སྒྱུ་རྩལ་གྱི་ལྟ་གྲུབ། (དང་པོ།)

2205


                   རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

           དང་པོ། སྒྱུ་རྩལ་གྱི་གོ་དོན།



དབྱིན་སྐད་དུ་སྒྱུ་རྩལ་གྱི་ལྟ་གྲུབ་ལ་ཡོངས་གྲགས་སུ་Aesthetic ཞེས་བརྗོད་ཅིང་། དེ་ཉིད་ཐོག་མར་སྒྱུ་རྩལ་གྱི་ལྟ་གྲུབ་དང་སྦྱར་ནས་བཤད་པ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཡིན་པ་རེད། ཐ་སྙད་འདི་ཉིད་སྐབས་རེ་མཛེས་སྡུག་གི་རྣམ་པ་སྟེ་མཛེས་རྣམ་གྱི་དོན་དུ་འགྲེལ་ཞིང་། སྐབས་རེ་མཛེས་སྡུག་གི་དོན་གང་ཡིན་དཔྱོད་པ་སྟེ་མཛེས་དཔྱོད་ཀྱི་དོན་དུ་འགྲེལ་བ་དང་། སྐབས་རེ་སྒྱུ་རྩལ་གྱི་ལྟ་གྲུབ་ཀྱི་དོན་དུ་འགྲེལ་སྲོལ་ཡོད། འདིར་ཁོ་བོས་མཛེས་རྣམ་དང་མཛེས་དཔྱོད་སོགས་ལས་ཀྱང་སྐབས་ཕལ་མོ་ཆེར་སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་པའི་དོན་གཞིར་བཞག་བྱས་ནས་བཤད་པའི་ཁུལ་ཡིན། དེའི་རྒྱུ་མཚན་ཁོ་བོས་འདིའི་ནང་གི་ནུབ་ཕྱོགས་ཀྱི་སྒྱུ་རྩལ་སྤྱི་དང་བྱེ་བྲག་ཏུ་དེང་རབས་ཀྱི་སྒྱུ་རྩལ་ལྟ་གྲུབ་སྐོར་བཤད་པའི་ཁུངས་བཅོལ་ས་གཙོ་བོ་ནི་བུད་མེད་རྩོམ་པ་པོ(Cynthia Freeland)སིན་ཐི་ཡ་ཧྥི་རི་ལེན་ཌི་ཞེས་པས་བརྩམས་ཤིང(Oxford)ཨོཀ་སི་ཧྥོར་ཌིས་པར་སྐྲུན་དང་འགྲེམས་སྤེལ་བྱས་པ་ <<Art Theory སྒྱུ་རྩལ་ལྟ་གྲུབ་>> ཅེས་པ་དེ་ཡིན་ཅིང་། དེའི་ནང་དུ་མཛེས་རྣམ་དང་མཛེས་དཔྱོད་སོགས་ཀྱང་སྒྱུ་རྩལ་གྱི་ལྟ་གྲུབ་ཀྱི་བྱེ་བྲག་ལྟ་བུ་ཡིན་པའི་ཚུལ་དུ་འགྲེལ་བརྗོད་བྱས་ཡོད་པས་ཡིན། ད་དུང་དེང་རབས་སྒྱུ་རྩལ་གྱི་ལྟ་གྲུབ་ལྟར་ན་སྒྱུ་རྩལ་གྱི་ཁྱད་ཆོས་ནི་མཛེས་སྡུག་གཅིག་པུ་མ་ཡིན་པས་དང་། ཡོངས་གྲགས་ལྟར་ན་སྒྱུ་རྩལ་གྱི་ངོས་འཛིན་ས་གཙོ་བོ་ནི་རི་མོའི་སྒྱུ་རྩལ་ཡིན་པས་འདིར་ཡང་གཙོ་བོ་དེ་དང་འབྲེལ་བའི་སྒོ་ནས་བཤད་ཡོད་ཀྱང་། དེ་དང་མཉམ་དུ་རོལ་དབྱངས་སོགས་སྒྱུ་རྩལ་གྱི་རིགས་གཞན་རྣམས་ཀྱང་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་ཚུལ་གྱིས་བཤད་ཐབས་བྱས་ཡོད་པས་ཡིན།


བོད་སྐད་དུ་སྒྱུ་རྩལ་ཞེས་ཟེར་བ་ནི་བརྡ་རྙིང་ཞིག་ཡིན་པས་བོད་བཙན་པོའི་སྐབས་ནས་བྱུང་བའི་བཀའ་བསྟན་རྣམས་སུ་ཡང་ཐ་སྙད་འདི་བེད་སྤྱད་ཡོད། འོན་ཀྱང་ཐ་སྙད་འདི་ཉིད་རྗེས་སྒྲུབ་ཡིན་པ་ལྟ་བུས་སྒྱུ་ཞེས་པར་དོན་གཅིག་དང་། རྩལ་ཞེས་པར་དོན་གཅིག་ཡོད་པ་ལྟར་སྣང་ནའང་ཁོ་བོས་ནི་འགྲེལ་བརྗོད་བྱ་ཐབས་བྲལ། ཤེས་ཡོན་ཅན་གྱི་གྲོགས་པོ་ཁ་ཤས་ལ་དྲིས་པར་སྒྱུ་འཕྲུལ་ལྟ་བུའི་རྩལ་ལ་གོ་བ་མིན་ནམ་གསུངས་ཤིང་། དེ་ལ་བདེན་ཤས་ཀྱང་ཡོད་པ་ལྟར་མཐོང་ནའང་ཡིག་རྙིང་གི་ཁུངས་ཡོད་མེད་ནི་མ་འཚལ་བས་ཁོ་བོས་ནི་གནས་སྐབས་རིང་དཔྱད་གཞི་དང་དོགས་གཞིར་འཇོག་པ་ལས་ཁུངས་ལྡན་གྱི་འགྲེལ་བཤད་མི་ནུས་ཞེས་དྲང་པོར་ཁས་ལེན་པར་འདོད། བོད་སྐད་ཀྱི་བརྡ་རྙིང་མི་ཉུང་བ་གཞན་རྣམས་ལྟར་ཐ་སྙད་འདི་ཡང་ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་ནས་བྱུང་བ་ཡིན་སྲིད། དེ་ལྟར་ན་རྒྱ་གར་གྱི་རིག་གཞུང་དུ་འཇིག་རྟེན་གྱི་སྣང་བ་རྣམས་སྒྱུ་མ་ཡིན་པའི་ལྟ་གྲུབ་དེ་ཧ་ཅང་ཤུགས་ཆེ་བས་བོད་སྐད་དུ་སྒྱུ་རྩལ་ཞེས་སྨྲ་བའི་སྐབས་ཀྱི་ཚིག་ཟུར་སྒྱུ་ཞེས་པ་དེ་ཡང་སྒྱུ་མའི་ཐ་སྙད་ལས་གྲུབ་པ་ལྟར་སྣང་ནའང་། དོན་དུ་ལེགས་སྦྱར་གྱི་སྐད་དུ་སྒྱུ་རྩལ་ཞེས་པའི་ཚིག་ལ་སྒྱུ་མ་ཞེས་པའི་དོན་དེ་མེད་པར་མངོན་ཏེ། ལེགས་སྦྱར་གྱི་སྐད་དུ་སྒྱུ་མ་ལ་མ་ཡཱ་ཞེས་ཟེར་ཞིང་། སྒྱུ་རྩལ་ལ་ཀ་ལཱ་ཞེས་བརྗོད་སྲོལ་ཡོད་པས་སོ།།


ཀ་ལཱ་ཞེས་པ་འདི་ད་ལྟའི་དུས་སུ་ཧིན་དྷུ་དང་། བལ་ཡུལ་གྱི་སྐད་དུ་སྒྱུ་རྩལ་དང་རྩལ་གཉིས་ཀའི་དོན་དུ་བེད་སྤྱོད་སྲོལ་ཡོད་ཀྱང་། སྔོན་ལེགས་སྦྱར་རང་གི་ནང་དུ་སྒྱུ་རྩལ་གྱི་ཐ་སྙད་ཀ་ལཱ་ཞེས་པ་ལ་རྩལ་ཁོ་ན་ལ་འཇུག་པའི་སྐབས་ཡོད་མེད་བཤད་དཀའ་སྟེ། ལེགས་སྦྱར་གྱི་སྐད་དུ་རྩལ་ལ་བིཀྲམཿ ཨཱཀྲམཿ བལམ་སོགས་ཟེར་བ་ལས་ཀ་ལཱ་ཞེས་མི་ཟེར་བར་མཐོང་། འོན་ཀྱང་ཁོ་བོའི་ལེགས་སྦྱར་གྱི་ཤེས་ཚད་ནི་བག་ཆགས་བཞག་མྱོང་བ་ཙམ་ཡིན་པས་ན་མང་དུ་བཤད་པར་ག་ལ་སྤོབས། སྤྱིར་སྒྱུ་དང་རྩལ་ནི་འབྲེལ་བ་ཧ་ཅང་ཆེ་བས་དབྱིན་སྐད་དུ་སྒྱུ་རྩལ་ལ་art ཞེས་བརྗོད་པ་དེ་ལ་རྩལ་གྱི་དོན་ཡང་ཡོད་པས་ན་དམག་འཐབ་ཀྱི་རྩལ་ལ་art of war ཞེས་ཟེར་བ་ལྟ་བུའོ།། དེ་ལྟར་གཞིགས་ན་སྒྱུ་རྩལ་ཞེས་པ་ནི་བོད་རང་གི་ཐ་སྙད་ཐུན་མོང་མ་ཡིན་པ་ཞིག་ཡིན་སྲིད་ཅིང་། དེ་ཡང་སྒྱུ་མ་ལྟ་བུ་ངོ་མཚར་བར་བྱེད་པའི་རྩལ་ལས་གྲུབ་པས་ན་སྒྱུ་རྩལ་ཞེས་འབོད་པ་ཡིན་སྲིད། སྒྱུ་རྩལ་གྱི་ལྟ་གྲུབ་ངོས་ནས་བཤད་ན་ཐ་སྙད་འདི་ཧ་ཅང་གལ་ཆེ་བས་མ་མཐར་ཡང་འདི་ལ་ཁུངས་ལྡན་གྱི་དོན་འགྲེལ་ཞིག་ཡོད་པ་ནི་ཆེས་གལ་ཆེ་ནའང་ཁོ་བོས་དེ་སྔོན་འདིའི་སྐོར་བོད་རིག་པའི་མཁས་པ་གཞན་གྱིས་ཉམས་ཞིབ་གནང་ཡོད་མེད་མ་ཤེས་ཤིང་། གལ་སྲིད་མེད་ན་འདིའང་སྒྱུ་རྩལ་ལ་མོས་པ་རྣམས་ཀྱིས་ངེས་པར་དུ་ཉམས་ཞིབ་བྱ་དགོས་པའི་གནས་ཤིག་ཡིན་པར་མངོན།


འོ་ན་ཡོངས་གྲགས་ལྟར་ན་སྒྱུ་རྩལ་ཟེར་བ་དེ་ཅི་ཞིག་རེད་སྙམ་ན། ཅི་ཞིག་ལ་སྒྱུ་རྩལ་ཟེར་བའམ། སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་གང་ནས་འབྱེད་པ་སོགས་ནི་རྩོད་གཞིར་གྱུར་ཡོད། དེ་ཡང་དཔེར་ན་སྒྱུ་རྩལ་དང་འབྲེལ་བ་ལ(Decorative art)མཛེས་རྒྱན་གྱི་སྒྱུ་རྩལ་དང་། (fine art) མཛེས་རྩལ་གྱི་སྒྱུ་རྩལ་ཞེས་གཉིས་ཡོད་པ་ལས་ཁ་ཤས་ཀྱིས་སྒྱུ་རྩལ་རྣམ་དག་ནི་དེ་གཉིས་ལས་ཕྱི་མ་སྟེ་སྒྱུ་རྩལ་པ་རང་ཉིད་ཀྱི་གསར་གཏོད་ཀྱི་རྩལ་སྟོན་པའམ་ལྟད་མོ་བའི་ཡིད་སེམས་འགུག་པ་དང་ཚོར་སྣང་དམིགས་བསལ་བ་སྦྱིན་པ་ཙམ་གྱི་ཆེད་དུ་བཟོ་བསྐྲུན་བྱས་པའི་བརྩམས་ཆོས་རིགས་ལ་གོ་ཞིང་། དེ་ལས་ལྡོག་སྟེ་སྔ་མ་མཛེས་རྒྱན་གྱི་སྒྱུ་རྩལ་ཏེ་བུམ་པ་དང་གོས་ཆེན་ལ་སོགས་པར་མཛེས་སྡུག་གི་ཚོར་སྣང་འདྲེན་པའི་ཆེད་དུ་རི་མོ་དང་བཟོ་དབྱིབས་འདྲ་མིན་བཟོ་ནའང་དེའི་དགོས་ཆེད་གཙོ་བོ་ནི་མཛེས་རྣམ་སྟོན་པའི་ཆེད་དུ་མ་ཡིན་པར་མཁོ་སྤྱོད་ཡིན་པས་ན་དེ་དག་སྒྱུ་རྩལ་གྱི་བརྩམས་ཆོས་དངོས་མ་ཡིན་པར་ལག་རྩལ་ལམ་ལག་ཤེས་ཙམ་ཡིན་པར་འདོད། མ་ཟད་དེ་དག་གིས་ལག་རྩལ་དེ་ཉིད་ཚོང་རྫས་ཀྱི་ཆེད་དུ་བེད་སྤྱོད་བཏང་བ་ཡིན་ན་དེ་ནི(design)མཛེས་བཀོད་དམ་མཛེས་བཟོ་ཙམ་ལས་སྒྱུ་རྩལ་དངོས་མ་ཡིན་པར་བཤད། འོན་ཀྱང་འགའ་ཤས་ཀྱིས་དེ་ནི་མཛེས་རྒྱན་གྱི་སྒྱུ་རྩལ་དང་མཛེས་རྩལ་གྱི་སྒྱུ་རྩལ་གཉིས་ཀྱི་ཁྱད་པར་འབྱེད་བྱེད་ཙམ་ལས་སྒྱུ་རྩལ་ཡིན་མིན་གྱི་ཁྱད་པར་འབྱེད་བྱེད་མ་ཡིན་པར་བཤད་ནས་ལྟ་ཚུལ་དེ་ལ་དགག་པ་བྱེད་ཀྱི་ཡོད་པ་རེད།


ལྷག་པར་ད་ལྟའི་ཆར་དབྱིན་སྐད་ཀྱི་ཐ་སྙད་དུ་སྒྱུ་རྩལ་ལ་art ཞེས་ཟེར་བ་འདི་སྐབས་རེ་དངོས་པོ་དམིགས་བསལ་བ་ཉུང་ཤས་ཤིག་ལ་གོ་བ་ལྟར་ཡོད་ལ། སྐབས་རེ་ཤེས་བྱ་མང་པོ་ཞིག་ལ་གོ་བ་ལྟ་བུ་ཧ་ཅང་རྙོག་ཟིང་ཅན་ཞིག་ཡིན་པས་ན་དེང་དུས་སྒྱུ་རྩལ་སྨྲ་བ་གྲགས་ཅན(Robert Irwin) རོ་རྦིར་ཊི་ཨིར་ཝིན་གྱིས་ད་ལྟའི་ཆར་སྒྱུ་རྩལ་ནི་འདི་ལ་གོ་དང་འདི་ལ་མི་གོ་པ་མེད་པས་གོ་རྒྱུ་གཅིག་ཀྱང་མེད་པར་གྱུར་ཡོད་ཅེས་གསུངས་མྱོང་ཡོད། འོན་ཀྱང་གང་ལྟར་ཡང་ང་ཚོས་ངེས་པར་དུ་སྒྱུ་རྩལ་ཟེར་བ་དེ་ཅི་ཞིག་ཡིན་འགྲེལ་བརྗོད་ཅིག་མི་བྱེད་ཀ་མེད་ཡིན་པས་ན། (Robert Irwin) རོ་རྦིར་ཊི་ཨིར་ཝིན་གྱིས་ཀྱང་སྒྱུ་རྩལ་ནི་ང་ཚོའི་འཆར་རྟོག་གི་དྲན་ཤེས་ལ་མུ་མཐུད་རྟོག་དཔྱོད་བྱེད་པ་ཞིག་དང་། ང་ཚོའི་ཉེ་སྐོར་གྱི་འཇིག་རྟེན་ཐད་ལ་མུ་མཐུད་རྒྱ་བསྐྱེད་པའི་དྲན་ཤེས་ཤིག་ཡིན་པར་གསུངས། གཞན་ཡང་སྒྱུ་རྩལ་ཞེས་པའི་འགྲེལ་བརྗོད་བྱེད་ཚུལ་མི་འདྲ་བ་ཧ་ཅང་མང་བ་ལ། ཡོངས་སུ་གྲགས་པ་གང་ཞིག་ལ་ང་རང་གི་བློ་ལ་ཡང་འབབ་པོ་བྱུང་བ་ཞིག་ནི་ཨ་རི་ནས་ཡིན་པའི་སྒྱུ་རྩལ་ལྟ་གྲུབ་སྨྲ་བ་གྲགས་ཅན(Monroe Beardsley)རྦི་ཨོ་ཛི་ལི་ (1915-1985)   ཡིས་གསུངས་པ་ཞིག་སྟེ། དེ་ཡང་ཁོང་གིས་དངོས་པོ་གང་ཞིག་མཛེས་རྣམ་གྱི་ཁྱད་ཆོས་མངོན་གསལ་དུ་ཡོད་པ་ལ་བརྟེན་ནས་ཚོར་སྣང་སྦྱིན་པའི་ཆེད་དུ་རྒྱུ་རྐྱེན་རྣམས་འདུས་བྱས་པ་ཞིག་ལ་སྒྱུ་རྩལ་ཞེས་གོ་བར་གསུངས།


འོན་ཀྱང་ད་ལྟའི་ཆར་སྒྱུ་རྩལ་ཡིན་ན་མཛེས་རྣམ་ཡོད་དགོས་པར་འདོད་པའི་ལྟ་བ་དེ་འགྱུར་ཟིན་པས་དེ་ལྟར་ན་ཁོ་བོས་ཀྱང་བོད་ཀྱི་རིག་གཞུང་དང་། དེང་དུས་ཀྱི་སྒྱུ་རྩལ་ལྟ་གྲུབ་གཉིས་ཀ་དང་མཐུན་པར་སྒྱུ་རྩལ་ཞེས་པའི་དོན་གྱི་འགྲེལ་བརྗོད་ཅིག་འགོད་ཐབས་བྱ་ན། སྒྱུ་རྩལ་ཞེས་པ་ནི་གཙོ་བོ་ཚོར་སྣང་དམིགས་བསལ་བ་ཞིག་སྟེར་བའི་དོན་དུ་ལུས་ངག་ཡིད་གསུམ་པོ་གང་རུང་གི་རྩལ་གྱིས་བཟོ་སྐྲུན་བྱས་པ་ཞིག་ལ་གོ་བར་སྙམ། དེ་ཡང་ལུས་ངག་ཡིད་གསུམ་པོ་ཞེས་སྨྲ་བ་ནི་བོད་ལུགས་ལྟར་ན་སྒྱུ་རྩལ་ནི་བཟོ་རིག་པ་དང་འབྲེལ་བ་ཟབ་མོ་ཡོད་པ་ལ་བཟོ་རིག་པ་ལ་བོད་ལུགས་སུ་ལུས་བཟོ། ངག་བཟོ། ཡིད་བཟོ་གསུམ་དུ་དབྱེ་སྲོལ་ཡོད་པས་ཡིན། གཙོ་བོ་ཚོར་སྣང་དམིགས་བསལ་བ་ཞེས་པ་ནི་མཁོ་སྤྱོད་ཅན་གྱི་ལག་ཤེས་ཀྱི་རིགས་ཏེ་ནུབ་ཕྱོགས་སུ(decorative art)མཛེས་རྒྱན་གྱི་སྒྱུ་རྩལ་ཞེས་གྲགས་པ་ནི་གོང་དུ་བཤད་པ་ལྟར་འགའ་ཤས་ཀྱིས་སྒྱུ་རྩལ་གྱི་བརྩམས་ཆོས་དངོས་མ་ཡིན་ཅིང་། དེ་ལས་གཞན་མཛེས་རྣམ་ཙམ་གྱི་ཆེད་དུ་དམིགས་ནས་བཟོས་པ་ནི་སྒྱུ་རྩལ་ཡིན་པར་འདོད་ཀྱང་ཁོ་བོས་དེ་གཉིས་དེ་ལྟར་འགལ་བ་ཡིན་པར་མི་འདོད་པས་ཡིན། སྒྱུ་རྩལ་ཡིན་ན་ཡིད་དུ་འོང་བའི་ཚོར་བ་སྟེར་དགོས་པའི་ངེས་པ་མེད་པ་ནི་རྒྱ་གར་གྱི་བཤད་སྲོལ་ལྟར་ལྟད་མོ་སོགས་ལ་འཇིགས་རུང་དང་རྩོམ་རིག་སོགས་ལ་མི་སྡུག་པ་སྟེ་སྐྱུག་བྲོ་བ་སོགས་ཀྱི་ཉམས་སྟོན་པའི་སྒྱུ་རྩལ་གྱི་རིགས་ཡོད་ཀྱང་། གང་ལྟར་ཡང་ཚོར་སྣང་དམིགས་བསལ་བ་ཞིག་སྟེར་བ་ལ་འབད་བརྩོན་མི་བྱེད་པའི་སྒྱུ་རྩལ་མཁན་ཕལ་ཆེར་མེད་ཅེས་དྲན།


དེས་ན་ཁོ་བོ་ལྟར་ན་སྒྱུ་རྩལ་ལ་མཁོ་སྤྱོད་མེད་པའམ་མཁོ་སྤྱོད་བྱ་མི་རུང་བ་མིན་ཀྱང་། སྒྱུ་རྩལ་ནི་གཙོ་བོ་མཁོ་སྤྱོད་ལས་ཀྱང་ཚོར་སྣང་གི་ཆེད་དུ་བཟོ་སྐྲུན་བྱས་པ་ཞིག་ལ་གོ་བ་དང་། དེ་ཉིད་དཔེ་མཚོན་གྱི་ཐོག་ནས་བཤད་ན་དཔེར་ན་རྐུབ་སྟེགས་ལ་རྐང་པ་བཞི་ཡོད་པ་ནི་མཁོ་སྤྱོད་ཀྱི་ཆེད་དང་། རྐུབ་སྟེགས་ཀྱི་ངོས་སུ་ཚོན་མདོག་འདྲ་མིན་གྱི་མཛེས་བཀོད་བྱས་པའམ། རྐུབ་སྟེགས་ཀྱི་མཚན་ཉིད་ཚང་བའི་ཐོག་ཏུ་མེད་ན་སྐྱོན་དེ་ཙམ་མེད་ཀྱང་ཡོད་ན་ཡོན་ཏན་ཡོད་པའི་རྒྱུ་མཚན་གྱིས་རྐུབ་སྟེབས་དེ་ཉིད་རང་གཞན་སུའི་ཡང་ཡིད་དུ་འོང་བའི་ཆེད་དུ་ཚོན་མདོག་དང་བཟོ་དབྱིབས་འདྲ་མིན་བཟོ་བ་སོགས་ནི་སྒྱུ་རྩལ་ལ་ངོས་འཛིན་བྱས་ན་རུང་བར་སྙམ། མདོར་ན་ཁོ་བོ་ལྟར་ན་མཛེས་རྒྱན་གྱི་སྒྱུ་རྩལ་དང་མཛེས་རྩལ་གྱི་སྒྱུ་རྩལ་གཉིས་ཀྱི་ཁྱད་པར་ནི་སྒྱུ་རྩལ་དངོས་ཡིན་མིན་དང་སྒྱུ་རྩལ་དང་མཁོ་སྤྱོད་ཀྱི་ཁྱད་པར་བཅས་མ་ཡིན་པར་སྒྱུ་རྩལ་གྱི་ཁྱད་ཆོས་དེ་གང་ལ་ལྡན་པའི་གཞི་ལ་ཚོར་སྣང་དམིགས་བསལ་བ་འདྲེན་པ་ཙམ་མམ་དེ་ལས་གཞན་པའི་བེད་སྤྱོད་ཡོད་མེད་ཀྱི་ཁྱད་པར་ལས་སྒྱུ་རྩལ་རང་གི་ཐོག་ནས་དེ་གཉིས་ལ་སྒྱུ་རྩལ་ཡིན་མིན་དང་སྒྱུ་རྩལ་དངོས་ཡིན་མིན་གྱི་ཁྱད་པར་སོགས་རྩ་བ་ནས་ཡོད་པར་མི་འདོད་དེ། རྐུབ་སྟེགས་ཤིག་གི་ཐོག་ཏུ་ཡོད་པའི་རི་མོ་དང་ཤོག་ངོས་སུ་བྲིས་པའི་རི་མོ་གཉིས་ལ་རི་མོ་རང་གི་ངོས་ནས་རི་མོ་ཡིན་མིན་དང་རི་མོ་དངོས་ཡིན་མིན་སོགས་ལ་ཁྱད་པར་རྩ་བ་ནས་མེད་པ་བཞིན་ནོ།། དེས་ན་སྒྱུ་རྩལ་གྱི་བརྩམས་ཆོས་ལ་བེད་སྤྱོད་མེད་ན་སྒྱུ་རྩལ་དགོས་དོན་མེད་པས་སྒྱུ་རྩལ་ལ་བེད་སྤྱོད་ཡོད་ཅིང་ཡོད་དགོས་པ་གང་ཞིག་ལ། དེའི་བེད་སྤྱོད་ནི་ཅ་དངོས་གཞན་ལྟར་ཐད་ཀར་མ་ཡིན་པར་གཙོ་བོ་ཚོར་སྣང་གི་བརྒྱུད་ནས་བྱེད་དགོས་པ་ཞིག་ཡིན་པ་ནི་དེའི་དམིགས་བསལ་གྱི་ཁྱད་ཆོས་ཡིན་པར་མཐོང་།


ཡང་ཁོ་བོས་རྩལ་ལས་བྱུང་བ་ཞེས་བརྗོད་པ་ནི་ཚོར་སྣང་དམིགས་བསལ་བ་སྟེར་བ་དེ་ཡང་རྩལ་ལས་བྱུང་དགོས་པ་ལས། སྐྱག་པ་ཟ་བཞིན་པའི་འདྲ་དཔར་གྱིས་ཕ་རོལ་པོ་ལ་ཞེན་པ་ལོག་པའི་ཚོར་བ་རྣོན་པོ་སྟེར་ནུས་ཀྱང་དེ་ནི་ཧ་ཅང་སླ་བའི་བྱ་བ་ཞིག་ཡིན་པ་ལས་དམིགས་བསལ་རྩལ་ལས་བྱུང་བ་མ་ཡིན་པས་སྒྱུ་རྩལ་དུ་བརྩིས་ན་ག་ལ་རུང་། མདོར་ན་ཁོ་བོ་ལྟར་ན་རྩལ་ལས་བྱུང་བ་མིན་ན་སྒྱུ་རྩལ་མིན་ཅིང་། ཅི་ཙམ་ཚོར་སྣང་དམིགས་བསལ་བ་སྟེར་འདོད་པ་དེ་ཙམ་གྱིས་རྩལ་འདོན་དགོས་པ་ནི་བཤད་མ་དགོས་པས་ཚོར་སྣང་དམིགས་བསལ་བ་ཅི་ཙམ་སྟེར་ཐུབ་མིན་གྱི་རྩལ་ཆེ་ཆུང་ལས་སྒྱུ་རྩལ་ཞིག་གི་སྤུས་ཚད་ཀྱི་རིམ་པ་འཇོག་དགོས་སམ་སྙམ། དེ་བཞིན་རྩལ་ཞེས་བརྗོད་དུས་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་གང་ཟག་ཅིག་གིས་ཆེད་དུ་ཚོར་སྣང་དམིགས་བསལ་བ་འདྲེན་པའི་དོན་དུ་དམིགས་ཏེ་བཟོས་པ་ཞིག་ལ་ཡང་གོ་དགོས་སྙམ་སྟེ། སྒྱུ་རྩལ་ཞེས་པ་དེ་རང་བཞིན་གྱིས་གྲུབ་པའི་དངོས་པོ་ལ་གོ་ཆོག་ན་ལྟ་སྟངས་གཅིག་གི་དབང་དུ་ན་འཇིག་རྟེན་ཐམས་ཅད་ངོ་མཚར་དང་མཛེས་སྡུག་གིས་ཕྱུག་པས་ན་འཇིག་རྟེན་ཐམས་ཅད་སྒྱུ་རྩལ་ཡིན་པར་འདོད་དགོས་ཤིང་དེ་ལྟར་འདོད་མཁན་ཀྱང་ཡོད། འོན་ཀྱང་དེ་ལྟར་ན་སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་མེད་པར་འགྱུར་ཏེ་འཇིག་རྟེན་ཧྲིལ་པོ་སྒྱུ་རྩལ་ཡིན་པའི་ཕྱིར་དང་། དངོས་པོ་གང་ཡིན་ཀྱང་སེམས་ཅན་གང་ཡང་རུང་བ་ལ་མཛེས་སྡུག་ལྡན་པར་སྣང་སྲིད་པས་ཡོད་ཚད་སྒྱུ་རྩལ་དུ་འགྱུར་བའི་ཕྱིར་རོ། །་དེ་ཡང་འདོད་ན་ཆེད་དུ་སྒྱུ་རྩལ་བཟོ་སྐྲུན་བྱེད་པ་ཡང་དེ་ཙམ་དགོས་པ་མེད་པར་འགྱུར་ཏེ་སྒྱུ་རྩལ་མ་ཡིན་པ་གང་ཡང་མེད་པའི་ཕྱིར།


འོ་ན་ཁོ་བོས་ཚོར་སྣང་དམིགས་བསལ་བ་ཞེས་བཤད་པ་དེ་ཅི་འདྲ་ཞིག་ལ་གོ་སྙམ་ན། དངོས་པོ་གང་རུང་ཞིག་དབང་ཤེས་ཀྱི་ཡུལ་དུ་གྱུར་པ་ན་ཕལ་མོ་ཆེར་རྟོག་པས་འདི་རེད་འདུག་ཅེས་པ་ལྟ་བུ་བསམ་པ་ཙམ་ལས་མངོན་གསལ་དོད་པའི་ཚོར་བ་མི་སྐྱེ་ཞིང་། དེ་ལས་དངོས་པོ་འགའ་ཤས་བསམ་བློའི་རིམ་པ་གཉིས་པར་སོང་ནས་མངོན་གསལ་དོད་པའི་ཚོར་བ་སྐྱེ་རུ་བཅུག་པ་དང་། དངོས་པོ་ཉུང་ཤས་ཤིག་བསམ་བློའི་རིམ་པ་གསུམ་པར་སླེབས་ནས་དངོས་པོ་དེ་ཙམ་མ་ཡིན་པར་དངོས་པོ་དེ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་རང་ལ་ཡང་བསམ་གཞིག་བྱེད་དུ་བཅུག་ཅིང་དེ་འདྲའི་ཚོར་སྣང་ནི་ཁོ་བོས་དམིགས་བསལ་གྱི་ཚོར་སྣང་ཞིག་ལ་ངོས་འཛིན་གྱི་ཡོད། འོན་ཀྱང་ཚོར་སྣང་དམིགས་བསལ་བ་སྟེར་བའི་ནུས་པ་ནི་སྒྱུ་རྩལ་གཅིག་པུའི་ཐོག་ནས་ཡོང་བ་མ་ཡིན་ཅིང་། དེ་ལ་རོལ་མཁན་གྱི་གང་ཟག་རང་གི་སེམས་ཚོར་ཁོ་ན་ལ་རག་ལས་པ་ཡང་མ་ཡིན་པར་ཡུལ་དང་ཡུལ་ཅན་གཉིས་ཀ་འདུས་པ་ལས་བྱུང་བ་ཞིག་ཡིན་པར་བཤད་མ་དགོས། འོ་ན་གང་ཟག་གི་ངོས་ནས་མ་བཤད་པར་སྒྱུ་རྩལ་རང་གི་ཐོག་ནས་སྒྱུ་རྩལ་གྱི་སྤུས་ཚད་འཇོག་ཏུ་ཡོད་དམ་སྙམ་ན། སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ལ་དེ་བཟོ་སྐྲུན་བྱེད་པར་ཀླད་པའི་རྣམ་དཔྱོད་དང་ལག་པའི་རྩལ་གཉིས་ཀ་ཅི་ཙམ་དགོས་མིན་དང་། འདྲ་བཤུས་སམ་མཚོན་བྱེད་ཡིན་ན་མ་དཔེ་དང་ཅི་ཙམ་འདྲ་མིན་དང་། གསར་གཏོད་ཡིན་ན་ཅི་ཙམ་དམིགས་བསལ་ཡིན་པ་སོགས་དཔྱད་པའི་སྒོ་ནས་སྒྱུ་རྩལ་གྱི་བརྩམས་ཆོས་རང་ངོས་ནས་ཀྱང་སྤུས་ཚད་དམ་རིན་ཐང་འཇལ་དུ་མེད་པ་མ་རེད་སྙམ།


མདོར་ན་སྒྱུ་རྩལ་གྱི་ཚད་གཞི་ནི་ཐོག་མར་དོ་སྣང་ཅི་ཙམ་འགུག་མིན། བར་དུ་ཡིད་སེམས་ཅི་ཙམ་འཕྲོགས་མིན། ཐ་མར་སེམས་ལ་བག་ཆགས་ཅི་ཙམ་ཟབ་མོ་འཇོག་མིན་གྱིས་འཇོག་དགོས་པར་སྣང་བ་ནི་ཁོ་བོའི་བསམ་ཚུལ་ཡིན། དེ་ལྟར་སྒྱུ་རྩལ་བཟང་མིན་ནི་དེ་འདྲའི་ནུས་པ་ཅི་ཙམ་ཡོད་མེད་ཀྱིས་འཇོག་དགོས་པ་ལས། སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་གི་ནང་དོན་དུ་ཚུལ་མིན་གྱི་འཁྲིགས་སྤྱོད་དང་། དྲག་སྤྱོད་ལྟ་བུ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པས་གནོད་ཉེན་ཅན་ཡོད་ན་ཡང་དེ་ནི་སྒྱུ་རྩལ་གྱི་སྐྱོན་མིན་ཏེ། སྒྱུ་རྩལ་གྱི་དམིགས་ཡུལ་ནི་གོང་དུ་བཤད་པ་ལྟར་གཙོ་བོ་སེམས་ཚོར་འདྲེན་པ་ཙམ་ཡིན་པའི་ཕྱིར། གལ་སྲིད་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་གི་རིན་ཐང་འཇལ་སྐབས་བརྩམས་ཆོས་དེའི་ཐོག་མའི་འབྱུང་རྐྱེན་དང་ཐ་མའི་མཇུག་འབྲས་སོགས་ཀྱི་ངོས་ནས་ཀྱང་དཔྱད་དེ་དེའི་སྤུས་བཟང་མིན་གྱི་ཚད་འཇོག་དགོས་ན་ཧ་ཅང་ཐལ་ཏེ། དེ་འདྲ་ཡིན་ན་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་གྲགས་ཅན་རྣམས་ལ་རྐུ་ལ་ཤོར་བ་སོགས་ཀྱི་ཉེན་ཁ་ཡོད་ཅིང་། ཕལ་པ་རྣམས་ལ་མེད་པས་དེའི་ཆ་ནས་རྐུ་ལ་ཤོར་ཉེན་ཡོད་པ་སོགས་ལས་ཀྱང་མེད་པའི་རིགས་རྣམས་སྒྱུ་རྩལ་བཟང་བར་འདོད་དགོས་པའི་སྐྱོན་ཡོད་པས་སོ། དེས་ན་ཁོ་བོས་བསམས་ན་སྒྱུ་རྩལ་པ་ཞིག་གིས་སྤྱི་ཚོགས་ལ་གནོད་པའི་སྒྱུ་རྩལ་རིགས་སྤེལ་ན་དེ་ནི་སྒྱུ་རྩལ་གྱི་སྐྱོན་མིན་པར་སྒྱུ་རྩལ་པ་རང་ཉིད་ཀྱི་སྐྱོན་ཏེ་དེས་སྒྱུ་རྩལ་བེད་སྤྱོད་ལོག་པར་བཏང་བའི་ཕྱིར་དང་། སྒྱུ་རྩལ་པ་ཞིག་གིས་སྒྱུ་རྩལ་པའི་འགན་མ་ཁུར་པར་སྒྱུ་རྩལ་བེད་སྤྱོད་ལོག་པར་བཏང་ཡང་དེས་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་དུ་བྱུང་བར་བསྐྲུན་ཐུབ་པར་འདོད།


སྲོལ་རྒྱུན་གྱི་བཤད་ཚུལ་ལྟར་བཤད་ན་ད་ནི་དཔྱད་པར་བྱ་བ་འདི་ཡོད་དེ། སྒྱུ་རྩལ་ཡིན་ན་ལུས་ངག་གང་རུང་གི་རྩལ་ལ་བརྟེན་ནས་ངེས་པར་དུ་ཕྱི་ཡི་དངོས་པོའི་རྣམ་པར་བཟོ་བསྐྲུན་བྱས་པའི་བརྩམས་ཆོས་ཤིག་ཡིན་དགོས་སམ་མི་དགོས། དགོས་ན་ལུས་ངག་ལས་ཡིད་ལ་སྒྱུ་རྩལ་མེད་པ་རེད་དམ། རེད་ན་སྒྱུ་རྩལ་གྱི་འབྱུང་ཁུངས་དངོས་ནི་རྣམ་དཔྱོད་ཡིན་པ་ལ་དེ་ལ་སྒྱུ་རྩལ་མེད་པ་ཡིན་ནམ། ཡིན་ན་གཞས་པ་རྣམས་ཀྱི་ངག་རྩལ་ནི་སྒྱུ་རྩལ་ཡིན་པར་གྲགས་པ་ལ། རྣམ་དཔྱོད་ཀྱི་རྩལ་སྒྱུ་རྩལ་མིན་པའི་རྒྱུ་མཚན་གང་ཡིན་ནམ། སྒྱུ་རྩལ་ཡིན་ན་ངེས་པར་དུ་ཕ་རོལ་པོས་རོལ་ཐུབ་པ་ཞིག་ཡིན་དགོས་སམ། གལ་ཏེ་ལུས་ངག་གིས་འདུས་བྱས་པ་ཡིན་མི་དགོས་པར་སེམས་ལ་ཤར་བའི་རྣམ་པ་ཁྱད་པར་བ་ཡང་སྒྱུ་རྩལ་ལ་ངོས་འཛིན་ན་ཆོག་ན་སེམས་ལ་ཤར་བའི་རྣམ་པ་ནི་རང་ཉིད་ཁོ་ནས་མྱོང་ཐུབ་པ་ཞིག་ཡིན་པས་དེ་འདྲའི་རིགས་ཀྱི་སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་གང་ནས་འབྱེད། འདིའི་སྐོར་ལ་གཞན་གྱིས་དཔྱད་པ་བྱས་པ་ཡོད་ངེས་ཀྱང་ཁོ་བོས་དེ་སྔོན་ཀློག་མྱོང་མེད་ཅིང་། རོབ་ཙམ་གྱི་དབང་དུ་བྱས་ནས་བཤད་ན་ནུབ་ཕྱོགས་ཀྱི་སྒྱུ་རྩལ་སྨྲ་བ་རྣམས་ཀྱིས་སྒྱུ་རྩལ་ཡིན་ན་ལུས་ངག་གང་རུང་ལ་བརྟེན་ནས་གྲུབ་པའི་དངོས་པོ་སྟེ་བརྩམས་ཆོས་ཤིག་ལ་འདོད་ཀྱི་ཡོད་པ་ལྟར་མཐོང་ཞིང་། རྒྱ་གར་དང་བོད་ཀྱི་སྲོལ་རྒྱུན་གྱིས་བཟོ་རིག་པ་ལས་དམིགས་བསལ་སྒྱུ་རྩལ་ཞེས་ལོགས་སུ་ཕྱེས་ནས་བཤད་སྲོལ་དེ་ཙམ་མེད་ཀྱང་། བཟོ་རིག་པ་ནི་ཁྱད་གཞི་དང་སྒྱུ་རྩལ་ནི་དེའི་ཁྱད་ཆོས་ལྟ་བུར་ངོས་འཛིན་པའི་སྒོ་ནས་བཤད་ཀྱི་ཡོད་པ་ལྟར་སྣང་བས། དེའི་ལུགས་སུ་ཡིད་ཀྱི་བཟོ་རིག་པ་ཡོད་ན་ཡིད་ཀྱི་སྒྱུ་རྩལ་ཡང་ལོས་ཡོད་དགོས་སྙམ།


དེ་བཞིན་སྒྱུ་རྩལ་དང་རྩལ་གཉིས་ཀྱི་འབྲེལ་བ་ལ་ཡང་ཞིབ་ཏུ་དཔྱད་དགོས་པར་སྣང་སྟེ། རྩལ་སྒྱུ་རྩལ་ཡིན་དང་མིན། ཡོངས་གྲགས་ལྟར་ན་རྩལ་ལ་བརྟེན་ནས་སྒྱུ་རྩལ་གྲུབ་པ་ལྟར་ཡིན་ཀྱང་། དེའི་ས་མཚམས་གང་ནས་འབྱེད། སྒྱུ་རྩལ་གྱི་ཐ་སྙད་ལེགས་སྦྱར་གྱི་ཀ་ལཱ་དང་དབྱིན་སྐད་ཀྱི་ art ཞེས་པ་རྣམས་སྐབས་མང་པོར་སྒྱུ་རྩལ་ལས་ཀྱང་རྩལ་རང་ལ་འཇུག་གི་ཡོད་པ་ལྟར་མཐོང་བས་ཇི་འདྲ་ཞིག་ཡིན་ནམ། དེ་བཞིན་ཞིབ་ཏུ་བསམས་ན་སྒྱུ་རྩལ་ཞེས་པ་དེ་རྩལ་ཙམ་ཡིན་ནམ། ཡང་ན་ཉམས་སམ་རྣམ་པ་ཞིག་གམ། ཡང་ན་ངེས་པར་དུ་བརྩམས་ཆོས་ཤིག་ཡིན་དགོས་སམ། སྒྱུ་རྩལ་དང་སྒྱུ་རྩལ་གྱི་བརྩམས་ཆོས་གཉིས་ལ་ཡང་ཁྱད་པར་འབྱེད་དགོས་སམ་མི་དགོས་སོགས། སྒྱུ་རྩལ་ལ་གོ་བ་གཏིང་ཟབ་མོ་ལེན་པར་འདོད་ན་བསམ་གཞིགས་བྱ་དགོས་པའི་དྲི་བ་གལ་ཆེན་མང་པོ་ཞིག་ཡོད་པར་མཐོང་། རེ་ཞིག་ཁོ་བོའི་བསམ་པ་ལ་ནི་རྩལ་ལས་སྒྱུ་རྩལ་བྱུང་བ་མ་གཏོགས་སྒྱུ་རྩལ་རང་ཉིད་རྩལ་མིན་ཅིང་། རྩལ་ནི་ནུས་པ་ཞིག་དང་སྒྱུ་རྩལ་ནི་ནུས་པ་དེ་ལ་བརྟེན་ནས་བྱུང་བའི་རྣམ་པ་ཞིག་ཡིན་པར་འདོད། དེས་ན་ཐོག་མར་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཡིད་ལ་སྒྱུ་རྩལ་གྱི་རྣམ་པ་ཤར་བ་ན་སྒྱུ་རྩལ་གྲུབ་པའི་མགོ་ཚུགས་པ་ཡིན་ཅིང་། ལུས་དང་ངག་སོགས་ཀྱིས་འདུ་བྱེད་པ་ན་སྒྱུ་རྩལ་གྱི་བརྩམས་ཆོས་གྲུབ་པའི་མགོ་ཚུགས་པ་ཡིན། དེ་ལྟར་ན་ཡིད་ལ་ཡང་སྒྱུ་རྩལ་ཡོད་པ་ནི་དཔེར་ན་རྩོམ་པ་པོ་ཞིག་གི་བསམ་བློར་རྟོག་བཟོའི་སྒྲུང་ངོ་མཚར་ཅན་ཞིག་ཤར་ན་དེ་ཉིད་ཡི་གེའི་རིས་སུ་མ་ཕབ་ཀྱང་སྒྱུ་རྩལ་མ་རེད་ཅེས་བཤད་དཀའ་འོ་སྙམ། དེ་བས་ན་ཁོ་བོས་ནི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་བརྩམས་ཆོས་གཉིས་ཀྱི་བར་ལ་ཡང་ཁྱད་པར་ཡོད་པར་འདོད་དེ། སྒྱུ་རྩལ་ནི་ཚོར་སྣང་དམིགས་བསལ་བ་འདྲེན་པའི་རྣམ་པ་དང་སྒྱུ་རྩལ་གྱི་བརྩམས་ཆོས་ནི་དེ་གང་ལ་ལྡན་པའི་གཞི་ཙམ་ཡིན་པས་སོ།།


མདོར་ན་ང་ཚོ་མང་པོ་ཞིག་གིས་ནམ་རྒྱུན་སྒྱུ་རྩལ་ཞེས་པ་ནི་རི་མོ་འབྲི་བ་སོགས་ཕན་ཡོད་ལ་མེད་ཀྱི་བྱ་བ་ཞིག་རེད་དྲན་པ་ལས། སྒྱུ་རྩལ་ལ་དམིགས་བསལ་གྱི་ལྟ་གྲུབ་ཡོད་ཚུལ་སེམས་ལ་དེ་ཙམ་འཁོར་གྱི་མེད་ཀྱང་། འདི་ལྟར་ཞིབ་ཚགས་པོས་བསམ་གཞིགས་བྱས་ན་ད་གཟོད་ང་ཚོས་སྒྱུ་རྩལ་ལ་ཡང་ལྟ་གྲུབ་སྣ་ཚོགས་པ་ཡོད་ཅིང་ཡོད་དགོས་པའི་གནད་འགག་ངོས་ཟིན་པར་འགྱུར་རོ།། སྒྱུ་རྩལ་གྱི་ལྟ་གྲུབ་གླེང་བའི་སྐབས་སུ་དྲི་བ་གལ་ཆེ་བ་འགའ་ཤས་ནི་སྒྱུ་རྩལ་ཞེས་པ་ནི་ཅི་ཞིག་ལ་ངོས་འཛིན་པ་དང་། སྒྱུ་རྩལ་ཞེས་ཟེར་དུས་རི་མོ་དང་རོལ་དབྱངས་ལྟ་བུ་རིགས་ཁ་ཤས་ལ་གོ་བའམ་ཡང་ན་མང་པོ་ཞིག་ལ་གོ། མང་པོ་ལ་གོ་ན་སྒྱུ་རྩལ་ཡིན་མིན་གྱི་ས་མཚམས་གང་ནས་འབྱེད། མཛེས་སྡུག་ཅེས་པ་དེ་ཡུལ་ངོས་ནས་གྲུབ་པ་ཞིག་གམ་གང་ཟག་གི་རྣམ་རྟོག་ཙམ་ཞིག་རེད། སྒྱུ་རྩལ་གྱི་སྤུས་ཚད་གང་འདྲ་བྱས་ནས་འཇལ། གལ་སྲིད་སྒྱུ་རྩལ་གྱི་བརྩམས་ཆོས་གཅིག་ལ་ཡང་དགའ་མཁན་གྱི་རིགས་དང་མི་དགའ་མཁན་གྱི་རིགས་གཉིས་བྱུང་ན་དེ་གཉིས་ལས་གང་དེ་འགྲིག་པ་ཡིན་མིན་བཤད་ཐབས་ཡོད་དམ་མེད། མ་གཞི་ནས་སྒྱུ་རྩལ་གྱི་སྤུས་ཚད་འཇལ་བའམ་མཛེས་དཔྱོད་ཅེས་པ་དེ་ཅི་འདྲ་ཞིག་ཡིན། སྒྱུ་རྩལ་གྱི་ཕན་ནུས་དང་དགོས་ཆེད་གང་ཡིན། སྒྱུ་རྩལ་ནི་སྒྱུ་རྩལ་རང་གི་ཆེད་དུ་ཡིན་དགོས་པར་གྲགས་པ་ལྟར་ཡིན་ནམ་ཡང་ན་སྒྱུ་རྩལ་ལ་ཡང་བེད་སྤྱོད་གཞན་ཞིག་ཡོད། མ་ཟད་སྒྱུ་རྩལ་གྱིས་ཅི་ཞིག་མཚོན་ཅིང་ཅི་ཞིག་སྟོན་གྱིན་ཡོད། སྒྱུ་རྩལ་དང་སྒྱུ་རྩལ་པའི་འབྲེལ་བ་ཇི་ལྟར་བྱས་ནས་དཔོག་ཐུབ་བམ་ཞེས་པ་སོགས་ནི་སྒྱུ་རྩལ་གྱི་ལྟ་གྲུབ་ཅེས་གྲགས་པའི་བརྗོད་གཞི་ཡིན་པས་ན་གཤམ་དུ་རིམ་པས་འཆད་པར་འགྱུར་རོ།། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།