སྒྱུ་རྩལ་གྱི་ལྟ་གྲུབ།(གཉིས་པ།)

1238


                          རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

           གཉིས་པ། སྒྱུ་རྩལ་གྱི་དབྱེ་བ།



གོང་དུ་བཤད་པ་ལྟར་སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་འབྱེད་པ་ནི་དཀའ་ན་ཡང་། ཡོངས་གྲགས་སུ་རིག་གཞུང་སོ་སོར་སྒྱུ་རྩལ་ལ་དབྱེ་བའི་རྣམ་གྲངས་མི་འདྲ་བ་འཇོག་སྲོལ་ཡོད་པ་ནི་གནའ་བོའི་རྒྱ་གར་གྱི་ལུགས་ལྟར་ན་སྒྱུ་རྩལ་གྱི་རིགས་དྲུག་ཅུ་རྩ་བཞི་ཡོད། དེ་ཡང་བཟོ་ལ་སོགས་པར་གཏོགས་པ་༣༠། རོལ་མོའི་བྱེ་བྲག་ལ་གཏོགས་པ་༡༨། གླུ་དབྱངས་ཀྱི་ངེས་པ་༧། གར་གྱི་ཆ་བྱད་༩ སྟེ་བསྡོམས་པས་༦༤ ཡིན། དེ་དག་ནི་རྒྱ་གར་དུ་ཡོངས་གྲགས་ཡིན་པས་ནང་པའི་ཉན་ཐོས་ཀྱི་འདུལ་བ་དང་། ཐེག་པ་ཆེན་པོའི་མདོ་སྡེ། གསང་སྔགས་ཀྱི་རྒྱུད་གསུམ་གའི་ནང་དུ་མཐོང་རྒྱུ་ཡོད། ཡང་ཐེག་པ་ཆེན་པོའི་མདོ་རྒྱ་ཆེ་རོལ་པ་ནས་སྒྱུ་རྩལ་གྱི་རིགས་ ༩༦ ཞེས་ཀྱང་གསུངས། འོན་ཀྱང་དེ་དག་ལས་འགའ་ཤས་ནི་ཤིང་རྟའི་བཟོ་ཐབས་དང་མདའ་གཞུའི་བཟོ་ཐབས་ལྟ་བུ་ལག་རྩལ་གྱི་རིགས་ཡིན་པས་ནུབ་ཕྱོགས་ཀྱི་སྒྱུ་རྩལ་རིག་པ་ལྟར་ན་དེ་དག་འགའ་ཤས་ནི་མཛེས་རྒྱན་གྱི་སྒྱུ་རྩལ་ལྟ་བུ་དང་། འགའ་ཤས་ནི་མཛེས་རྩལ་གྱི་སྒྱུ་རྩལ་ལྟ་བུ་ཡིན་པས། སྒྱུ་རྩལ་དངོས་ཡིན་མིན་རྩོད་པ་ཅན་ཡིན་སྲིད་ཅིང་། ཐད་ཀར་བལྟས་ན་ཡང་གལ་སྲིད་ལག་རྩལ་དང་སྒྱུ་རྩལ་གཉིས་ཁྱད་པར་ཕྱེས་ནས་བཤད་ན་དེ་དག་ལས་འགའ་ཤས་ནི་ལག་རྩལ་ཡིན་པ་ཙམ་ལས་སྒྱུ་རྩལ་ཡིན་པ་བཤད་དཀའ་བར་མཐོང་། གང་ལྟར་ཡང་རིག་གཞུང་དེས་སྤྱིར་སྒྱུ་རྩལ་གྱི་རིགས་ལ་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད་པར་གསལ།


རྒྱ་གར་གྱི་སྒྱུ་རྩལ་གྱིས་བོད་ཀྱི་སྒྱུ་རྩལ་ལ་ཡང་ཤུགས་རྐྱེན་ཐེབས་ན་ཡང་རྒྱ་གར་གྱི་ཆོས་ཕྱོགས་ལས་འཇིག་རྟེན་ཕྱོགས་ཀྱི་སྒྱུ་རྩལ་ནི་ཕལ་ཆེར་བོད་པས་དེ་ཙམ་ནང་འདྲེན་མ་བྱས་པར་མངོན། སྤྱིར་རྒྱ་གར་གྱི་བཤད་སྲོལ་ལྟར་བོད་དུ་ཡང་ཤེས་བྱ་ཀུན་ཁྱབ་ལས། སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ།། ཞེས་བཟོ་རིག་པ་ལ་ལུས་བཟོ། ངག་བཟོ། ཡིད་བཟོ་བཅས་གསུམ་དུ་བཞག་ནས་དེ་དག་གི་འགྲེལ་བཤད་དུ། དེའང་ཐམས་ཅད་ལ་ཡིད་སྔོན་དུ་འགྲོ་ཡང་། དེས་ཀུན་ནས་བསླངས་པའི་ལུས་གཙོ་བོར་བྱེད་པ་ལུས་བཟོ་སྟེ། གར་ཐིག་དབྱངས་གསུམ་དུ་གྲགས་པའི་དང་པོ་ལྟ་བུའོ།། ངག་གཙོ་བོར་བྱེད་པ་ངག་བཟོ་སྟེ། གསུམ་པ་ལྟ་བུའོ།། ལུས་ངག་གཙོ་བོར་མི་བྱེད་པ་ཡིད་ཀྱིས་འགྲུབ་པས་ཡིད་བཟོ་སྟེ། བསམ་བྱུང་གི་རིག་ཤེས་ཁྱད་པར་ཅན་ལྟ་བུའོ།། ཞེས་གསུངས། དེ་དག་ལས་ཀྱང་རྩལ་དུ་འདོན་བྱ་གཙོ་བོ་ནི་ཆོས་ལུགས་དང་འབྲེལ་བའི་རིག་གནས་རྣམས་ཡིན་པས་འཇམ་མགོན་ཀོང་སྤྲུལ་གྱིས་ལུས་བཟོའི་མཆོག་སྐུ་གསུང་ཐུགས་རྟེན་བཞེང་རྒྱུ་དང་། ལུས་བཟོ་ཕལ་པ་ཁང་ཁྱིམ་དང་། གྲུ་གཟིངས། འཕྲུལ་འཁོར། མཚོན་ཆའི་རིགས་རྣམས་ཡིན་པར་གསུངས། དེ་བཞིན་ངག་བཟོའི་མཆོག་ནི་འཆད་རྩོད་རྩོམ་གསུམ་ཡིན་པ་དང་། ངག་བཟོ་ཕལ་པ་ནི་གླུ་དབྱངས་དང་། ཁ་བཤགས་དང་འབེལ་གཏམ་སོགས་སྨྲ་བའི་རྩལ། གླིང་བུ་སོགས་རོལ་མོའི་རིགས་རྣམས་ཡིན་པར་གསུངས། དེ་ནས་ཡིད་བཟོའི་མཆོག་ནི་ཐོས་བསམ་སྒོམ་གསུམ་ཡིན་པ་དང་། ཡིད་བཟོ་ཕལ་པ་ནི་ནང་གི་རྣམ་དཔྱོད་དང་ཤེས་ཡོན་དང་འབྲེལ་བའི་རིགས་རྣམས་ཡིན་པར་གསུངས་ཡོད།


དེ་ལས་གཞན་ཤར་ཕྱོགས་ཀྱི་རིག་པའི་འབྱུང་གནས་གཅིག་སྟེ་རྒྱ་ནག་དང་། སྒྱུ་རྩལ་གྱི་ཡུལ་གྲུ་ལྟ་བུར་ངོས་འཛིན་པའི་ཉི་ཧོང་བཅས་ལ་ཡང་སྒྱུ་རྩལ་གྱི་རིགས་མང་པོ་ཡོད་པ་བཤད་མ་དགོས་པ་ལ། རྒྱ་ནག་གི་ལུགས་སུ་སྒྱུ་རྩལ་གཙོ་བོ་བཞི་ཞེས་གྲགས་པ་ནི། ༡ 棋 ཆི་ཞེས་པ་མིག་མངས་ཀྱི་རྩེད་མོ་དང་། ༢ 琴 ཆིན་ཞེས་པ་རོལ་དབྱངས། ༣ 书 ཧྲུ་ཞེས་པ་ཡིག་གཟུགས། ༤ 画 ཧྭ་ཞེས་པ་རི་མོ་བཅས་སོ།། ཡང་རྒྱ་ནག་ལ་སྒྱུ་རྩལ་དྲུག་ཅེས་གྲགས་པ་དོན་དུ་སྒྱུ་རྩལ་དང་ལག་རྩལ་འདྲེས་མ་ལྟ་བུ་ཡིན་པ་དྲུག་ནི། ༡ 礼仪 གུས་སྲོལ། ༢ 音乐 རོལ་དབྱངས། ༣ 射箭 མདའ་རྩལ། ༤ 驾车 ཁ་ལོའི་རྩལ། ༥ 识字 འབྲི་ཀློག ༦ 计算 གྲངས་རྩིས་བཅས་སོ།། ཉི་ཧོང་གི་སྒྱུ་རྩལ་གྱི་རིགས་ཀྱང་ཕལ་ཆེར་རྒྱ་ནག་དང་འདྲ་བ་ལ། སྒྱུ་རྩལ་གྱི་རྣམ་གྲངས་འདི་ཙམ་ཞེས་ཕལ་ཆེར་ཡོངས་གྲགས་ལ་བཤད་སྲོལ་མེད་པར་སྣང་། གཙོ་བོ་ནི་ཇ་ཡི་ཆོ་ག མེ་ཏོག་སྒྲིག་བཀོད། སྐྱེད་ཚལ་མཛེས་བཀོད་བཅས་ནི་ཉི་ཧོང་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིགས་རྣམས་ཡིན། གཞན་ཡང་ཨ་རབ་ཀྱི་རིག་གཞུང་གི་སྒྱུ་རྩལ་དང་། མི་རིགས་ནག་པོའི་རིག་གཞུང་བཅས་ལ་ཡང་རང་རང་ལུགས་ཀྱི་སྒྱུ་རྩལ་གྱི་རྣམ་གཞག་ཡོད་ན་ཡང་གཞི་རྩའི་ཆ་ནས་རིག་གཞུང་ཕལ་མོ་ཆེའི་སྒྱུ་རྩལ་གྱི་རྣམ་གྲངས་འདྲ་བར་མཐོང་ཞིང་། ཁོ་བོས་རྩོམ་ཡིག་འདིའི་ནང་དུ་བརྗོད་བྱ་གཙོ་བོ་ནུབ་ཕྱོགས་ཀྱི་སྒྱུ་རྩལ་ལྟ་གྲུབ་ཡིན་པ་དང་། རིག་གཞུང་གཞན་གྱི་སྐོར་ལ་རང་ཉིད་ལ་རྒྱུས་མངའ་ཡང་མེད་པས་ན་མ་ཤེས་ཤེེས་མདོག་མ་བྱས་ན་བཟང་བར་མཐོང་ནས་དེ་དག་གི་སྐོར་འདིར་གླེང་ཐབས་བྱས་མེད།


སྐབས་སུ་བབ་པ་ནུབ་ཕྱོགས་ཀྱི་རིག་གཞུང་དུ་དུས་རབས་བར་མའི་སྐབས་སུ་སྒྱུ་རྩལ་ལ་དབྱེ་ན་བདུན་ཡོད་པ་ནི། ༡ grammar བརྡ་དག ༢ rhetoric སྨྲ་བའི་རྩལ། ༣ dialectic logic རིགས་ལམ། ༤ arithmetic ཨང་རྩིས། ༥ geometry དབྱིབས་རྩིས་རིག་པ། ༦ astronomy སྐར་རྩིས་རིག་པ། ༧ music རོལ་དབྱངས་བཅས་སོ།། དེ་ཚོ་ནི་གཙོ་བོ་སྐུ་དྲག་ཁོ་ན་ལ་ལོངས་སུ་སྤྱོད་པའི་གོ་སྐབས་ཡོད་པ་ཞིག་ཡིན་པ་དང་། གཞན་རྫ་བཟོ་དང་འཇིམ་བཟོ་སོགས་ཉིན་རེའི་འཚོ་བར་མཁོ་བའི་ཅ་དངོས་རྣམས་ནི་མི་སེར་དཀྱུས་མ་གཙོ་བོར་གྱུར་པ་ཐམས་ཅད་ཀྱིས་ཐུན་མོང་དུ་ལོངས་སྤྱོད་བྱ་ཞིག་ཡིན་པས་ན་སྐབས་དེའི་ཡས་མས་ནས་སྒྱུ་རྩལ་ལ་ Fine Art མཛེས་རྩལ་གྱི་སྒྱུ་རྩལ་དང་། Decorative Art མཛེས་རྒྱན་གྱི་སྒྱུ་རྩལ་ཞེས་གཉིས་སུ་དབྱེ་སྲོལ་བྱུང་། དང་པོ་ལ་རྒྱ་ནག་གི་སྐད་དུ་ 美术 ཞེས་བརྗོད་པས་གོ་བདེ་ཕྱིར་བོད་སྐད་དུ་ཡང་མཛེས་རྩལ་དུ་བསྒྱུར་ན་སྐྱོན་མེད་སྙམ་ཞིང་། ཕྱི་མ་ནི་ཉེར་མཁོའི་ཅ་དངོས་ལ་རྒྱན་ཆའི་ཚུལ་དུ་སྒྱུ་རྩལ་བེད་སྤྱོད་པ་ཞིག་ཡིན་པས་ན་མཛེས་རྒྱན་གྱི་སྒྱུ་རྩལ་ཞེས་འབོད་ན་རུང་བར་སྙམ། སྔར་གྱི་དུས་སུ་དེ་གཉིས་ལས་མཛེས་རྩལ་གྱི་སྒྱུ་རྩལ་ནི་སྒྱུ་རྩལ་དངོས་དང་མཛེས་རྒྱན་གྱི་སྒྱུ་རྩལ་ནི་སྒྱུ་རྩལ་དངོས་མིན་པར་འདོད་ཀྱང་། ད་ལྟའི་ཆར་སྒྱུ་རྩལ་སྨྲ་བ་མང་པོས་བཤད་སྲོལ་དེ་ལ་དགག་པ་བྱས་ནས་ཁྱད་པར་དེ་མི་འདོད་ཀྱང་། དེ་གཉིས་ལ་ད་དུང་ཡང་བརྩི་མཐོང་ཆེ་ཆུང་མུ་མཐུད་ཡོད་པ་ནི་གསལ་པོར་མཐོང་ཐུབ་པ་ཞིག་རེད།


ཡང་ནུབ་ཕྱོགས་སུ་བར་སྐབས་ཤིག་སྒྱུ་རྩལ་གཙོ་བོར་ངོས་འཛིན་པ་ལྔ་ནི།  ༡ painting རི་མོ། ༢ sculpture འབུར་བརྐོས། ༣ architecture ཁང་བཀོད་བཟོ་རིག། ༤ music རོལ་དབྱངས། ༥ poetry སྙན་ངག་བཅས་ཡིན་ན་ཡང་། དུས་རབས་ཉི་ཤུ་པའི་རྗེས་སུ་སྟེ་ད་ལྟའི་ཆར་ནུབ་ཕྱོགས་ལ་སྒྱུ་རྩལ་གྱི་རིགས་གཙོ་བོ་བཞི་ལ་ངོས་འཛིན་སྲོལ་ཡོད། དེ་བཞི་པོ་ནི་ ༡ Visual arts མཐོང་ཤེས་ཀྱི་སྒྱུ་རྩལ། ༢ Literature རྩོམ་རིག་གི་སྒྱུ་རྩལ། ༣ Auditory ཉན་ཤེས་ཀྱི་སྒྱུ་རྩལ། ༤ Performance arts འཁྲབས་སྟོན་གྱི་སྒྱུ་རྩལ་བཅས་ཡིན་པ་རེད། མཐོང་ཤེས་ཀྱི་སྒྱུ་རྩལ་ནི་མིག་ཤེས་ལ་བརྟེན་ནས་མྱོང་བའི་སྒྱུ་རྩལ་རྣམས་ཏེ་དཔེར་ན་རི་མོ། འབུར་བརྐོས། དཔར་ལ་སོགས་པ་རེད། རྩོམ་རིག་གི་སྒྱུ་རྩལ་གྱི་ནང་དུ་ཚིག་བཅད་ལྷུག་འདྲ་མིན་གྱི་རྩོམ་ཡིག་དང་སྙན་ངག དེ་བཞིན་ཟློས་གར་གྱི་གཞུང་དང་སྒྲུང་རྩོམ་འདྲ་མིན་སོགས་ཡོད། ཉན་ཤེས་ཀྱི་སྒྱུ་རྩལ་ནི་རྣ་ཤེས་ཀྱིས་ལོངས་སུ་སྤྱོད་བྱ་སྟེ་དཔེ་མཚོན་གཙོ་བོ་ནི་རོལ་དབྱངས་ཡིན་པ་བཤད་མ་དགོས། དེ་བཞིན་འཁྲབས་སྟོན་གྱི་སྒྱུ་རྩལ་ཞེས་པ་ནི་སྡིང་ཆའི་ཐོག་ཏུ་འཁྲབས་སྟོན་བྱེད་པའི་སྒྱུ་རྩལ་གྱི་རིགས་ཏེ་དཔེར་ན་ཟློས་གར་དང་། ཞབས་བྲོ། གློག་བརྙན་སོགས་འདིའི་ཁོངས་སུ་གཏོགས།


འོན་ཀྱང་དབྱེ་བ་འདྲེན་ཚུལ་འདི་ནི་ཡོངས་གྲགས་ཀྱི་དབྱེ་བ་འདྲེན་སྟངས་ཤིག་ལས་དབྱེ་བ་འདྲེན་ཚུལ་འདི་ལས་གཞན་མེད་པ་མིན་ཅིང་། དབྱེ་བ་འདི་དག་ཕན་ཚུན་ནང་འགལ་ཡང་མ་ཡིན་པས་ན་སྙན་ངག་ཉན་ཤེས་ཀྱི་སྒྱུ་རྩལ་གྱི་ཚུལ་དུ་སྤེལ་ཆོག་ཅིང་། རོལ་དབྱངས་འཁྲབས་སྟོན་གྱི་སྒྱུ་རྩལ་གྱི་ཚུལ་དུ་སྤེལ་ཆོག་པ་དང་། ཟློས་གར་འཁྲབས་པ་ལྟ་བུ་སྒྱུ་རྩལ་གྱི་རིགས་གཅིག་ལ་ཡང་སྒྱུ་རྩལ་དེ་ཐམས་ཅད་འཛོམས་ནས་ཡོད་པ་ཤེས་སླ། དེ་བཞིན་སྒྱུ་རྩལ་གྱི་གཙོ་བོ་གང་ཡིན་ཀྱང་རིག་གཞུང་སོ་སོའི་འདོད་པ་འདྲ་མིན་ཡོད་པས་ཕལ་མོ་ཆེས་སྒྱུ་རྩལ་གྱི་གཙོ་བོ་ནི་ཐང་ག་ལྟ་བུ་རི་མོ་འབྲི་བ་ལ་འདོད་ཅིང་། གནའ་བོའི་རྒི་རི་སིས་ཟློས་གར་གྱི་འཁྲབས་སྟོན་ལ་མཐོང་ཆེན་པོ་བྱ་སྲོལ་ཡོད་པ་དང་། ཨི་སི་ལམ་ཆོས་ལུགས་ཀྱི་རིག་གཞུང་ལྟར་ན་ཡིག་གཟུགས་འབྲི་བའི་སྒྱུ་རྩལ་ལ་མཐོང་ཆེན་བྱ་སྲོལ་ཡོད་པར་བཤད། ད་ལྟའི་ཆར་རོལ་དབྱངས་ཀྱི་སྒྱུ་རྩལ་ལ་མཐོང་ཆེ་ཤོས་སྤྲོད་མཁན་ཀྱང་ཇེ་མང་དུ་འགྲོ་བཞིན་པ་དང་། རྟོག་བཟོའི་སྒྲུང་རྩོམ་ལ་སྔར་གྱི་དུས་སུ་མཐོང་ཆུང་བྱ་སྲོལ་ཡོད་ཀྱང་། ད་ལྟའི་ཆར་དེས་ནི་རྩོམ་རིག་སྒྱུ་རྩལ་གྱི་ནང་དུ་གོ་གནས་མཐོ་ཤོས་སུ་བཟུང་ནས་ཡོད་པ་ལྟ་བུ་རེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།