བློན་ཆེན་སྟག་སྒྲ་ཀླུ་ཁོང་གི་བང་སོ་དང་འབྲེལ་བའི་བང་སོ་གླེང་བ།

7568


                         རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།


བློན་ཆེན་སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་ཡིན་ཞིང་། ཤར་འདུལ་གྱི་དམག་དཔོན་ཆེན་པོ་ཟླ་བྲལ་ཞིག་ཡིན་པ་ནི། ཞོལ་རྡོ་རིང་ཕྱི་མ་དང་ཏུན་ཧོང་ཡིག་གེ་ལ་གསལ་ཡོད། ཁོང་གི་བང་སོ་ནི་ཚལ་གུང་ཐང་གི་འདབས་རོལ་ཀྲིའི་ལུང་པ་ན་བསྐྲུན་ཡོད་པ་ནི་སྟག་ཚང་རྫོང་པས་མཛད་པའི་རྒྱ་བོད་ཡིག་ཚངས་དང་འཇོག་རི་ངག་བསྟན་གྱིས་མཛད་པའི་་གུང་ཐང་གི་དཀར་ཆག་ན་གསལ་ཞིང་། ཉེ་དུས་ཨ་རིའི་བོད་རིག་པ་བ་དང་། ལྷ་སར་བཞུགས་པའི་བོད་རིག་པའི་མཁས་པས་དཔྱད་ཞིབ་གནད་འཁེལ་མཛད་ཟིན་པས་འདིར་མི་གླེང་ལ། ཞིབ་ཆ་པོ་ཏཱ་ལ་ཞེས་པའི་དུས་དེབ་ལ་གཟིགས་ན་ཤེས།



འདིར་བློན་ཆེན་གྱི་བང་སོ་དང་འབྲེལ་བའི་ཞེས་མཚམས་སྦྱོར་བྱ་དོན་ནི། བློན་ཆེན་གྱི་བང་སོའི་དཔྱད་ཞིབ་པ་དག་གིས་མ་གླེང་ན་འང་། བང་སོ་དེ་དང་འབྲེལ་བ་ཡོད་ངེས་པའི་ཆ་ནས་བཤད་པར་བྱ་བ་སྟེ། སྤྱིར་ན་བོད་ཀྱི་སྲོལ་ན་བཙན་པོའམ་བློན་པོ་སོགས་ཀྱི་བང་སོ་ལ་ཁྱིམ་བརྒྱུད་རང་བཞིན་གྱི་བང་སོའི་ཚོགས་གཞི་གཅིག་ལ་བསྐྲུན་ཡོད་ན་འང་། བློན་ཆེན་འདིའི་བང་སོའི་ཉེ་འགྲམ་ན་བང་སོ་གཞན་པ་མི་འདུག་ཅིང་། དེའི་ནུབ་ངོས་དེར་བང་སོའི་ཤུལ་ཡིན་ནམ་སྙམ་པ་འགའ་ལས་དམིགས་བསལ་བ་མི་འདུག རྒྱབ་རིའི་བརྒྱུད་དེའི་ཤར་ལྷོའི་ཁུལ་དུ་ས་འབར་འབུར་དང་གྲུ་བཞི་ལྟ་བུ་འགའ་ཤས་སྣང་ནའང་བང་སོའི་རིགས་ཡིན་མིན་མཐའ་མ་ཆོད།


ཡིན་ནའང་བློན་ཆེན་བང་སོའི་ཤར་ངོས་ཀྱི་ལུང་པ་སྟེ། ད་ལྟ་ཀྲིའི་གྲོང་ཚོ་གསུམ་པའི་ཁོངས་གཏོགས། རྒྱ་ཚ་ཞེས་པའི་ནང་གི་རི་འདབས་སུ་ཡུལ་མིས་འབུམ་གོག་ཅེས་བོས་སྲོལ་ཡོད་པ། གཤམ་དེར་བང་སོ་ཆུང་ངུ་འགའ་དང་། བར་དེར་བང་སོ་ཆེན་པོ་གསུམ་ཤར་ནུབ་ཏུ་གྲལ་བསྟར་བཞིན་དུ་ཡོད་པ། གོང་དེར་སྨད་ཆར་བང་སོའི་རྣམ་པ་ཡོད་ཅིང་། སྟོད་ཆར་མཆོད་རྟེན་གྱི་རྣམ་པ་ཡོད་པ་ཅིག་རོང་ངེར་་གནས་འདུག ཡུལ་མིས་འབུམ་གོག་ཟེར་ས་འང་ཕལ་ཆེར་འདི་ལས་འཕྲོས་པ་ཡིན་ནམ་སྙམ་ལ། འདིའི་ནང་དུ་ཚ་ཚ་མང་པོ་ཐོན་མྱོང་བ་རེད་ཟེར་གྱི་འདུག བང་སོའི་ནུབ་ངོས་སུ་ཁང་ཆུང་མང་པོ་བསྟར་ལ་ཡོད་པའི་བརྩིགས་ཤུལ་ལམ་མེར་གསལ་འདུག བློན་ཆེན་བང་ངོར་རྒྱབ་ངོས་ནས་བསྔོགས་ཤུལ་ཡོད་པ་བཞིན་དུ་འདི་གའི་བང་སོ་ལའང་དེ་མཚུངས་སུ་བསྔོགས་ཤུལ་ལམ་མེར་འདུག་པས། སིལ་བུའི་དུས་མགོར་བང་སོ་བསྔོགས་པའམ་བྲུས་པའི་ལོ་རྒྱུས་ཡོད་པས། དེ་དུས་ཙམ་ལ་བསྔོགས་པར་ཐེ་ཚོམ་ཅི་ཡང་མེད་སྙམ།


བང་སོ་འདི་དག་དང་ངན་ངམ་སྟག་སྒྲ་ཀླུ་ཁོང་ཁྱིམ་བརྒྱུད་བར་འབྲེལ་བ་ངེས་ཅན་ཡོད་སྲིད་པ་ཡིན་ལ། ད་ལྟ་ཀྲི་ཞེས་པ་ཡང་སྲི་ཞེས་པའི་ཀློག་སྲོལ་འགྱུར་བ་ལས་བྱུང་བ་ནི་བོད་ཀྱི་དབུས་གཙང་ཁུལ་དུ་སྲོག་ལ་ཀྲོག སྲུང་ལ་ཀྲུང་། སྲུ་མོ་ལ་ཀྲུ་མོ། སྲེག་ལ་ཀྲག་ཅེས་བོས་པས་མཚོན་ལ། ཡིག་རྙིང་ན་སྲིའི་རྒྱ་ཕིབས་དགོན་དང་། སྲིའི་མྱུ་གུ་སྣའི་དགོན་ཞེས་འབྱུང་བ་སོགས་ལ་བསམ་ན། རྒྱལ་ཕྲན་སིལ་མའི་ནང་ཚན་དུ་སྲིབ་ཡུལ་རལ་མོ་གོང་དུ། ཞེས་འཁོད་ཡོད་ཅིང་། སྲིབ་ནི་ཉིན་སྲིབ་ཀྱི་དོན་ལའང་འཇུག་ཅིང་སྐྱི་ཆུའི་སྲིབ་ངོས་ཡིན་པ་དང་། ཡུལ་སྐད་ལ་ལར་ཉིན་སྲིབ་ལ་ཉིན་གྲིབ་ཅེས་ཀྱང་བོས་པས་ན། ལྷ་སའི་ལྷོ་ངོས་གྲིབ་ཅེས་པའང་སྲིབ་ཀྱི་སྒྲ་ཉམ་པ་ཡིན་པར་མངོན་ལ། སྲིབ་དེ་སྲི་ལ་འགྱུར་ཞིང་། དེ་ཡང་ཀྲི་ལ་འགྱུར་བ་ཡིན་ངེས་པས་ན། རྒྱལ་ཕྲན་དེའི་སྐབས་ཀྱི་བང་སོ་ཡིན་ངེས་པ་དང་། བློན་ཆེན་གྱི་བང་སོ་དང་ཤར་ནུབ་ཏུ་གནས་ཡོད་པ་ལས། གཞི་གཅིག་ཏུ་མེད་པའི་རྒྱབ་ལྗོངས་ཀྱང་ཡིན་སྲིད།



གུང་ཐང་བླ་མ་ཞང་གིས། ངན་ལམ་རལ་གསུམ་གྱི་དབུས། ཀྲི་ཞལ་གཉིས་ཀྱི་མཚམས། བྱ་མཁར་དབེན་པའི་རི་ཁྲོད། ཅེས་གསུངས་པའི་ཡུལ་གྲུ་འདིར་ཁམས་བསེང་ལ་བསྐྱོད་པའི་སྐབས་སུ་བློན་ཆེན་གྱི་བང་སོའི་ཤར་ངོས་དེར་བང་སོ་ཆེན་པོ་འགའ་ཤས་ཡོད་པ་མཐོང་ཞིང་། རང་ཉིད་ལོ་རྒྱུས་ལ་རྨོངས་པས་འདི་ཡིན་དེ་མིན་གྱི་ངོས་འཛིན་བྱེད་ཐབས་བྲལ་བ་དང་། བློན་ཆེན་བང་སོ་ཡང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཁོངས་སུ་མེད་པར་མངོན་ལ། བང་སོ་འདི་དག་ནི་དེ་བས་ཀྱང་ཚུད་མེད་པས། མཁས་པ་དག་གིས་ཞིབ་འཇུག་དང་གཞུང་ཕྱོགས་ནས་བདག་སྐྱོང་སོགས་ཡོང་རེས་མཚམས་སྦྱོར་དང་པར་རིས་རྣམས་གཟིགས་འབུལ་ཞུས་པ་ཡིན་ནོ།།

                  ར་སེ་དཀོན་མཆོག་རྒྱ་མཚོས་༢༠༡༩/༩/༩ལའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།