སྒྱུ་རྩལ་གྱི་ལྟ་གྲུབ།(གསུམ་པ།)

3045


                          རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

གསུམ་པ། རིག་གཞུང་འདྲ་མིན་གྱི་སྒྱུ་རྩལ།


དེ་ལྟར་འཛམ་གླིང་འདིར་རིག་གཞུང་མི་འདྲ་བ་ཧ་ཅང་མང་ཞིང་དེ་སོ་སོར་སྒྱུ་རྩལ་གྱི་ལྟ་གྲུབ་རེ་ཡོད་ངེས་པས་རེ་རེ་བཞིན་བཤད་ཐབས་བྲལ་བས་ན་འདིར་ཁོ་བོས་བཤད་པར་བྱ་བ་གཙོ་བོ་ནི་ནུབ་ཕྱོགས་པའི་སྒྱུ་རྩལ་གྱི་ལྟ་གྲུབ་ཡིན། དེའི་རྒྱུ་མཚན་ལྟ་གྲུབ་དེ་ཉིད་ཕྱུག་ཤོས་དང་། ཡར་རྒྱས་ཆེ་ཤོས། ལྷག་པར་ད་ལྟའི་དུས་སུ་དེ་ནི་ནུབ་ཕྱོགས་ཙམ་མིན་པར་འཛམ་གླིང་རང་བཞིན་གྱི་སྒྱུ་རྩལ་ལྟ་གྲུབ་ཏུ་གྱུར་ཡོད་པས་ཡིན་པ་བཤད་མ་དགོས། དེ་ལ་འདིར་ཁོ་བོས་ནུབ་ཕྱོགས་པའི་སྒྱུ་རྩལ་གྱི་ལྟ་གྲུབ་བཤད་པའི་ཁུངས་བཅོལ་ས་གཙོ་བོ་གོང་དུ་བཤད་པ་བཞིན་ <<Art Theory སྒྱུ་རྩལ་ལྟ་གྲུབ་>> ཅེས་པ་དེ་ནས་འབྱུང་བ་ལྟར་ན། གནའ་རྫས་སྔོག་འདོན་སོགས་ཀྱི་ཐབས་ལམ་གྱི་བརྒྱུད་ནས་རྙེད་སོན་བྱུང་བའི་གནའ་བོའི་སྒྱུ་རྩལ་གྱི་བརྩམས་ཆོས་ཕལ་མོ་ཆེ་ཆོས་ལུགས་ཀྱི་ནང་དོན་ཡོད་པ་ཤ་སྟག་ཡིན་པས་ན་སྒྱུ་རྩལ་ཉམས་ཞིབ་པ་འགའ་ཤས་ཀྱིས་ཐོག་མའི་ཆར་སྒྱུ་རྩལ་ནི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པར་བཤད་ཅིང་དེ་ལ་རྒྱུ་མཚན་ཡང་ཆེན་པོ་ཡོད་འདུག། ངོ་མཚར་བ་ཞིག་ལ་སྐབས་དེར་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་བའི་སྒྱུ་རྩལ་རྣམས་སུ་ཁྲག་གི་བེད་སྤྱོད་ཧ་ཅང་ཤུགས་ཆེ་བ་ལ་དེའི་རྒྱུ་མཚན་འགའ་ཤས་ཀྱིས་ཁ་དོག་དམར་པོས་མིའི་དོ་སྣང་གཞན་ལས་ལྷག་པ་འགུག་པར་བྱེད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཅིང་། འགའ་ཤས་ཀྱིས་བཤད་ན་ཁྲག་ནི་ང་ཚོ་འགྲོ་བ་མི་གཙོ་བོར་གྱུར་པའི་ཚེ་སྲོག་གི་དང་མ་ཡིན་པ་དང་། བུ་མོ་ལོ་ཆུང་གིས་ཆགས་པ་ཐོག་མར་སྤྱོད་སྐབས་ཁྲག་དོན་པས་བྱིས་པ་ནས་བུད་མེད་ཀྱི་རིམ་པ་ལ་འཕོས་པའི་འཚར་ལོངས་མཚོན་ཅིང་། སྐྱེས་པ་རྣམས་ཀྱི་ཁྲག་གིས་དཔའ་དང་སྙིང་སྟོབས་མཚོན་པ་དང་། ཆོས་ལུགས་པ་རྣམས་ཀྱིས་ཁྲག་གིས་ལྷ་ལ་མཆོད་པ་འབུལ་བས་བླ་ན་མེད་པའི་དད་པ་མཚོན་པ་སོགས། མདོར་ན་ཁྲག་གིས་བཟང་ངན་དང་། གཙང་བཙོག་སྣ་ཚོགས་པ་ཞིག་མཚོན་པས་ན་གནའ་བོའི་རིག་གཞུང་དུ་ཁྲག་དང་ཁ་དོག་དམར་པོ་ནི་སྒྱུ་རྩལ་གྱི་གྲུབ་ཆ་ཆེས་གལ་ཆེན་ཞིག་ཡིན་པ་རེད།



དེ་ལ་རྒྱ་གར་དུ་སྒྱུ་རྩལ་གྱི་ལྟ་གྲུབ་སྟོན་པའི་གཞུང་གཙོ་བོ་ནི་དུས་རབས་དང་པོའི་ཡས་མས་ཙམ་ལ་བྱུང་བར་ངོས་འཛིན་པའི་སློབ་དཔོན་ཆེན་པོ་ भरतमुनि བྷ་རཏ་མུ་ནི་ཞེས་པས་མཛད་པར་གྲགས་པ་ <<नाट्यशास्त्र ནཱཏྱ་ཤཱསྟྲ་>>ཞེས་པ་སྟེ་<<ཟློས་གར་གྱི་བསྟན་བཅོས་>> ཞེས་པ་དེ་ཡིན་རབས་འདུག དེ་ནི་ལེའུ་སུམ་ཅུ་སོ་དྲུག་ཡོད་པའི་བསྟན་བཅོས་ཧ་ཅང་རྒྱས་པོ་ཞིག་ཡིན་པ་དང་། རྒྱ་གར་གྱི་ཟློས་གར་དང་། གར་རམ་ཞབས་བྲོ། རོལ་དབྱངས་སོགས་སྒྱུ་རྩལ་གྱི་རིགས་ཐམས་ཅད་ལ་མཚོན་ན་དེ་ནི་ཧ་ཅང་གལ་ཆེ་བའི་གཞུང་ཞིག་ཡིན་པ་རེད། གཙོ་བོ་གཞུང་དེ་ལ་བརྟེན་ནས་རྒྱ་གར་དུ་སྒྱུ་རྩལ་གྱི་ཁྱད་ཆོས་སུ་ रस རས་ཞེས་པའམ་ཉམས་དགུ་ཞེས་པའི་ལྟ་གྲུབ་བྱུང་བ་ལས། ཉམས་དགུ་ནི་ནང་པའི་གསང་སྔགས་ཀྱི་གཞུང་རྣམས་དང་སྙན་ངག་མེ་ལོང་མ་སོགས་ཀྱི་ནང་དུ་འབྱུང་བ་སྟེ། ༡ शृङ्गारः སྒེག་པ། ༢ वीरं དཔའ་བ། ༣ बीभत्सं མི་སྡུག་པ། ༤ हास्यं རྒོད་པ། ༥ रौद्रं དྲག་ཤུལ། ༦ भयानकं འཇིགས་རུང་། ༧ कारुण्यं སྙིང་རྗེ། ༨ अद्भुतं རྔམ་པ། ༩ शांत ཞི་བ་བཅས་ཡིན་པ་རེད། ཉམས་དགུ་ལས་གཞན་བརྒྱད་པོ་ <<ཟློས་གར་གྱི་བསྟན་བཅོས་>> ཞེས་པ་དེའི་ནང་དུ་དངོས་སུ་གསལ་ན་ཡང་ཉམས་དགུ་པ་ཞི་བའི་ཉམས་ནི་ཕྱིས་སུ་འགྲེལ་པ་མཁན་པོ་རྣམས་ཀྱིས་ཁ་སྣོན་མཛད་པ་ཞིག་ཡིན་པར་གྲགས། གང་ལྟར་སྐབས་དེ་ནས་བཟུང་ད་ལྟའི་བར་རྒྱ་གར་བའི་གཞི་རྩའི་སྒྱུ་རྩལ་གྱི་ལྟ་གྲུབ་ནི་ཉམས་དགུ་གཞིར་བཞག་ཐོག་གནས་ཡོད་ན་ཡང་དེ་ལ་ནང་གསེས་སུ་གྲུབ་མཐའ་འམ་ལུགས་མི་འདྲ་བ་མང་པོ་ཡོད་པར་བཤད།



རྒྱ་ནག་གི་རིག་གཞུང་ནི་ཀུན་སྤྱོད་དང་སྒྲིག་གཞི་ཧ་ཅང་གལ་ཆེན་དུ་འཛིན་པའི་རིག་གཞུང་ཞིག་ཡིན་པས་ན་གནའ་བོའི་རྒྱ་ནག་གི་སྒྱུ་རྩལ་རི་མོ་སོགས་ལ་བུད་མེད་དམར་ཧྲེང་མ་དང་སྐྱེས་པའི་མགོ་བོ་གཅོད་བཞིན་པ་སོགས་ཀྱི་རི་མོ་ནི་མི་སྲིད་པ་ལྟ་བུ་ཡིན་པ་རེད། འོན་ཀྱང་དེ་ལས་ལྡོག་སྟེ་རྒྱ་ནག་གི་ཟློས་གར་ལ་དྲག་ཤུལ་གྱི་རྣམ་པ་ཅུང་ཆེ་ན་ཡང་ཟློས་གར་གྱི་མཇུག་ནི་ངེས་པར་དུ་དགའ་སྐྱིད་ཀྱི་རྣམ་པས་མཇུག་རྫོགས་དགོས་པ་སྟེ། དེའི་བརྒྱུད་ནས་ལྟད་མོ་བ་རྣམས་ལ་བཟང་སྤྱོད་དང་མཐུན་པའི་ཚོར་སྣང་འདོད་པ་ཚིམས་པ་ཞིག་སྤྲོད་པ་ནི་ཟློས་གར་གྱི་སྙིང་པོ་ཡིན་པ་རེད། འོན་ཀྱང་མཁས་པ་རྣམས་ཀྱིས་བཤད་ན་རྒྱ་ནག་གི་ཟློས་གར་ནི་རྒྱ་ནག་རང་ཉིད་ཀྱི་ལུགས་སྲོལ་ཞིག་མིན་པར་དུས་རབས་བཅུ་གསུམ་པའི་ནང་དུ་སོག་པོས་རྒྱ་ནག་དབང་དུ་བསྒྱུར་བའི་སྐབས་སུ་རྒྱ་ནག་ལ་བྱུང་བ་ཞིག་ཡིན་པ་རེད། དེ་ལྟར་རྒྱ་ནག་ལ་སྒྱུ་རྩལ་གྱི་རིགས་མང་པོ་ཡོད་པ་ལ་དམིགས་བསལ་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་ལྟ་གྲུབ་གལ་ཆེ་བ་གཅིག་ནི་སྙན་ངག་དང་། ཡིག་གཟུགས། རི་མོ་གསུམ་མཉམ་དུ་བསྡེབས་པ་ལས་བྱུང་བའི་སྒྱུ་རྩལ་ཏེ། ཡིག་གཟུགས་མཁས་པས་རི་མོ་འབྲི་བ་ལ། རི་མོ་དེ་ནི་སྒྲ་མེད་ཀྱི་སྙན་ངག་ཡིན་ཅིང་། སྙན་ངག་ནི་གཟུགས་མེད་ཀྱི་རི་མོ་ཡིན་པ་རེད། དེ་ལ་རྒྱ་ནག་གི་སྐད་དུ་ 诗书画三绝 ཞེས་གྲགས་པ་སྟེ། སྙན་བྲིས་རི་གསུམ་གྱི་རྣམ་དག་ཅེས་པའི་དོན་དུ་གོ། ལྟ་གྲུབ་དེ་ཉིད་ཐོག་མར་ཐང་རྒྱལ་རབས་ཀྱི་སྐབས་སུ་བྱུང་བ་ལ་དུས་ཡུན་རིང་པོར་རྒྱ་ནག་གི་ཤེས་ཡོན་པ་རྣམས་ལ་མཚོན་ན་མེད་དུ་མི་རུང་བའི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གྱུར་ཡོད།


རྒྱ་ནག་ལ་རི་མོའི་དབང་དུ་བྱས་ན་སྤྱི་ལོའི་སྔོན་གྱི་ལོ་ ༢༠༢ ལ་དབུ་བརྙེས་པའི་ཧན་རྒྱལ་རབས་ནས་བཟུང་དུས་རབས་ཁ་ཤས་ཀྱི་རིང་རྒྱ་ནག་གི་སྒྱུ་རྩལ་བ་རྣམས་ཀྱི་བྲི་བྱ་གཙོ་བོ་ནི་མི་ཡི་གཟུགས་བརྙན་ཡིན་པར་གྲགས་ཤིང་། དེ་ནས་ཐང་རྒྱལ་རབས་ནས་བཟུང་དུས་རབས་བཅུ་གཉིས་པའི་སྟོད་དུ་མཇུག་རྫོགས་པའི་སུང་བྱང་མའི་རྒྱལ་རབས་ཀྱི་བར་དུ་རྒྱ་ནག་གི་སྒྱུ་རྩལ་པ་རྣམས་ཀྱི་འབྲི་བྱ་གཙོ་བོ་ནི་ཡུལ་ལྗོངས་ཡིན་པ་རེད།  རྒྱ་ནག་གི་མཁས་པ་ 顧愷之 གུ་ཀའི་ཀྲི་ (344–406) ཞེས་པ་དེས་རི་མོའི་སྒྱུ་རྩལ་གྱི་སྐོར་ལ་དེབ་གསུམ་བྲིས་པ་ལས། ཁོང་གི་ཞལ་ནས་མི་ཡི་གཟུགས་བརྙན་འབྲི་བའི་སྐབས་སུ་གྱོན་པ་དང་རྣམ་པ་རྣམས་དེ་ཙམ་གལ་མི་ཆེ། དེ་ལས་མིག་ནི་རྣམ་ཤེས་ལྟ་བུ་ཡིན་པས་ཡག་པོ་ཡོང་མིན་དེས་ཐག་གཅོད་པར་བྱེད་ཅེས་གསུངས་པ་ནི་ཧ་ཅང་གྲགས་ཆེ། དེ་ནས་ཡུན་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་གི་རི་མོའི་སྒྱུ་རྩལ་བ་རྣམས་ཀྱིས་སླར་ཡང་ཐང་རྒྱལ་རབས་སྐབས་ཀྱི་རི་མོའི་ལུགས་སྲོལ་རྒྱུན་སྐྱོང་བ་ལ་རྩལ་འདོན་བྱས་པར་གྲགས། དེ་བཞིན་མིང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་ལ་སྒྱུ་རྩལ་པ་གྲགས་ཅན་ 明四家 མིང་གི་སློབ་དཔོན་རྣམ་བཞི་ཞེས་པ་སོགས་བྱོན་ཅིང་། ཆིན་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་ལ་ 四王 ཝང་རྣམ་བཞི་ལ་སོགས་པ་བྱུང་བ་ལས། ཕལ་མོ་ཆེས་ཐང་རྒྱལ་རབས་གཙོ་བོར་གྱུར་པའི་སྔར་གྱི་ལུགས་སྲོལ་རྒྱུན་བསྐྱངས་པ་ལ། ཆིན་གྱི་སྐབས་ནས་བཟུང་ནུབ་ཕྱོགས་གཙོ་བོར་གྱུར་པའི་རིག་གཞུང་འདྲ་མིན་གྱིས་ཤུགས་རྐྱེན་ཐེབས་ཏེ་རྒྱ་ནག་གི་སྒྱུ་རྩལ་ཁྱོན་ཡོངས་ལ་གསར་གཏོད་ཀྱི་རྣམ་པ་ཇེ་ཆེར་གྱུར་པ་ནི་རིག་གཞུང་གཞན་ཀུན་དང་མཚུངས།



ཉི་ཧོང་གི་རིག་གཞུང་ནི་སྒྱུ་རྩལ་ཧ་ཅང་གལ་ཆེན་དུ་འཛིན་པའི་རིག་གཞུང་ཞིག་ཡིན་པ་ལ། དེ་ལ་སྒྱུ་རྩལ་གྱི་ལྟ་གྲུབ་ཀྱང་མང་པོ་ཞིག་ཡོད་པ་ལས་ཡོངས་སུ་གྲགས་པ་གཅིག་ནི་ 侘寂 ཝ་རྦི་ས་རྦི་ཞེས་པ་དེ་རེད། ཚིག་དེའི་དོན་ལོ་རྒྱུས་ཐོག་འཕོ་འགྱུར་མང་པོ་ཕྱིན་ཅིང་རྒྱ་ཆེ་བས་ཐད་བསྒྱུར་དཀའ་ན་ཡང་ད་ལྟའི་ཆར་ཉི་ཧོང་གི་མི་རྣམས་ཀྱིས་སྐྱོན་ལྡན་གྱི་མཛེས་སྡུག་ལྟ་བུར་གོ་བ་ལེན། ལྟ་གྲུབ་དེའི་འབྱུང་ཁུངས་ནི་བསམ་གཏན་ཆོས་བརྒྱུད་ཡིན་པ་ལ་བསམ་གཏན་ཆོས་བརྒྱུད་ལྟར་ན་ནང་པ་སྤྱི་ཡོངས་ཀྱི་བཤད་སྲོལ་ལྟར་དངོས་པོ་གང་ཡིན་ཀྱང་མི་རྟག་པ་དང་། ཆ་མ་ཚང་བ་སྟེ། སྐྱོན་མེད་རྣམ་དག་ཅེས་པ་ཞིག་མེད་པའི་རང་བཞིན་ཡིན་པ་ལ། ཝ་རྦི་ས་རྦི་ནི་དངོས་པོའི་རང་བཞིན་དེ་ལྟར་ཡིན་པར་ཤེས་ནས་དངོས་པོ་དེའི་ལྷན་སྐྱེས་ཀྱི་མཛེས་སྡུག་བཙལ་ཏེ་གཅེས་སྤྲས་བྱ་རྒྱུ་ཡིན་པ་རེད། དེའི་དཔེ་མཚོན་ཡོངས་གྲགས་གཅིག་ནི་རྙིང་ཟད་གྱུར་པའི་ཇ་ཕོར་ཏེ་ཇ་ཕོར་ཞིག་ཅི་ཙམ་རྙིང་ཞིང་ཟད་པ་དེ་ཙམ་གྱིས་དེ་ཡིས་དངོས་པོའི་གནས་ལུགས་སྤྱི་དང་བྱེ་བྲག་ཏུ་ཇ་ཕོར་དེའི་མི་ཚེའི་བརྒྱུད་རིམ་ཡང་སྟོན་པ་ཡིན་པས་ན་ང་ཚོས་དེ་ལ་སྔར་ལས་ལྷག་པའི་གཅེས་སྤྲས་བྱ་དགོས་པ་ལྟ་བུ་རེད། ལྟ་གྲུབ་དེ་གཞིར་བཟུང་གིས་ཉི་ཧོང་པ་རྣམས་ཀྱིས་གས་ཆག་ཤོར་བའི་རྫ་བུམ་དག་ལ་གས་ཆག་སྦས་པའི་ཚབ་ལ་གས་ཆག་ཡོད་སར་གསེར་ཆུ་བྱུགས་ནས་རྒྱན་ཆའི་ཚུལ་དུ་གཤོམ་སྲོལ་ཡོད། ལྷག་པར་ཝ་རྦི་ས་རྦི་ནི་སྒྱུ་རྩལ་སྐམ་པོ་བ་ཞིག་མིན་པར་ང་ཚོས་མི་ཚེ་སྐྱེལ་སྟངས་ཀྱི་ཤེས་རབ་བླ་ན་མེད་པ་ཞིག་ཀྱང་ཡིན་པས་ན་ད་ལྟའི་ཆར་འཛམ་གླིང་སྤྱི་ལ་སྙན་གྲགས་དང་རྩི་མཐོང་ཤིན་ཏུ་ཆེ་བར་གྱུར་ཡོད།


བོད་ནི་ཉི་ཧོང་བཞིན་དུ་སྒྱུ་རྩལ་ལ་ཧ་ཅང་རྩལ་འདོན་བྱེད་མཁན་ཞིག་མིན་ན་ཡང་ཉི་ཧོང་དང་མཚུངས་པར་བོད་ལུགས་ཀྱི་སྒྱུ་རྩལ་ལྟ་གྲུབ་ལ་ཡང་རྒྱ་གར་གྱི་ནང་ཆོས་དང་རྒྱ་ནག་གི་ལུགས་སྲོལ་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི་ཡོངས་གྲགས་ལྟར་རེད། དམིགས་བསལ་བོད་རང་ལུགས་ཀྱི་སྒྱུ་རྩལ་ལྟ་གྲུབ་སྐོར་ལ་ཤེས་རྟོགས་བྱ་རྒྱུ་གལ་ཆེ་བ་ནི་བཤད་མ་དགོས་ཀྱང་། གཅིག་ནས་དེ་སྔོན་སུ་ཞིག་གིས་དེའི་སྐོར་ལ་རྩོམ་བྲིས་ཡོད་མེད་མ་ཤེས་པས་འདིར་ཁོ་བོས་བཤད་ཐབས་བྱ་དགོས་མིན་མི་ཤེས་ཤིང་། གཉིས་ནས་རང་ཉིད་ཀྱིས་དེའི་སྐོར་ལ་དམིགས་བསལ་ཞིབ་འཇུག་ཀྱང་བྱ་མྱོང་མེད་པས་ན་མང་དུ་བཤད་པའི་སྤོབས་པ་དེ་བས་ཀྱང་མེད། འོན་ཀྱང་གལ་ཆེ་བས་ས་གཅད་མ་སྟོང་ཙམ་ཞིག་བཤད་ན་གནའ་བོའི་བོད་ཀྱི་སྒྱུ་རྩལ་ནི་མི་རིགས་ཀྱི་ཆ་ནས་བོད་མི་རང་ཉིད་དང་ཆོས་ལུགས་ཀྱི་ཆ་ནས་བོན་པོ་ནས་བྱུང་བ་ཞིག་ཡིན་པས་ན་དེའི་ལུགས་སུ་སྒྱུ་རྩལ་ནི་རང་བྱུང་ཁམས་ཀྱི་གསང་བ་དང་གལ་གནད། དེ་བཞིན་མི་ཡི་འཚོ་བ་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཚོན་བྱེད་ཡིན་པ་ལྟ་བུར་མཐོང་། དཔེར་ན་བོད་མི་རྣམས་ཀྱིས་རྒྱན་ཆ་ཡང་གཟི་དང་བྱུ་རུ་སོགས་མི་ཡིས་བཟོ་སྐྲུན་བྱས་པ་ལས་ཀྱང་རང་བྱུང་ཁམས་ནས་ཐོན་པ་ལ་དགའ་མོས་བྱེད་ཀྱི་ཡོད་པ་དག་ལས་ཚོད་དཔག་བྱ་ནུས། འོན་ཀྱང་འདི་དག་གི་སྐོར་ལ་ཞིབ་ཏུ་བཤད་པར་ཏུན་ཧོང་ཡིག་རྙིང་དང་བོན་གྱི་གནའ་རབས་ཡིག་ཆ་རྣམས་ལ་ཞིབ་འཇུག་ནན་པོ་བྱ་དགོས་པས་ཁོ་བོ་ལྟ་བུས་མང་དུ་བཤད་ན་རང་ཉིད་ཀྱི་རྐང་འདྲེན་བྱེད་ཙམ་ལས་ཕན་ཐོགས་མེད་པ་ཤེས་ཀྱི་ཡོད།



བོད་དུ་ནང་ཆོས་དར་ཟིན་རྗེས་ཀྱི་བོད་ལུགས་སྒྱུ་རྩལ་ནི་གཙོ་བོ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་པ་ཡིན་པས་ན་བོད་ལུགས་ཀྱི་སྒྱུ་རྩལ་ཕལ་མོ་ཆེ་ཆོས་ལུགས་ཀྱི་སྒྱུ་རྩལ་ཡིན་ཅིང་ཆོས་ལུགས་ཀྱི་སྒྱུ་རྩལ་ཕལ་མོ་ཆེ་དད་མོས་ཀྱི་རྟེན་དང་མཆོད་པའི་རྫས་གཉིས་སུ་འདུས་པ་ལྟ་བུ་རེད། དེ་ནི་ཆོས་ལུགས་ཀྱི་སྒྱུ་རྩལ་ཐུན་མོང་ལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་པས། ཆོས་ལུགས་གཞན་ལ་མེད་པའི་བོད་ལུགས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཐུན་མོང་མ་ཡིན་པ་ཞིག་བཤད་དགོས་ན་ཁག་པོ་ཡིན་སྲིད་ཀྱང་། དམིགས་བསལ་བོད་པ་རྣམས་ཀྱིས་ཆོས་ལུགས་གཞན་ལས་ལྷག་པ་ལྟ་བུ་རྩལ་འདོན་བྱེད་པ་འགའ་ཞིག་ལས་གཙོ་བོ་གཅིག་ནི་རྟེན་འབྲེལ་ཞེས་པ་དེ་ཡིན་པར་མཐོང་། དེ་ཡང་བོད་པའི་མི་རབས་རྙིང་པ་དག་གིས་རྟེན་འབྲེལ་ཧ་ཅང་གལ་ཆེན་དུ་བརྩི་བས་བྱ་བ་ཞིག་གི་དངོས་གཞིའི་ལག་ལེན་ལས་ཀྱང་བྱ་བ་དེ་མགོ་རྩོམ་སྐབས་ཀྱི་རྟེན་འབྲེལ་གྱི་ནུས་པ་ཆེ་བར་འདོད་པ་ལྟ་བུ་རེད། དེར་བརྟེན་བོད་ལུགས་སྒྱུ་རྩལ་བ་རྣམས་ཀྱིས་བླ་མའི་སྐུ་ཚེ་ལ་གནོད་པའི་ཡིད་ཆེས་ཀྱིས་བླ་མ་སྐུ་དངོས་སུ་བཞུགས་སྐབས་དེའི་འདྲ་སྐུ་བཟོ་བ་དང་འདྲ་ཐང་འབྲི་བ་ཧ་ཅང་དཀོན་ཅིང་། ཐང་ག་འབྲི་སྐབས་ཀྱང་ཁ་ཤས་ཀྱིས་ཐང་གའི་ནང་དུ་མི་སྣ་གཙོ་བོར་གྱུར་པའི་དངོས་པོ་ཧ་ཅང་མང་པོ་བྲིས་ནས་ཐང་ག་ཧྲིལ་པོ་འགེངས་ཅི་ཐུབ་བྱེད་པ་ཡང་རི་མོའི་ནང་དོན་ཅི་ཙམ་ཕྱུག་ན་ཡང་དེ་ཙམ་མངའ་ཐང་རྒྱས་པ་སོགས་ཀྱི་རྟེན་འབྲེལ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད།


ཡང་བོད་ལུགས་ཀྱི་སྒྱུ་རྩལ་གྱི་ལྟ་གྲུབ་གཅིག་ནི་མངོན་སུམ་དང་མཐུན་པ་ལས་ཀྱང་སྐྱོན་མེད་རྣམ་དག་ཡོད་པ་གལ་ཆེ་བ་སྟེ། བོད་ཀྱི་བླ་མ་རྣམས་ཀྱི་ཐང་ག་དག་བླ་མ་དངོས་དང་འདྲ་བ་དཀོན་པ་ཡང་བོད་བརྒྱུད་ནང་བསྟན་པས་བླ་མ་དངོས་ལ་དབང་པོ་སྐྱོན་ཅན་ནམ་མདོག་ངན་པ་སོགས་སྐྱོན་ཅི་ཡོད་ཀྱང་དེ་ནི་ཚུལ་བསྟན་པ་ཙམ་ཡིན་པའི་འདུ་ཤེས་བཟུང་སྟེ་བླ་མ་ལ་ཕྱིའི་རྣམ་པར་སྐྱོན་དེ་དག་ཡོད་ཀྱང་རང་ཉིད་ནས་བླ་མ་ཅི་ཙམ་མདོག་མཛེས་པོ་ལ་བསྒོམ་ཐུབ་ན་དེ་ཙམ་གྱིས་བསོད་ནམས་འཕེལ་བར་ངོས་འཛིན་པ་དེས་བླ་མའི་ཞལ་རས་ནག་མིན་ལ་མ་ལྟོས་པར་བོད་ཀྱི་བླ་མ་རྣམས་ཀྱི་ཐང་གར་བླ་མ་ཐམས་ཅད་ཞལ་རས་གཅིག་ལས་གཅིག་དཀར་བ་ཤ་སྟག་རེད། དེར་བརྟེན་བོད་ལུགས་ཀྱི་སྒྱུ་རྩལ་ནི་འདྲ་བཤུས་ལས་ཀྱང་སྐྱོན་མེད་རྣམ་དག་བཟོ་ཐབས་ཀྱི་ལུགས་ཤིག་ཡིན་པས་ན་ཐང་ག་ལ་བལྟས་ནས་བླ་མ་སུ་ཡིན་མིན་ངོས་འཛིན་ཐུབ་པའི་རེ་བ་ནི་ཆེས་ཆུང་བར་གྱུར་ཡོད། གང་ལྟར་བོད་ལུགས་ཀྱིས་གསོན་ཉམས་ལས་ཀྱང་སྐྱོན་མེད་རྣམ་དག་སྟོན་ཐབས་ལ་འབད་བརྩོན་ཆེན་པོ་བྱ་ཡི་ཡོད་པ་དེས་ད་ལྟའི་དུས་སུ་ནང་པའི་སྒྱུ་རྩལ་རྣམས་ལས་བོད་ལུགས་ཀྱི་ནང་པའི་སྒྱུ་རྩལ་ནི་ཆེས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། དེ་བཞིན་བོད་ཀྱི་སྒྱུ་རྩལ་ལ་རིག་གཞུང་གི་ས་མཚམས་ཀྱང་མེད་པས་ན་གནས་བརྟན་བཅུ་དྲུག་གིས་རྒྱ་ནག་གི་ཆས་གྱོན་ཅིང་། རྒྱན་དྲུག་མཆོག་གཉིས་ཀྱིས་བོད་ཀྱི་བླ་མའི་ན་བཟའ་བཞེས་པ་ལྟ་བུའོ།།


བོད་ལུགས་ཀྱི་སྙན་ངག་ལ་ཡང་རྒྱ་གར་གྱི་ཤུགས་རྐྱེན་ཆེ་བ་བཤད་མ་དགོས་པ་ལ། རྒྱ་གར་གྱི་སྙན་ངག་མེ་ལོང་མར་སྙན་ངག་འབྲི་བའི་ཐབས་ལམ་ཧ་ཅང་མང་པོ་ཡོད་པ་ལས་བོད་ལུགས་ཀྱི་སྲོལ་རྒྱུན་སྙན་ངག་ནི་སྙན་ངག་མེ་ལོང་མ་ནས་བསྟན་པའི་ཁྱད་ཆོས་གསུམ་རྩལ་དུ་བཏོན་པ་ཞིག་སྟེ། དེ་ཡང་དཔེ་ལེན་པ་སྟེ་དཔེ་རྒྱན་དང་། དོན་དང་དཔེ་གཉིས་དངོས་པོ་གཅིག་ཡིན་པ་ལྟ་བུར་བཤད་པའི་གཟུགས་ཅན་དང་། དེ་གཉིས་ལས་ཀྱང་གལ་ཆེ་བར་རབ་བཏགས་ཞེས་པ་དངོས་པོའི་གནས་ཚུལ་ལ་མེད་ཀྱང་སྙན་པོ་ཡོང་ཐབས་སུ་སྒྲོ་བཏགས་ནས་བཤད་པ་སྟེ་ཁྱད་ཆོས་གསུམ་པོ་འདི་དག་ནི་བོད་ལུགས་སྲོལ་རྒྱུན་སྙན་ངག་གི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད་པ་ཞིག་རེད། སྙན་ངག་གི་མེ་ལོང་ནང་དུ་རྒྱ་གར་གྱི་སྒྱུ་རྩལ་ལྟ་གྲུབ་གལ་ཆེན་ཉམས་དགུ་ཞེས་པ་དེ་བཤད་ཡོད་ན་ཡང་བོད་ལུགས་སྲོལ་རྒྱུན་སྙན་ངག་ལ་གོང་གི་ཁྱད་ཆོས་གསུམ་པོ་ལས་གཞན་ཉམས་རང་རྩལ་དུ་འདོན་ཐབས་བྱས་པ་ནི་ཧ་ཅང་ཉུང་བས་ན་བོད་ཀྱི་སྙན་ངག་ནི་གྲངས་མེད་ན་ཡང་གསོན་ཉམས་ཡོད་པ་ནི་རེ་ཟུང་ཙམ་རེད། འོན་ཀྱང་བོད་ལུགས་སྙན་ངག་གིས་སེམས་ཁམས་ལ་བོད་ཀྱི་སྒྱུ་རྩལ་གཞན་ལས་ལྷག་པའི་རང་དབང་སྟེར་བས་ན་བླ་སྤྲུལ་དང་དགེ་སློང་རྩོད་མེད་རྣམ་དག་ཚོས་ཀྱང་རྩོམ་སྙན་པོ་འབྲི་ཐུབ་ཀྱི་རིང་སྙན་ངག་གི་ལམ་ནས་བུད་མེད་དང་ཆགས་སྤྱོད་སོགས་ཀྱི་སྐོར་ལ་ཅི་ཙམ་བཤད་ན་ཡང་ཆོས་ལུགས་དང་སྤྱི་ཚོགས་གཉིས་ཀའི་ངོས་ནས་དགག་བྱ་མེད་པ་དེ་རེད།


མདོར་ན་བོད་ལུགས་ཀྱི་སྒྱུ་རྩལ་ལ་རྒྱ་གར་གྱི་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཐེབས་ཡོད་ན་ཡང་། རྒྱ་གར་དང་བོད་ཀྱི་ལྷ་སྐུ་དང་རི་མོ་རྣམས་ནི་རྩ་བ་ནས་མི་འདྲ་བ་ལྟ་བུའི་རྣམ་པ་ཡོད། དེ་བཞིན་བོད་ལུགས་ཀྱི་སྒྱུ་རྩལ་ལ་རྒྱ་ནག་གི་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཐེབས་ཡོད་ན་ཡང་རྒྱ་ནག་ལུགས་ཀྱིས་ཚོན་མདོག་ཤུགས་ཆེན་པོ་ལ་དགའ་བོ་མི་བྱེད་པ་ལ་བོད་ལུགས་ཀྱི་སྒྱུ་རྩལ་ནང་དུ་ཚོན་མདོག་ཕལ་མོ་ཆེ་དམར་པོ་དང་སེར་པོ་ལ་སོགས་པ་ཚོན་མདོག་ཤུགས་ཆེ་བ་ཤ་སྟག་རེད། འོན་ཀྱང་བོད་ལུགས་ཀྱི་ཚོན་མདང་གི་མཛེས་བཀོད་ནི་ཧ་ཅང་ཚོད་སྙོམས་པོ་དང་གྲལ་འགྲིག་པོ་ཡིན་པས་དཔེར་ན་མཎྜལ་གྱི་ཏོག་ལྟ་བུར་མཚོན་ན་ཁྱོན་ཧྲིལ་པོ་དངུལ་དཀར་པོ་ཡིན་པ་ལ་དཀྱིལ་མ་ལ་གཡུ་དང་བྱུ་རུ་ལྟ་བུ་ཕྲ་གང་རུང་གཅིག་བརྒྱབ་པ་ནི་སུས་བལྟས་ཀྱང་དེས་ཡིད་མི་འཕྲོགས་པ་མི་སྲིད་པ་ལྟ་བུ་རེད། འོན་ཀྱང་ཕངས་པ་ཞིག་ལ་བོད་རིགས་ཀྱི་ཁྲོད་དུ་སྔ་མོའི་དུས་སུ་སྒྱུ་རྩལ་གྱི་ལྟ་གྲུབ་གླེང་མཁན་ཆེར་མ་བྱུང་ཞིང་། སྒྱུ་རྩལ་ལ་ཉི་ཧོང་ལྟར་ཧ་ཅང་རྩལ་འདོན་ཡང་མ་ཐུབ་ཅིང་། གལ་ཆེ་ཤོས་ཆོས་ལུགས་ཙམ་ལས་འཇིག་རྟེན་ལུགས་ཀྱི་སྒྱུ་རྩལ་ཐོག་ལ་ཞན་ཆ་ཧ་ཅང་ཆེ་ན་ཡང་། མཐོང་བྱའི་སྒྱུ་རྩལ་ཐད་ལ་བོད་ནི་ཆོས་ལུགས་ཐམས་ཅད་ཀྱི་ནང་ནས་ཆེས་ཕུལ་དུ་བྱུང་བ་ལྟ་བུ་ཡིན་པས་ད་ལྟ་ཡང་བོད་བརྒྱུད་ནང་བསྟན་པས་བཟོས་པའི་དཀྱིལ་འཁོར་དང་། དར་ལྕོག། རླུང་རྟ་སོགས་ཀྱིས་མི་རིགས་དང་ཆོས་ལུགས་རིས་སུ་མ་ཆད་པ་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད་པ་ནི་མངོན་སུམ་ཡིན་པས་འདི་ལ་ང་ཚོས་སྤོབས་པ་ལས་དོགས་པ་མི་དགོས་པ་ཞིག་རེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།