) གིས་རང་ཉིད་ཀྱི་སློབ་དཔོན་པི་ལེ་ཊོ་ཡི་དགོངས་པ་ལ་དགག་པ་གནང་ནས་དངོས་པོ་རྣམས་ལ་དོན་དམ་དུ་གྲུབ་པའི་རྣམ་པ་ཟུར་པ་ཞིག་མེད་པ་དང་། འདྲ་ལུས་དང་ཐང་ག་སོགས་འདྲ་བཤུས་ཡིན་ཀྱང་དེ་དག་གིས་མི་རྣམས་ལ་དགའ་སྤྲོ་སྟེར་ཐུབ་ཅིང་། ཡིད་སྐྱོའི་ཟློས་གར་གྱི་ནང་དུ་མི་བཟང་པོ་ལ་མཇུག་འབྲས་ངན་པ་འཁོར་བ་ནི་དཔའ་བོ་དེ་ལ་ཀུན་སློང་ངན་པ་ཡོད་པས་མ་ཡིན་པར་དཔའ་བོ་དེས་ནོར་འཁྲུལ་ཤོར་བར་སྟོན་པ་དང་། དེས་ང་ཚོར་དཀའ་ཁག་ཅན་གྱི་གནས་སྟངས་ལ་གདོང་ལེན་གང་འདྲ་བྱས་ནས་བྱེད་དགོས་པ་སོགས་ཀྱི་ཐབས་ལམ་སྟོན་པས་ན་དེ་དག་ནི་ཤེས་ཡོན་སྤྲོད་པའི་ཐབས་ལམ་ཞིག་ཀྱང་ཡིན་པས་ན་ཧ་ཅང་གལ་ཆེ་བར་གསུངས་ཤིང་ཁོང་གི་གསུང་དེ་ཉིད་ཀྱིས་ཕྱིས་སུ་ནུབ་ཕྱོགས་པའི་ཟློས་གར་གྱི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད།


དེ་རྗེས་ནུབ་ཕྱོགས་ལ་དུས་རབས་མང་པོའི་རིང་དུ་ཡེ་ཤུའི་ཆོས་ལུགས་ཤུགས་ཆེན་དར་སྐབས་སྒྱུ་རྩལ་ནི་གཙོ་བོ་ཆོས་ལུགས་པའི་དབང་དུ་གྱུར་ནས་ཕོ་མོ་གཅེར་བུར་ཡོད་པའི་རི་མོ་དང་འདྲ་ལུས་སོགས་སྒྱུ་རྩལ་གྱི་རིགས་མང་པོ་ཞིག་འདོད་ཆགས་འཕེལ་བར་བྱེད་པ་སོགས་ཀྱིས་སྡིག་པའི་རྒྱུར་ངོས་འཛིན་གྱིས་བཀག་འགོག་ནན་པོ་བྱས། འོན་ཀྱང་འཇིག་རྟེན་ཕྱོགས་ཀྱི་སྒྱུ་རྩལ་རྣམས་ལས་དེ་ལས་གཞན་ལྷ་ཁང་བཟོ་བ་དང་། སྟོན་པ་ཡེ་ཤུའི་མཛད་རྣམ་འབྲི་བ་སོགས་ནི་ཆོས་ལུགས་ཀྱི་ཆ་ཤས་གལ་ཆེན་དུ་གྱུར་པས་དེའི་ཐད་ལ་རྩལ་འདོན་ཆེན་པོ་བྱས་ཡོད། སྐབས་དེར་བྱུང་བའི་སྒྱུ་རྩལ་གྱི་བརྩམས་ཆོས་གལ་ཆེ་ཤོས་ཡེ་ཤུའི་ལྷ་ཁང་རྣམས་ཡིན་པ་ལ་དེ་དག་ལ་མཛེས་རྣམ་གྱི་ལྟ་གྲུབ་ཁྱད་ཆོས་གཙོ་བོ་གསུམ་ཡོད་པ་ནི་ཆ་ཚད་སྙོམས་པོ་དང་། འོད་སྣང་འཕྲོ་བ། གཟུགས་བཀོད་སྒྲུང་གཏམ་བཅས་ཡིན་པ་རེད། བོད་ལུགས་ཀྱི་ལྷ་ཁང་མང་པོར་སྒེའུ་ཁུང་ཧ་ཅང་ཆུང་བ་དང་ཧ་ཅང་ཉུང་བ་སོགས་ཀྱིས་མུན་ནག་གི་རྣམ་པ་ཆེ་ན་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་ལུགས་སུ་འོད་ཀྱིས་ལྷ་ཆེན་པོ་མཚོན་པས་ན་ལྷ་ཁང་ནི་ལྷ་ཆེན་པོ་ཕེབས་གནས་བཞུགས་གསུམ་གྱི་གནས་ཡིན་པའི་མཚོན་བྱེད་དུ་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ལྷ་ཁང་ལ་ཤེལ་གྱི་སྒེའུ་ཁུང་ཆེན་པོ་མང་པོ་བཟོ་བའི་ལུགས་སྲོལ་ཡོད། དེའི་ཐོག་ཏུ་ལྷ་ཁང་གི་ཕྱི་ནང་གང་སར་ལྷ་ཆེན་པོ་དང་སྟོན་པ་ཡེ་ཤུ། ཡེ་ཤུའི་ཆོས་ལུགས་ཀྱི་གཏམ་རྒྱུད་དང་ལྟ་གྲུབ་མཚོན་པའི་རི་མོ་དང་འབུར་བརྙན་སོགས་ཀྱིས་གང་ནས་ཡོད།


ཁ་ཆེའི་ཆོས་ལུགས་དང་མཚུངས་པར་ཡེ་ཤུའི་ཆོས་ལུགས་ཀྱིས་ཀྱང་ལྷ་ཡི་སྐུ་དང་རི་མོ་སོགས་མཆོད་པ་ནི་རང་གི་ཆོས་ལུགས་ཀྱི་དམ་ཚིག་དང་འགལ་བས་སྤང་བྱ་གལ་ཆེ་ཤོས་ཤིག་ཏུ་འདོད་ཀྱང་། ཡེ་ཤུའི་སྟོན་པ་དང་དེའི་ཡུམ་ Virgin Mary ཝིར་རྗིན་མེ་རི་གཉིས་པོ་ནི་མི་ཡིན་པར་བརྟེན་དེ་གཉིས་ཀྱི་ཐང་ག་དང་སྐུ་བརྙན་བཟོ་བའི་ལུགས་ཤུགས་ཆེན་དར་ཞིང་། དེ་དག་ལ་དད་མོས་བྱེད་མཁན་དང་། དེ་དག་དང་འབྲེལ་བའི་ལྷ་སྒྲུང་ཡང་ཇེ་མང་དུ་གྱུར་ཏེ་དུས་རབས་བཅུ་བཞི་པའི་ཡས་མས་ལ་ཡེ་ཤུའི་ཆོས་ལུགས་ནང་ཁུལ་དུ་དེ་ལ་ངོ་རྒོལ་བྱེད་མཁན་ཀྱང་མང་པོ་བྱུང་། དེ་དང་དུས་མཉམ་དུ་ Italy དབྱི་ཊི་ལི་ནས་སྒྱུ་རྩལ་དང་རིག་གནས་གཙོ་བོར་བྱེད་པའི་གསར་བརྗེ་ཞིག་དར་བ་ལ་མིང་དུ་ Renaissance རིག་རྩལ་བསྐྱར་དར་ཞེས་འབོད།  དུས་སྐབས་དེར་སྒྱུ་རྩལ་གྱི་ལྟ་གྲུབ་དང་འབྲེལ་བའི་དཔེ་དེབ་རྩོམ་མཁན་ཀྱང་མང་པོ་བྱུང་ཡོད་ལ། མཛེས་རྣམ་མམ་སྒྱུ་རྩལ་གྱི་ལྟ་གྲུབ་ཐད་སྔར་མེད་ཀྱི་གོམ་པ་གསར་པ་ཞིག་སྤོས་པ་ནི་དུས་སྐབས་དེར་མཚོན་ན་ཆེས་བླ་ན་མེད་པའི་སྒྱུ་རྩལ་ནི་སྒྱུ་རྩལ་པས་རང་ཉིད་ཀྱིས་སྟོན་འདོད་པའི་རྣམ་འགྱུར་དང་། སེམས་ཀྱི་འཆར་སྣང་ཡོངས་རྫོགས་རང་དབང་ཐོག་གང་འདོད་བཞིན་སྟོན་པ་ལས་དེ་ལ་བེད་སྤྱོད་ཀྱི་དགོས་མཁོ་སྐོང་དགོས་པ་སོགས་ལག་ལེན་དངོས་དང་འབྲེལ་བའི་བསམ་བློ་གང་གིས་ཀྱང་འགོག་རྒྱ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་བྱུང་བ་དེ་ཡིན་པ་རེད། 


འོན་ཀྱང་རིག་རྩལ་བསྐྱར་དར་གྱི་སྐབས་སུ་ཡང་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་ངོས་ནས་བཤད་ན་སྲོལ་རྒྱུན་ལས་རྦད་དེ་འདའ་མེད་པ་སྟེ། སྒྱུ་རྩལ་ནི་དངོས་ཡོད་ཀྱི་འདྲ་བཤུས་ཤིག་ཡིན་པའི་ལྟ་གྲུབ་དེ་ཉིད་གནའ་བོའི་རྒི་རི་སི་ཡི་སྐབས་ནས་བྱུང་ཞིང་། རིག་རྩལ་བསྐྱར་དར་གྱི་སྐབས་སུ་ལྟ་གྲུབ་དེ་ཉིད་མུ་མཐུད་གནས་ཡོད། དེར་བརྟེན་རིག་རྩལ་བསྐྱར་དར་སོགས་ཀྱི་སྐབས་སུ་མི་དང་ཡུལ་ལྗོངས་ཀྱི་ཐང་ག་རྣམས་མངོན་སུམ་བཞིན་དུ་སྟོན་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱས་ཡོད་པ་མཐོང་ཐུབ་ཅིང་། མི་མང་པོ་ཞིག་གིས་སྒྱུ་རྩལ་ལ་གསོན་ཉམས་སམ་མངོན་སུམ་གྱི་ཉམས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དགའ་མོས་ཆེ་བ་ཡང་བཤད་མ་དགོས་པ་ཞིག་རེད། དེ་ལྟར་རིག་རྩལ་བསྐྱར་དར་གྱི་སྐབས་སུ་འདྲ་བཤུས་ནི་སྒྱུ་རྩལ་བཟོ་སྐྲུན་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ལྟ་ཚུལ་གྱིས་རང་སྟོབས་ཀྱི་གསར་གཏོད་བྱེད་ཐབས་ལས་ཀྱང་སྒྱུ་རྩལ་མང་པོའི་ལེགས་ཆ་བསྡུ་བ་ལ་སློབ་གསོ་དང་སྐུལ་མ་བྱེད་ཀྱི་ཡོད་པ་རེད། འདྲ་བཤུས་ཀྱི་ལྟ་གྲུབ་དེ་ནི་ནུབ་ཕྱོགས་ལ་དུས་རབས་བཅུ་དགུ་པའི་བར་དུ་རྒྱུན་གནས་བྱུང་བས་ན། དུས་རབས་ཉི་ཤུ་པར་བྱུང་བའི་སྒྱུ་རྩལ་གྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ E.H. Gombrich རྒོམ་རིག་ (1909–2001) གིས་ནུབ་ཕྱོགས་ཀྱི་སྒྱུ་རྩལ་སྤྱི་དང་ལྷག་པར་དུ་རི་མོའི་སྒྱུ་རྩལ་ནི་དངོས་པོའི་གནས་ཚུལ་གསལ་པོར་སྟོན་ཐབས་ལ་ཡར་རྒྱས་ཀྱི་ཐབས་ལམ་འཚོལ་བའི་བརྒྱུད་རིམ་ཞིག་ཡིན་པར་གསུངས།


རིག་རྩལ་བསྐྱར་དར་གྱི་སྐབས་སུ་གལ་ཆེ་ཤོས་སྒྱུ་རྩལ་གཙོ་བོར་གྱུར་པའི་མི་ཆོས་རིག་གནས་རྣམས་བསྐྱར་དར་བྱུང་བས་སྐབས་དེའི་ཕུལ་བྱུང་མི་སྣ་རྣམས་ལ་མཚོན་ན་གལ་ཆེ་ཤོས་ནི་ཆོས་ལུགས་དང་ལྷ་ཆེན་པོ་ལས་ཀྱང་འགྲོ་བ་མི་དང་རང་བྱུང་ཁམས་གཉིས་ཡིན་པར་གྲགས། ད་དུང་དེ་སྔོན་སྒྱུ་རྩལ་ནི་ཆོས་ལུགས་དང་ཚོགས་སྡེ་ཁག་གི་ལག་ཆ་ཞིག་ཡིན་ན་ཡང་ད་ཆ་མི་སྒེར་གྱི་ཆེད་དུ་སྒྱུ་རྩལ་གྱི་བརྩམས་ཆོས་བཟོ་སྐྲུན་བྱེད་མཁན་ཇེ་མང་དུ་གྱུར་ཅིང་། དེ་སྔོན་རི་མོའི་སྒྱུ་རྩལ་སོགས་ཀྱི་ནང་དོན་གཙོ་བོ་ཆོས་ལུགས་དང་འབྲེལ་བ་ཡིན་ན་ཡང་ད་ཆ་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་རྣམས་ནང་དོན་གཙོ་བོར་གྱུར། ད་དུང་མི་སེར་ཕལ་པའི་འཚོ་བ་དང་། དེ་བཞིན་ཕོ་གཅེར་བུར་ལང་པའམ་མོ་གཅེར་བུར་སྡོད་པ་སོགས་ཀྱི་སྣང་བརྙན་འབྲི་བའི་ལུགས་སྲོལ་ནི་གནའ་བོའི་རྒི་རི་སིའི་རྗེས་ལ་ཡུན་རིང་ཉམས་རྒུད་བྱུང་ཡང་རིག་རྩལ་བསྐྱར་དར་གྱི་སྐབས་དེར་སླར་ཡང་དར་འཕེལ་བྱུང་བས་དེང་རབས་ཀྱི་སྒྱུ་རྩལ་སྐབས་དེ་ཙམ་ནས་མགོ་ཚུགས་པར་ངོས་འཛིན་མཁན་ཀྱང་ཡོད། གལ་ཆེ་ཤོས་ནི་དེའི་སྔོན་གྱི་སྒྱུ་རྩལ་པ་རྣམས་ཅི་ཙམ་ཕུལ་དུ་བྱུང་བ་ཡིན་ཀྱང་དེའི་བརྩམས་ཆོས་ཙམ་ལས་སྒྱུ་རྩལ་བ་རང་ཉིད་ལ་བརྩི་མཐོང་ཕལ་ཆེར་མེད་པས་སྒྱུ་རྩལ་པ་ཞིག་གི་སྒེར་གྱི་མི་ཚེའི་ལོ་རྒྱུས་སམ་ངོ་སྤྲོད་ནི་ཉིན་མོའི་སྐར་མ་ཡིན་ཀྱང་རིག་རྩལ་བསྐྱར་དར་ནས་བཟུང་སྟེ་སྒྱུ་རྩལ་བ་རྣམས་ལ་གདེངས་འཇོག་ཚད་མཐོན་པོ་ཐོབ་པའི་མགོ་ཚུགས་པས་སྐབས་དེ་ནས་བཟུང་ང་ཚོས་སྒྱུ་རྩལ་པ་གྲགས་ཅན་མང་པོ་ཞིག་གི་སྐོར་ལ་གོ་རྟོགས་ཚད་ལྡན་ལོན་ཐབས་ཡོད་པ་འདི་བྱུང་བས། སྒྱུ་རྩལ་གྱི་ལོ་རྒྱུས་ངོས་ནས་བཤད་ན་དེ་ནི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པ་བཤད་མ་དགོས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།