ཨམ་སྐད་ཁྲོད་ཀྱི་བརྡ་ཆད་ཁག་ཅིག་ལ་དཔྱད་པ།

7560


 རྩོམ་པ་པོ། ཀུན་ཁྱབ་ཀླུ་བྱམས། (མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང)


﹝གནད་བཏུས﹞ཨམ་སྐད་ཁྲོད། སྒྲ་ཇི་བཞིན་པར་ཡི་གེ་འབྲི་སྲོལ་བྱུང་མེད་པའི་བརྡ་ཆད་ཤིན་ཏུ་མང་པོ་ཞིག་ཡོད་པ་ལས། ཆེས་རྒྱུན་མཐོང་ངམ་རྒྱུན་སྤྱོད་ཀྱི་ཐ་སྙད་འགའ་ཁོལ་དུ་ཕྱུངས་ནས། དེ་དག་ལ་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི་བར་ལུང་རིགས་དཔེ་གསུམ་གྱིས་བསྟན་ཡོད།


﹝གནད་ཚིག﹞དཀར་ཡོལ། སྐད་དྲིགས། སྦྲིད་ལ་བཞོན།


དེ་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཨམ་སྐད་ཁྲོད་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའམ་འབྲིར་མི་བཏུབ་པའི་བརྡ་ཆད་ཤིན་ཏུ་མང་པོ་ཞིག་ངག་ཐོག་ཏུ་ལུས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེའི་ཕྱིར་བདག་ལ་ཨམ་སྐད་ཁྲོད་ཀྱི་ཡི་གེར་དགོད་ཁག་པའི་བརྡ་ཆད་རིགས་འཚོལ་སྡུད་དང་ཞིབ་འཇུག་བྱ་འདུན་སྐྱེས་པར་མ་ཟད། ཉམས་ཞིབ་ཀྱི་གོ་རིམ་ཁྲོད། གསང་གནད་དགྲོལ་དཀའ་བའི་བརྡ་ཆད་དེ་དག་ལ་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འཚོལ་བར། སྒྲ་ལ་བརྟག་པ་དང་། དོན་ལ་དཔྱོད་པ། བརྡ་སྤྲོད་ལུགས་དང་མི་འགལ་བ་བཅས་ཞིབ་འཇུག་བྱེད་ཐབས་ཀྱི་རྩ་དོན་གསུམ་རྙེད་ཐུབ་པ་བྱུང་བས། འདིར་རྒྱུན་མཐོང་ངམ་རྒྱུན་སྤྱོད་ཀྱི་ཐ་སྙད་འགའ་ཁོལ་དུ་ཕྱུངས་ནས་དེ་དག་ལ་རྩ་དོན་གསུམ་གྱིས་ཇི་ལྟར་འགྲོལ་ལུགས་སྐོར་ཀློག་པ་པོ་རྣམས་ལ་ས་ཕག་འཕངས་ནས་གཡང་ཊི་འདྲེན་པའི་ཚུལ་དུ་དབུལ་བར་བྱ།


         ༡ དཀར་ཡོལ།



དཀར་ཡོལ། རྡོ་དཀར་གོང་ལས་བྱས་པའི་ཡོལ་གོའམ་བཏུང་ཕོར་གྱི་མིང་ལ་འཇུག་ཚུལ་བོད་ཀྱི་དག་ཡིག་རྣམས་སུ་འབྱུང་སྟེ།《དག་ཡིག་ཐོན་མིའི་དགོངས་རྒྱན》གྱི་སྨད་ཆར། དཀར་གོང་ནི། རྡོ་མཁར་གོང་ངམ་ཨ་དཀར་ཏེ་རྡོ་ཐལ་གྱི་རྒྱུའོ། །འདི་ཚ་ལ་དང་སྦྱར་ནས་ཡོལ་གོ་བྱས་པ་ལ་དཀར་ཡོལ་ཞེས་དྲི་མེད་ཤེལ་ཕྲེང་དུ་འབྱུང་། ①ཞེས་བཀྲལ་ཡོད།《བརྡ་དག་མིང་ཚིག་གསལ་བ》རུ། དཀར་ཡོལ། ཇ་དཀར་དང་ཞལ་དཀར་ལྟ་བུ། ②ཞེས་བཀྲལ་ཡོད།《དག་ཡིག་གསར་བསྒྲིགས》(དག་བཅོས་མ)སུ། དཀར་ཡོལ། ① རྡོ་དཀར་གོང་གིས་བཟོས་པའི་ཡོལ་གོའམ་སྣོད་ཀྱི་མིང་། ② དཀར་ཡོལ་དང་རྒྱུ་འདྲ་བའི་སྣོད་སྤྱད་ཀྱི་མིང་སྟེ། དཀར་ཡོལ་སྡེར་མ། དཀར་ཡོལ་བུམ་པ་ལྟ་བུ། མིང་བསྡུས་ན་དཀར་ཞེས་འབྲི་སྟེ། དཀར་ཡོལ་སྡེར་མ་ལ་དཀར་སྡེར་ཟེར་བ་ལྟ་བུ། ③ཞེས་བཀྲལ་ཡོད།《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》དུ། དཀར་ཡོལ། རྡོ་དཀར་གོང་དང་ཚ་ལ་གཉིས་སྦྱར་ནས་བཅོས་པའི་བཏུང་སྣོད་ཡོལ་གོའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། དཀར་གོང་ཚ་ལ་སྦྱར་བ་ཡི། །བཅོས་པའི་བཏུང་སྣོད་ཡོལ་གོ་ལ། །སྒྲ་བསྡུས་དཀར་ཡོལ་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་རོ། །④ཞེས་བཀྲལ་ཡོད།《བོད་རྒྱ་ཚིག་མཛོད་ཆེན་མོ》རུ། དཀར་ཡོལ། དཀར་པོའི་ཡོལ་གོ དཀར་ཡོལ་ཆ་གཅིག དཀར་ཡོལ་རྙིང་མ། ﹝དཀར་ཡོལ་ཡུ་རིང﹞སྔར་བོད་ཀྱི་བླ་དཔོན་སོགས་ལ་ཇ་སོགས་འདྲེན་སྣོད་ཀྱི་དཀར་ཡོལ་ཡུ་བ་རིང་པོ་ཞིག ⑤ཅེས་བཀྲལ་ཡོད།《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང》དུ། དཀར་ཡོལ། བཟའ་བཏུང་གི་སྣོད་ཇ་དཀར། ཕོ་དཀར། མོ་དཀར་སོགས་སྣོད་ཀྱི་བྱེ་བྲག་དང་དེའི་རྒྱུ་ལའང་ཟེར་བ། དཔེར་ན། དཀར་ཡོལ་གྱི་མི་ལྟ་བུ། ⑥ཞེས་བཀྲལ་ཡོད་པ་སོགས་ཀྱིས་དཀར་ཡོལ་ཞེས་པའི་མིང་དེ་བོད་སྤྱི་སྐད་ཀྱི་བརྡ་ཆད་ཅིག་ཡིན་པ་རྟོགས་ནུས། ཡིན་ནའང་ཨ་མདོའི་ཡུལ་བྱིངས་ཀྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དཀར་ཡོལ་གྱི་མིང་ལ་དཀར་ཡོལ་ཞེས་པའི་སྒྲ་མི་ཐོན་པར། ཡུལ་གྲུ་འགའི་སྐད་དུ།〝ཀར་འོའུ〞ཞེས་དང་། ཡུལ་གྲུ་འགའི་སྐད་དུ། 〝ཀར་རོའུ〞ཞེས་པའི་གདངས་ཐོན། དཔེར་ན། ཆང་དཀར་ཡོལ(ཀར་འོའུ། ཀར་རོའུ)ནང་ན་ལྟེམ་ལྟེམ་ལྟེམ། ཇ་དཀར་ཡོལ(ཀར་འོའུ། ཀར་རོའུ)གང་འབྱངས་ཟེར་གྱིན་ཡོད་པས། ཨ་མདོ་པ་རྣམས་ཀྱི་ངག་ལས་ཐོན་པའི〝ཀར་འོའུ〞དང〝ཀར་རོའུ〞ཞེས་པར་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི་བའམ། དེ་གཉིས་དཀར་ཡོལ་ཞེས་པའི་བརྡ་དང་འབྲེལ་བ་ཡོད་མེད་ཐད་ལ་ད་ལྟའི་བར་སུ་ཞིག་གིས་ཀྱང་ཉམས་ཞིབ་མ་གནང་བར་སྟོང་ཆར་ལུས་ཡོད། དེས་ན་ཁོ་བོའི་འདོད་ཚུལ་ལྟར་ན།⒈ ཨ་མདོའི་ཡུལ་གྲུ་འགའི་སྐད་དུ། དཀར་ཡོལ་ལ〝ཀར་འོའུ〞ཞེས་པའི་གདངས་ཐོན་ཚུལ་ནི། ཡིག་རྙིང་བཞིན་དུ་སྡེ་ཚན་གཅིག་ནང་གསེས་ཀྱི་མིང་གཞི་འ་ཡ་གཉིས་གཅིག་ཚབ་གཅིག་ཏུ་སྦྱར་བས་ཡིན་ཏེ། དཔེར་ན། ངོ་འོག་ལ་ངོ་ཡོག ལ་འོག་ལ་ལ་ཡོག འོབས་ལ་ཡོབས། འོང་ལ་ཡོང་། འུ་བུ་ཅག་ལ་ཡུ་བུ་ཅག ལྗོན་ཤིང་ཡོ་འབོག་ལ་འོ་འབོག རྣ་བ་འོན་ལ་རྣ་བ་ཡོན། རྟའི་ཡོབ་ཆེན་ལ་རྟའི་འོབ་ཆེན་ཟེར་བ་ལྟ་བུ་དང་། མཚོ་སྔོན་ཡུལ་ཤུལ་གྱི་སྐད་དུ། དེང་དུས་ཀྱང་གང་ན་ཡོད་ཅེས་པར་གང་ན་འོད་ཅེས་ཟེར་བ་ཐོས། དེ་ལྟར་ཡོལ་གྱི་ཚབ་ལ་འོལ་བྲིས་པས་དཀར་འོལ་དུ་གྲུབ་ཅིང་། ཨམ་སྐད་དུ། འོལ་ལ་འོའུ་སྒྲ་ལྟ་བུའི་གདངས་ཐོན་ཏེ། བྱ་འོལ་བ་ལ་བྱ་འོའུ་སེར་བའམ་འོའུ་སེ་ར་ཟེར་བ་ལྟ་བུ། བོད་པ་ཚོའི་སྐེར་འདོགས་པའི་གའུ་ཞེས་པ་ལ་ག་འུའམ་ག་བུའུ་ཞེས་པའི་གདངས་འདྲ་ཞིག་ཐོན་ཕྱིར། དཀར་འོལ་ལ་ངག་ཏུ་བརྗོད་བདེ་ཕྱིར་སྔོན་འཇུག་ད་མེད་པའི་ཚུལ་དུ〝ཀར་འོའུ〞དང〝ཀར་བོའུ〞ཞེས་པའི་གདངས་ཐོན་པ་རེད། ⒉ ཡུལ་གྲུ་འགའི་སྐད་དུ། དཀར་ཡོལ་ལ〝ཀར་རོའུ〞ཞེས་པའི་གདངས་ཐོན་ཚུལ་ནི། ཡོལ་གྱི་མིང་གཞི་ཡ་ཡིག་བོར་ནས་དབྱངས་ན་རོའི་རོ་སྒྲ་མིང་གཞི་དང་དབྱངས་གཉིས་ཀ་བྱས་ཤིང་། དེར་རྗེས་འཇུག་ལ་སྦྱར་བས་རོལ་ཡིག་བྱུང་བ་རེད། དེ་ལྟར་ཨམ་སྐད་དུ། རོལ་ལ་རོའུ་སྒྲ་ལྟ་བུ་ཐོན་ཏེ། ཤིང་གཤོལ་གྱིས་ཞིང་ངོས་སུ་ཆར་ཆུའི་བཞུར་ལམ་བཏོད་པ་ལ་ཆུ་རོལ་འཐེན་ཞེས་པར་ཆུ་རོའུ་འཐེན་ཟེར་ཞིང་། ལོ་གཅིག་ལ་སྔོ་ཏོག་མ་བཏབ་པར་མལ་གསོ་རུ་བཅུག་པའི་ཞིང་གི་མིང་ལ་སློག་རོལ་ཏུ་བཞག་ཅེས་པར་ལོག་རོའུ་ལ་བཞག་ཟེར་བ། སྐུ་ཕྱོགས་ཨ་རོལ་ཚང་ལ་སྐུ་ཕྱོགས་ཨ་རོའུ་ཚང་ཟེར་བ་ལྟ་བུས་མཚོན། མིང་གཞི་བོར་ནས་དབྱངས་ཀྱི་ང་རོའི་སྒྲ་མིང་གཞིར་སོང་བ། དཔེར་ན། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ》པོད6པའི་ལྡེབ337པར།…འོ་ན་ལ་རང་གིས་གཞན་པ་ཚོར། །སེམས་དཀར་བ་ཁ་བའི་རི་བརྩིགས་ཀྱང་། །སྡེ་བ་རོས་དོན་དེ་མི་ཤེས་པས། །སེམས་དགའ་མགུ་སྐྱེ་བ་ག་ན་ཡོད། །⑦ཅེས་གསུངས་པའི་ཁྲོད་ཀྱི་སྡེ་བ་རོས་ཞེས་པའི་རོ་ནི། ཡིག་སྐད་དུ་ཐམས་ཅད་དང་ཚང་མ། རྣམས་དང་རིགས་ཞེས་པའི་དོན་གྱི་ཚོ་ཞེས་པའི་མིང་གཞི་ཚ་ཡིག་བོར་རྗེས་དབྱངས་ན་རོའི་རོ་སྒྲ་མིང་གཞི་བྱས་ཤིང་དེ་ལ་དབྱངས་ན་རོ་སྦྱར་ནས་གྲུབ་པ་ཞིག་སྟེ། འགྲུལ་བ་ཚོ་ཐོན་དེངས་ཞེས་པ་ལ་འགྲུལ་བ་རོ་ཐོན་དེངས། མི་ཚོ་བུད་ཐལ་ཞེས་པ་ལ་མྱི་རོ་བུད་ཐལ་ཟེར་བ་དང་ཆོས་མཚུངས། དེར་མ་ཟད། ཨ་མདོའི་ཡུལ་བྱེ་བྲག་གི་སྐད་དུ། མཆོད་མེའི་སྡོང་སྤོས་ལ་སྡོང་རོས་ཞེས་དང་། ལྟོ་བ་སྦོས་པ་ལ་ལྟོ་བ་རོས། ཕྲ་བའི་ལྡོག་ཟླ་སྟེ་སྦོམ་པོ་ལ་རོམ་པོ་ཟེར་བ་རྣམས་ཀྱང་དེ་དག་གི་མགོ་ཅན་དང་མིང་གཞི་གཉིས་བོར་ཏེ་དབྱངས་ན་རོའི་རོ་སྒྲ་མིང་གཞི་དང་དབྱངས་གཉིས་ཆོད་དུ་སོང་བས་རོས་དང་རོམ་སྒྲ་སོགས་བྱུང་བ་རེད།

《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ70པར། བློན་གཡར་སྒྲ་ཞེས་པར་བློན་གཡྲ་སྒྲ་ཞེས་དང་། ལྡེབ71པར། རིང་ལུགས་ཀྱི་གཡར་སྔར་ཞེས་པ་ལ་རིང་ལུགས་ཀྱི་གཡྲ་སྔར།…ལྡེབ79པར།…བློན་ལྷ་བཞེར་ལ་ལྷ་བཞྲེ།…ལྡེབ81པར།…བློན་མདོ་བཞེར་ལ་བློན་མདོ་བཞྲེ།…⑧ཞེས་སོགས་བྲིས་ཡོད་ཅིང་།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ149པར། བློན་སྟག་བཞེར་ཞེས་པ་ལ་བློན་སྟག་བཞྲེ་ཞེས་དང་། ཁྲིས་བཞེར་ཞེས་པ་ལ་ཁྲིས་བཞྲེ།…⑨ཞེས་བྲིས་ཡོད་པ།《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 གྱི་ལྡེབ80པར། སྟགྀ་ལོ་ལ་བབ་སྟེ། (སྤྱི་ལོ702)། བཙན་པོ་དབྱརད་པོང་ཁྲྀ་མུ་སྟེངས་ན་བཞུགས། ཡུམ་ཁྲྀ་མ་ལོད་ཡྲ་འབྲོགྀ་འཇོན་ན་བཞུགས།…⑩ཞེས་ཡར་འབྲོག་ལ་ཡྲ་འབྲོག་སོགས་བྲིས་ཡོད་པ་དེ་དག་གིས་ཀྱང་མིང་གཞི་ར་དང་ར་བཏགས། དབྱངས་བཞི་བ་ན་རོ་གསུམ་ལ་གཅིག་ཚབ་གཅིག་ཏུ་བྱ་རུང་བའི་འབྲེལ་བ་དམིགས་བསལ་ཅན་རེ་ཡོད་པ་གསལ་བཤད་བྱས་འདུག དེ་དང་ཆ་འདྲ་བའི་དཔེ་གཞན་ཡང་། བྱེད་ལ་ཡེད་ཅེས་དང་། བྱས་ལ་ཡས། སྦྲ་ལ་ར། སྦྲིད་ལ་བརིད། བྲོ་བ་མྱངས་ལ་རོ་མྱངས། རྨོན་དོར་གྱི་གཉའ་སྦྲེལ་བ་ལ་གཉའ་རེལ། སྦྲུལ་ལ་རུལ། བླ་བྲང་ལ་བླ་རང་། དྲི་ལ་རི། ཞིང་གི་སྲོལ་ལ་རོལ། ཧྲིལ་བོ་ལ་རིལ་བོ་སོགས་ཀྱི་སྒྲ་ཐོན་པ་རྣམས་ཀྱང་མིང་གཞི་སོགས་བོར་ནས་ཡ་བཏགས་དང་ར་བཏགས་ཀྱི་ང་རོའི་སྒྲ་མིང་གཞིར་བྱས་པ་ལ་རྗེས་འཇུག་དང་དབྱངས་སོགས་སྦྱར་བས་གཟོད་ཡིག་གཟུགས་དེ་དང་སྒྲ་དེ་དག་ཐོན་པ་ལྟ་བུའོ། །


           ༢ སྐད་དྲིགས།



སྐད་དྲིགས།(ཡུལ་སྐད)སྐད་རིགས་ཞེས་པའི་འབྲི་ཚུལ་གཞན་ཏེ། འགྲོ་བ་མིས་འཆད་པའི་སྐད་ཀྱི་རིགས་ཏེ་སྐད་ཆའི་སྦྱོར་ལུགས་སོགས་ཀྱི་ཁུངས་མི་གཅིག་པའི་དོན། ངེད་གཉིས་ཀྱི་སྐད་དྲིགས་མི་གཅིག་པས་ཕན་ཚུན་བར་དུ་བརྡ་མི་འཕྲོད་ཟེར་བ་ལྟ་བུ། ཨམ་སྐད་དུ། སྐད་རིགས་ལ་སྐད་དྲིགས་ཞེས་པའི་གདངས་ཐོན་སྟངས་ནི། མིང་གཞི་ར་དང་ད་གཉིས་ཀྱི་ཡི་གེ་ཁག་ཅིག་སྐབས་འགར་ཕན་ཚུན་བརྗེ་སྤོར་ཚུལ་དུ་སྒྲ་ཐོན་ཏེ།⒈ མིང་གཞི་ར་ཡིག་ཅན་ཁག་ཅིག་ལ་རྗེས་འཇུག་གི་དབང་གིས་གཞི་གདངས〝དྲ〞སོགས་ཀྱི་སྒྲ་ཐོན་ཚུལ།﹝རེ﹞ཡིག་རྒྱན་ཚིག་གི་མཐར་སྦྱོར་སྐབས། ཡག་རེ་ལྟོས། ཆུང་རེ་ལྟོས། ཟབ་རེ་ལྟོས་སོགས་རྗེས་འཇུག་ཕལ་ཆེར་གྱི་རྗེས་སུ་རེ་སྒྲ་ཐོན་ཡང་། རྗེས་འཇུག་དའི་རྗེས་སུ〝དྲེར〞དང་། རྗེས་འཇུག་ནའི་རྗེས་སུ〝འདྲེར〞ཞེས་པའི་སྒྲ་ཐོན། བཟའ་ཚང་སྐྱིད་རེ་ལྟོས་ཞེས་པར་བཟའ་ཚང་སྐྱིད་དྲེར་ལྟོས། བྱིས་པ་འདི་རྒོད་རེ་ལྟོས་ཞེས་པར་བྱིས་པ་འདི་རྒོད་དྲེར་ལྟོས། ས་འདི་བརླན་རེ་ལྟོས་ཞེས་པར་ས་འདི་བརླན་འདྲེར་ལྟོས། མཚམས་ལན་རེ་ཞེས་པ་ལ〝མཚམས་ལན་འདྲེར〞ཟེར་བ་སོགས་ལྟ་བུ།﹝རེས﹞ཡིག་ལས་ཚིག་གི་མཐར་སྦྱོར་སྐབས་རྗེས་འཇུག་གི་དབང་གིས་སྐབས་འགར་གཞི་གདངས〝དྲེས〞སྒྲ་ཐོན། ཕ་མ་ལ་ཚིག་རྩོད་བྱས་པའི་དོན་གྱི་བཤད་རེས་བྱས་ལ་བཤད་དྲེས་བྱས། རྩོད་རེས་བྱས་ལ་རྩོད་དྲེས་བྱས། འདྲུད་རེས་བྱས་ལ་འདྲུད་དྲེས་བྱས། རྩོམ་རེས་བྱས་ལ་རྩོམ་འདྲེས་བྱས། འགམ་རེས་བྱས་ལ་འགམ་འདྲེས་བྱས། བསྡུར་རེས་བྱས་ལ་བསྡུར་དྲེས་བྱས། གཅིག་གིས་གཅིག་ལ་སྟེར་རེས་བྱས་ལ་སྟེར་དྲེས་བྱས་ཟེར་བ་ལྟ་བུ།﹝རུང﹞ཡིག་ལས་ཚིག་གི་མཐར་སྦྱོར་དུས་སྐབས་འགར〝དྲུང〞སོགས་ཀྱི་སྒྲ་ཐོན། ཐང་ལ་བསྡད་མ་ཐག་པའི་དོན་གྱི་ཐང་ལ་བསྡད་རུང་ཡིན་ཞེས་པར་ཐང་ལ་བསྡད་དྲུང་ཡིན། གཉིད་མ་ཐག་པའི་དོན་གྱི་གཉིད་རུང་ཡིན་ཞེས་པར་གཉིད་དྲུང་ཡིན། གློག་བརྙན་བསྟན་མ་ཐག་པའི་དོན་གྱི་གློག་བརྙན་བསྟན་རུང་ཡིན་ཞེས་པར་གློག་བརྙན་བསྟན་འདྲུང་ཡིན། དགེ་རྒན་དུ་བསྟེན་མ་ཐག་པའི་དོན་གྱི་དགེ་རྒན་ལ་བསྟེན་རུང་ཡིན་ཞེས་པར་དགེ་རྒན་ལ་བསྟེན་འདྲུང་ཡིན། འགྲོ་འདོད་རུང་འགྲོ་དབང་མེད་ཅེས་པར་འགྲོ་འདོད་དྲུང་འགྲོ་དབང་མེད། དབང་ཆ་ཡོད་རུང་བཀོལ་ས་མེད་ཅེས་པར་དབང་ཆ་ཡོད་དྲུང་བཀོལ་ས་མེད། གློག་བརྙན་བསྟན་རུང་ལྟ་མཁན་མེད་ཅེས་པར་གློག་བརྙན་བསྟན་འདྲུང་ལྟ་མཁན་མེད། གྱང་ལ་ཁེན་རུང་འགྲོ་མི་ཐུབ་ཅེས་པ་ལ་གྱང་ལ་ཁེན་འདྲུང་འགྲོ་མི་ཐུབ་ཅེས་དྲུང་དང་འདྲུང་སྒྲ་ཐོན་པ་དང་། ﹝རེག﹞ཡིག་ལས་ཚིག་གི་མཐར་སྦྱོར་སྐབས། རྗེས་འཇུག་གི་དབང་གིས་སྐབས་འགར〝དྲེག〞དང〝འདྲེག〞སྒྲ་ཐོན་ཏེ། ཟས་མྱིད་རེག་བར་དུ་བལྟས་བསྡད་ཅེས་པ་ལ་ཟས་མྱིད་དྲེག་བར་དུ་བལྟས་བསྡད་ཟེར་ཞིང་། ལག་པས་ཟིན་རེག་བར་དུ་མ་བཏང་ཞེས་པ་ལ་ལག་པས་ཟིན་འདྲེག་བར་མ་བཏང་། སྐམ་རེག་བར་དུ་དབྱི་དགོས་ཞེས་པ་ལ་སྐམ་འདྲེག་བར་དུ་དབྱི་དགོས་ཟེར་བ། བཤད་རོགས་མ་ཆོད་ལ་བཤད་དྲོགས་མ་ཆོད། ལྡུད་རོགས་མ་ཆོད་ལ་ལྡུད་དྲོགས་མ་ཆོད། དགོད་རོགས་མ་ཆོད་ལ་དགོད་དྲོགས་མ་ཆོད་ཟེར་བ་ལྟ་བུའོ། །⒉ མིང་གཞི་ད་ཡིག་ཅན་ཁག་ཅིག་ལ་སྐབས་འགར་རྗེས་འཇུག་གི་དབང་གིས་གཞི་གདངས〝ར〞སྒྲ་སོགས་ཐོན་ཏེ། གྲངས་ཀྱི་བཅུ་དྲུག་ལ་བཅུ་རུག་ཅེས་དང་། ཉི་ཤུ་རྩ་དྲུག་ལ་ཉི་ཤུ་རྩ་རུག ཕྱི་དྲོ་ལ་ཕྱི་རོ། གློ་བ་འདྲིངས་ལ་གློ་བ་རིངས། ཤོག་དྲིལ་ལ་ཤོག་རིལ། ཚེ་ཏན་ཞབས་དྲུང་ལ་ཚེ་ཏན་ཞབས་རུང་། སྒོག་དྲི་བྲོ་ལ་སྒོག་རི་བྲོ། སྔར་བྱས་ཀྱི་དྲིན་ཡང་ཡང་གླེང་བའི་དོན་གྱི་ཁ་དྲིན་བརྩིས་ལ་ཁ་རིན་བརྩིས། ཐབ་ཁུང་ནང་གི་མེ་རོ་ཕྱིར་འདྲུ་བྱེད་ཀྱི་མེ་འདྲུ་ལ་མྱེ་རུ། ཕུ་དུང་ལ་ཕུ་རུང་། ད་དུང་ལ་ད་རུང་ཟེར་བ་ལྟ་བུ། རེབ་གོང་དང་གཅན་ཚ་སོགས་ཀྱི་སྐད་དུ། དུ་འཕྲོའམ་དུས་འཕྲོ་ཞེས་པ་ལ་དྲུས་འཕྲོའམ་ཐུ་འཕྲོ་དང་ཐྲུས་འཕྲོ་ཟེར་ཞིང་། ཐྲུས་འཔྲོ་ཡང་ཟེར། གཞན་ཡང་། ཁུ་ཚུར་གྱིས་རྒྱག་དུས་ལ་ཁུ་ཚུར་གྱིས་རྒྱག་རུས། ཚེ་དུས་བྱས་ནས་ལོ་འཁོར་གཅིག་ལོན་པའི་དུས་དྲན་ལ་དུས་རན། ཡོང་དུས་ཐད་ཚོ་ལ་ཡོང་རུས་ཐད་ཚོ། འགེབ་དུས་ལ་འགེབ་རུས། བཞའ་དུས་ལ་བཞའ་རུས། ཉོ་དུས་ལ་ཉོ་རུས། དགོས་དུས་རྡོ་རྗེ་མི་དགོས་དུས་གདོན་རྫས་ཟེར་བ་ལ་དགོ་རུས་རྡོ་རྗེ་མི་དགོ་རུས་གདོན་རྫས། འགྲོ་དུས་འདུག་དུས་ལ་འགྲོ་རུས་འདུག་རུས། སྐྱ་མི་རྐང་ཐང་ལ་རེ་དུས་དང་། རྐང་ཐང་སྐྱ་མི་ལ་རེ་དུས་ཞེས་པར་སྐྱ་མི་རྐང་ཐང་ལ་རེ་རུས་དང་། རྐང་ཐང་སྐྱ་མི་ལ་རེ་རུས། དེ་དུས་ཐད་ཚོ་ལ་དེ་རུས་ཐད་ཚོ། རྒྱགས་དུས་ལྟོགས་དུས་གཉིས་ཀ་ཡོད་ཅེས་པར་རྒྱགས་རུས་ལྟོགས་རུས་གཉིས་ཀ་ཡོད་ཟེར་བ་ལྟ་བུ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ26དང 29སོགས་སུ། ཕུ་ནུ་བོ་དྲུང་མཆིས་གྱང་མྱི་བསྩལདོ། ཞེས་འབྱུང་བའི་དྲུང་ནི་གང་ཡང་རུང་བ་ཞེས་པའི་རུང་གི་དོན་ལ་འཇུག་ཅིང་དེ་ལྟར་དུ་བཀྲལ་ཡོད་པ་ལྟ་བུའོ། །དེ་ལྟར་རིགས་དང་དྲིགས་གཉིས་བར་གྱི་སྒྲ་གདངས་ཀྱི་འགྱུར་ཚུལ་གྱི་ཆོས་ཉིད་དམ་གསང་གནད་དེ་ཤེས་ཚེ། སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་གང་འབྲི་བར་ཡང་གཞན་དྲིང་མི་འཇོག་པའི་གདེངས་ཚོད་རྙེད་ཐུབ་པ་གདོན་མི་ཟའོ། །


           ༣ ཁ་གོང་ལ་རྒྱ།


ཁ་གོང་ལ་རྒྱ། མིའི་སེམས་ན་བག་ལ་ཞ་བའི་ཚུལ་དུ་གནས་པའི་རང་གི་མཚན་སྙན་སྲུང་འཛིན་བྱེད་པའི་སེམས་ཁམས་ཤིག་གི་མིང་སྟེ། ཨམ་སྐད་དུ། 〝ཁོག་ཝོང་ལ་རྒྱ〞ཞེས་པའི་གདངས་ཐོན། ང་ཚོའི་སྡེ་བའི་ཁ་གོང་ལ་རྒྱ་འཆོར་དུ་འཇུག་མི་ཉན། བུ་ཁ་གོང་གིས་འཆི་སྲིད་ཟེར་བ་ལྟ་བུ། 《མགོ་ལོག་རུས་མཛོད་རྒྱས་པ》ཡི་ལྡེབ139པར།…ཕྱིའི་ཁ་གོང་དང་། ནང་གི་ལ་རྒྱ།…ཞེས་དང་། ཕྱིའི་ཁ་གོང་ཞེས་པ་ནི། གཞན་སྡེས་འོས་མིན་གྱིས་ས་འཕྲོག་དང་སྡེ་འཕྲོག མི་བསད་རུ་བརྒྱབ། དཔོན་ལ་བརྙས་བཅོས་སོགས་ཀྱི་བསམ་ངན་སྦྱོར་རྩུབ་ཅན་ལ་ཡ་ང་མེད་པའི་ཁ་གོང་འཚོས་ནས་རྒོལ་ལན་སྤྲོད་རྒྱུ་དེ་ཡིན། ཕ་ཇུས་བསྟན་པའི་ལ་རྒྱ་ཞེས་པ་ནི། དཔོན་དང་རུ་སྡེ་སྤྱིའི་དོན་དུ་ནང་ཁུལ་གྱི་འགལ་བ་གང་ཡོད་ལ་མི་རྩོད་པར། རྡོ་པོ་ཐོ་གཅིག་ལ་རྡོག་པ་གཏད། མདུང་ཡུ་རིང་གཅིག་ལ་མཆིལ་མ་འདེབས་ཟེར་བ་བཞིན་རང་སྡེའི་ཁ་གོང་ལ་རྒྱ་སྲུང་སྐྱོང་བྱ་རྒྱུུ་དེ་ཡིན།⑾ཞེས་འབྱུང་བ་ལྟ་བུ། ཁ་གོང་ལ〝ཁོག་གོང〞ཞེས་ཁོག་སྒྲ་ཐོན་སྟངས་ནི། མིང་ཆ་སྔ་མའི་ཁ་ལ་རྗེས་འཇུག་མེད་ཚེ། མིང་ཆ་ཕྱི་མའི་མིང་གཞི་ག་དེ་མིང་ཆ་སྔ་མར་རྗེས་འཇུག་གི་ཚུལ་དུ་སྒྲ་ཐོན་ཅིང་། མིང་ཆ་ཕྱི་མའི་དབྱངས་ན་རོ་ཡང་མིང་ཆ་སྔ་མ་ཁ་ཡིག་སྟེང་ཡར་འཕོས་པས་ཡིན། དཔེར་ན། ལྭ་བའི་རྒྱ་འཁོབས་ལ་རྒྱོ་འཁོབས་ཞེས་དང་། གསལ་བོ་དག་པོ་ལ་གསལ་བོ་དོག་གོ དམ་པོ་ལ་དོམ་པོ། སྔགས་བཟླ་གིན་ཟླ་གིན་ལ་སྔགས་བཟླི་གིན་བཟླི་གིན། མང་པོའི་ནང་ནས་བཟང་ངན་བསལ་འདུག་བྱས་པ་ལ་བསུལ་འདུག་བྱས་ཟེར་བའི་སྒྲ་ཐོན་པ་རྣམས་དང་ཆོས་མཚུངས། གོང་ལ〝ཝོང〞སྒྲ་ཐོན་ཚུལ་ནི། ཨམ་སྐད་ཁྲོད། ག་ཟླུམ་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར〝ཝ〞སྒྲ་ལྟ་བུ་ཐོན་ཏེ། ལྗོན་ཤིང་མ་གལ་ལ་མ་ཝ་ཞེས་དང་། ཡུལ་སྲུང་ནས་ཡུལ་གོ་ཆོད་མ་ཆོད་ལ་ཡུལ་ཝོ་ཆོད་མ་ཆོད། བུ་མོ་གནས་ཡུལ་ནས་ཆགས་མ་ཆགས་པའི་དོན་ལ་གནས་གོང་ཆོད་མ་ཆོད་ཟེར་བར་གནས་ཝོང་ཆོད་མ་ཆོད། དངོས་གོང་ལ་དངོས་ཝོང་། ལུག་གོང་ལ་ལུག་ཝོང་། ཤ་གོང་ལ་ཤ་ཝོང་། རྟར་ཞོན་པའི་དོན་གྱི་རྟ་གོང་ལ་བུད་ཟེར་བར་རྟ་ཝོང་ལ་བུད་ཅེས་པའི་གདངས་ཐོན་པ་ལྟ་བུས་མཚོན། །དེང་སང﹝ཁོག་དཔུང་ལ་རྒྱ﹞ཞེས་འབྲི་རྒྱུགས་ཆེ་ཡང་། སྒྲ་དོན་གཉིས་ཆར་ནས་བརྟག་ཅིང་དཔྱད་ཚེ། དེ་ནི་མ་དག་རྒྱུན་འབྱམས་སུ་སོང་བར་འཁུམས་སོ། །


           ༤ ཁོ་སོད།



ཁོ་སོད། ཡིད་ཚིམས་པའམ་མགུ་གང་བའི་དོན། དགེ་རྒན་གྱི་གསུང་བཤད་ལ་ཉན་ན་ཁོ་སོད་ནི(པ)ཟིག(ཞིག)རེད། འདང་དགོང་ཁོ་སོད་རེག་བར་དུ་ཤ་ཟོས། ཁོ་སོད་རེག་བར་དུ་ཆང་འཐུངས་ཟེར་བ་ལྟ་བུ། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཧེབ་སོད་ཟེར་ཏེ་འདོད་པ་ཚིམས་པའི་དོན། འདི་ལ﹝མཁོ་སོད﹞ཅེས་འདོད་མཁན་སྣང་ཡང་མ་དག་པར་སེམས་ཏེ། ཁོ་ཐག་ཆོད་མ་ཆོད་དང་། ཡིད་ཆད་པའི་དོན་ལ་ཁོ་ཆད་ཟེར་བའི་སྟེང་ནས་བརྟག་ཀྱང་ངེས་ཤེས་འདྲོངས་ནུས་སོ། །


              ༥འགྱལ།



འགྱལ།(བྱེད་མེད་ལས་ཚིག)① ཉི་མ་ནུབ་རིའི་ཕག་ལ་ཡིབ་པའམ་ཡལ་བའི་དོན། ཨམ་སྐད་དུ། ཉི་མ〝འགྱའ〞ཞེས་པའི་གདངས་ཐོན། ཉི་མ་ནུབ་རིའི་ཕག་ལ་འགྱལ་ཐལ། ངེད་ཚང་ཉི་མ་ཚང་འགྱལ་ཡིན་ཟེར་བ་ལྟ་བུ། འགྱལ་ཅེས་པ་འགྱེལ་ལས་བྱུང་བ་ཡིན་ཏེ། འགྱེལ་ནི་དྲང་མོར་བསླངས་པའི་དངོས་པོ་ཞིག་ཐང་ལ་ལོག་པའི་དོན་ཡིན་པས། ཉི་མ་འགྱལ་ཞེས་པ་དེ་ཡང་དོན་གྱིས་ཉི་མ་ནུབ་རིའི་ཕག་ལ་འགྱེལ་བའི་ཚུལ་དུ་ཕར་ལོག་པ་དང་ཆོས་མཚུངས་པའི་རྣམ་པས་ཐོགས་པ་ཞིག་ཡིན། བོད་ཀྱི་མིང་བརྡ་གྲུབ་པའི་ཁྲོད། དབྱངས་བོར་ཡང་དོན་མི་བོར་བའི་མིང་མཆིས་པ། དཔེར་ན། གྱོལ་ལས་གྱལ་བྱུང་སྟེ། འཐེང་འགྲོས་སུ་འགྲོ་མཁན་ལ་གྱོལ་བོ་ཟེར་ཞིང་། དེའི་ཚུལ་ལྟར་འགྲོ་བའི་བུས་པ་ལ་གྱལ་གྱལ་དུ་འགྲོ་ཟེར། འགྱལ་ལས་ཡལ་བྱུང་སྟེ། འགྱལ་གྱི་མིང་གཞི་ག་བོར་ནས་འདོགས་ཅན་ཡ་དང་རྗེས་འཇུག་ལ་གཉིས་ཀྱི་གདངས་ལས་མ་ཐོན་པས་ཡིན། མཛེས་ཉམས་ཤོར་བའི་དོན་ལ། མེ་ཏོག་ཡལ་སོང་། ཡག་ཡལ་སོང་ཟེར། བཏུལ་ལས་བཏལ་བྱུང་སྟེ། མེ་བསད་པ་དང་སྣུམ་སྒྲོན་བཟུམ་པའི་དོན་ལ་མེ་བཏལ་དང་སྣུམ་སྒྲོན་བཏལ་ཟེར། བརྟོལ་ལས་བརྟལ་བྱུང་སྟེ། ཕྱི་ནས་ནང་ངམ་ཚུ་རོལ་ནས་ཕ་རོལ་ཏུ་བུ་ག་ལྟ་བུ་བརྟོལ་བ་དང་། ཕན་ཚུན་བར་ལ་བློ་གཏད་པའམ་ཡིད་རྟོན་པ་སོགས་ཀྱི་དོན་མཚོན་བྱེད་ལ། ཆར་ཆུས་ལྭ་བ་བརླན་ནས་ནང་དུ་བརྟལ། བཙག་བསེར་བུས་ནང་ལ་བརྟལ་ཡོང་། ཁྱོས་ཁོ་ལ་གསང་གཏམ་ཡོད་ཚད་བཤད་ནས་ཁོག་བརྟལ་མི་ཉན་ཟེར་བ་ལྟ་བུས་མཚོན། ② དུས་གཟུར་བའམ་ཡོལ་བའི་དོན་ལ་འཇུག་སྟེ། ལོ་གསར་འགྱལ་རྗེས་མ་གཏོགས་ང་མི་ཁོམ། དོམ་སྟེར་བའི་ཉི་མ་འགྱལ་སོང་ཟེར་བ་ལྟ་བུ། ③ རྙིང་བའམ་རྒས་པའི་དོན་ཏེ། མེ་ཏོག་འགྱལ་སོང་། ཡག་འགྱལ་སོང་ཟེར་བ་ལྟ་བུ། ④ མྱུར་བའམ་མགྱོགས་པའི་དོན་ཏེ། རྟ་གོམ་པ་ཅན་པོར་བཞོན་ཚེ་འགྱལ་འགྲོ་གིན། ཁོ་འདི་ནས་གན་ཞིག་ལ་འགྱལ་ཐལ་ཟེར་བ་ལྟ་བུ། ⑤ ཚེ་ལས་འདས་པའམ་ཤི་སོང་ཞེས་པའི་དོན་གྱི་ཞེ་ཚིག་གམ་གབ་མིང་ལ་འཇུག་སྟེ། མི་དེ་ན་ནིང་འགྱལ་སོང་ཟེར་བ་ལྟ་བུའོ། །


              ༦དེངས།


དེངས། ༡ བགྲོད་པའམ་སོང་བའི་དོན་ཏེ། 《བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས》ཀྱི་ལྡེབ64པར། མི་དང་མི་མིན་རང་རང་གནས་སུ་དེངས། ⑿ཞེས་གསུངས་པ་ལྟ་བུ།《དག་ཡིག་གསར་བསྒྲིགས》(དག་བཅོས་མ)སུ། འདོང་། (བྱེད་མེད་ལས་ཚིག་ད་ལྟ་བ)བགྲོད་པའམ་འགྲོ་བའི་བརྡ་རྙིང་སྟེ། ཤར་ཕྱོགས་སུ་འདོང་བར་བྱེད་ལྟ་བུ། ﹝དོང﹞ནི་མ་འོངས་པ་དང་འདས་པ་སྟེ། གནས་སུ་དོང་བར་བྱ། གནས་སུ་དོང་ངོ་ལྟ་བུ། ﹝དེངས﹞ནི་སྐུལ་ཚིག་སྟེ། རང་རང་སོ་སོའི་གནས་སུ་དེངས་ཤིག་ལྟ་བུ། ⒀ཞེས་བཀྲལ་ཡོད། ༢ འདས་ཚིག་གི་མཐར་དེངས་སྦྱར་ཚེ། ལས་དེ་ཟིན་པའམ་གྲུབ་པའི་དོན་སྟོན་གྲོགས་སུ་འགྱུར་ཏེ། སྐབས་ཐོབ་ཀྱིས་སོང་ཞེས་པའི་འཇུག་ནུས་དང་མཚུངས། མེ་ཏོག་གད་དེངས་ཟིག བྱ་བ་བསྒྲུབས་དེངས་ཟིག བླ་མ་ཕེབས་དེངས་ཐལ། ལས་ཀ་ལས་དེངས་ཟིག སྒོར་མོ་བྱིན་དེངས་ཟིག ལྭ་བ་ཉོས་དེངས་ཟིག ཡི་གེ་བྲིས་དེངས་ཟིག མེ་མདའ་བརྒྱབ་དེངས་ཟིག སྤྱང་ཁི་བསད་དེངས་ཟིག བལ་བྲེགས་དེངས་ཟིག གྱང་ལ་བུ་ག་བརྟོལ་བའི་དོན་ལ་གྱང་དཔྲལ་དེངས་ཟིག ཟ་མ་ཟོས་དེངས་ཟིག ཇ་འཐུངས་དེངས་ཟིག དཔེ་ཆ་བརྩམས་དེངས་ཟིག རྒྱུ་སྤྲད(སྤད)དེངས་ཟིག སྒོའི་ཕག་ལ་བཞའ་དེངས་ཟིག ངས་གོ་དེངས་ཁུལ(ཁའམ་ཁོ་སྒྲ་ཐོན)མི་བཅའ། ཁོས་ཅིག་ཡིན་དེངས་ཁུལ(ཁའམ་ཁོ་སྒྲ་ཐོན)བཅས་ནས། ཁོས་གོ་ཐེངས་གུལ(ཁུལ་གྱི་ཚབ་ཏུ་གུལ་སྦྱར་བས་གའམ་གོ་སྒྲ་ཐོན)བཅོས་ཡས། སིལ་ཏོག་བཏོག་དེངས་ང་། ཁ་ཏོན་བཏོན་དེངས་ང་ཟེར་བ་སོགས་མང་དུ་མཆིས་པ་ལྟ་བུ། དེངས་དང་སོང་གཉིས་དོན་གཅིག་ཀྱང་སྦྱོར་ཚུལ་ཐད། དེངས་ནི་བྱ་བྱེད་ཐ་དད་མིན་གཉིས་ཀར་འཇུག་ལ། སོང་ནི་བྱ་བྱེད་ཐ་མི་དད་པ་ཁོ་ནར་འཇུག་པའི་ཁྱད་པར་མཆིས་ཏེ། ཕོར་བ་བཅགས་དེངས་ཟིག་ཅེས་དང་། ཕོར་བ་ཆག་སོང་ཟིག་ཅེས་པ་ལས་ཕོར་བ་བཅགས་སོང་ཟིག་མི་ཟེར་བ་ལྟ་བུ། དེ་བཞིན་དུ། ཁོ་བུད་སོང་ཟིག ཡར་སོང་ཟིག མེད་སོང་ཟིག ཤི་སོང་ཟིག བྲོས་སོང་ཟིག གྲི་ཟད་སོང་ཟིག ལྷམ་ཆད་སོང་ཟིག ཡུ་བ་ཆག་སོང་ཟིག བྱ་འཕུར་སོང་ཟིག་སོགས་ཀྱི་སྐབས་སུ། བུད་དེངས་ཟིག ཡར་དེངས་ཟིག་ཅེས་བརྗོད་མི་བདེ་མོད། ཤ་ཚོས་སོང་ཟིག སྒོར་མོ་འཕྲོད་སོང་ཟིག ཐུག་པ་ཁོལ་སོང་ཟིག་སོགས་དམིགས་བསལ་གྱི་སྐབས་འགའ་རེའི་ནང་། ཤ་ཚོས་དེངས་ཟིག སྒོར་མོ་འཕྲོད་དེངས་ཟིག ཐུག་པ་ཁོལ་དེངས་ཟིག་བཅས་སྦྱོར་རུང་བ་ལྟ་བུའང་མཆིས། ཡང་དེངས་ཀྱི་རྗེས་སུ་ཐལ་ཚིག་སྦྱར་ནས་འཆད་ཚུལ་ཡོད་པ། ཁོ་བྲོས་དེངས་ཐལ་ར་ཁ་ཕྱིར་འཁོར་མེད་ཀིན། ཁོས་བསྡིགས་དེངས་ཐལ་ར་ཉན་རྒྱུའོ་སྐྲག་ནི་ཞིག་རེད། ཁོས་ཤ་ཟོས་དེངས་ཐལ་ར་བལྟ་རྒྱུའོ་སྐྲག་ནི་ཞིག་རེད་ཟེར་བ་ལྟ་བུ། དྲི་བ་བྱེད་པའི་དུས་སུའང་། སྨན་འཐུང་དེངས་ནས(ནམ)། ཟ་མ་ཟོས་དེངས་ང་། ཁྱོད་བུད་སོང་ནས(ནམ)ཟེར་བ་ལྟ་བུ་མང་དུ་མཆིས། མཚོ་སྔོན་གྱི་བ་ཡན་ཕྱོགས་ཀྱིས། དེངས་ཀྱི་ཚབ་ཏུ་བཞག་ཅེས་སྦྱར་ནས་འཆད་སྲོལ་མཆིས་ཏེ། ཟོག་བཏང་བཞག རྐུན་མ་བྲོས་བཞག་སོགས་ཟེར་བ་ལྟ་བུ། བོད་ཀྱི་དམངས་གླུར་ཡང་། དགྲ་འཆི་བདག་མདུན་ལ་མ་ཐོན་ན། །གསུང་མ་ཎི་ཡིག་དྲུག་མི་འདོན་གིན། །དགྲ་མི་རྟག་འཆི་བ་ཐོན་དེངས་ན། །ཆོས་འདོན་འདོད་ཡོད་ཀྱང་འདོན་ཁོམ་མེད། །ཟེར་བ་ལྟ་བུ། གཞན་ཡང་ཨམ་སྐད་ཁྲོད། ལྷམ་འདི་ང་ལ་བྱིན་དོང་རྒྱུ་ན། ཁྱོས་ཚང་མར་གསལ་བཤད་ཅིག་བྱས་དོང་རྒྱུ་ན། ཁྱོས་ཚོགས་ཐོག་ནས་གཏམ་ཞིག་བཤད་དོང་རྒྱུ་ན། རྩོམ་ཡིག་གི་ཁ་བྱང་ཁྱོས་བྲིས་དོང་རྒྱུ་ན། ཁོས་ཁྲེལ་མེད་བཅས་དོང་རྒྱུ་སུས་ཤེས་སམ་སོགས་ཀྱི་བཤད་ལུགས་ཡོད་པའི་དོང་ཡིག་དེ་ཡང་དེངས་ཀྱི་མ་འོངས་པ་དང་འདས་པ་ཡིན་པས། སྒྲ་དོན་གཉིས་ཀ་མཐུན་པར་གྱུར་ཡོད། དེངས་ཀྱི་དོད་དུ་བཏང་ངམ་དང་ཞེས་བྲིས་པ་སྣང་སྟེ། མཁས་པའི་གསུང་དུ། ཤོ་ཕོབ(ཐང་ཆད་ནས་དབུགས་འཚང་བའི་སྒྲ)ང་ཚོ་སྐྲག་བཏང་ཟིག །བུ་ཚ་དེ་རིང་རི་ཁ་ནས། །ཇག་པ་རྒྱུགས་ནས་བསད་ཙིག་འདོད། །…ཅེས་དང་།…ཡོད་ཚེ་འདི་བཞིན་བརླག་བཏང་ངེ་། །མེད་དུས་ཅི་ཞིག་བྱེད་རྒྱུ་ཡིན། །…ཤབ་གཟན་ཚེ་བླུ་ཚོན་པོ་ག །དཔྱིད་ཁ་ཤི་ན་རྗིད་པ་ཡིན། །གན་ཚོ་ག་ཡིས་བརླག་བཏང་ན། །འདང་རྒྱག་ཅང་ར་ཨེ་ཡོད་གི །ཞེས་འབྱུང་བ་ལྟ་བུ།《བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད》དུ། དང་། 加在动词过去时后表动作已完成。ངས་ཡི་གེ་བྲིས་དང་། 我写完了字。ཁོས(ཁི་གས)ཡི་གེ་བྲིས་དང་ཟིག他写完了字。⒁ཞེས་བཀྲལ་ཡོད། ཚིག་སྦྱོར་དེ་འདྲར་བཏང་དང་དང་གཉིས་བཀོལ་ན་ནི་སྒྲ་མཐུན་ཙམ་ལས་དོན་འབྱོར་བྱུང་མེད་དེ། བཏང་ནི། སྦྱིན་པ་བཏང་། ཕོ་ཉ་བཏང་། ཁ་པར་བཏང་། སྨན་བཏང་། ཚེ་ཐར་བཏང་སོགས་ཀྱི་བྱེད་འབྲེལ་ལས་ཚིག་འདས་པ་ཡིན་ལ། མ་འོངས་པར་གཏང་དང་། ད་ལྟ་བར་གཏོང་། སྐུལ་ཚིག་ལ་ཐོངས་འབྲི། སྤྱིར་བཏང་དུ། བཏང་ཡིག་དེ་སྦྱིན་པ་བཏང་། ཕོ་ཉ་བཏང་། ཁ་པར་བཏང་། སྨན་བཏང་། ཚེ་ཐར་བཏང་། སྐྱག་པ་བཏང་སོགས་དངོས་མིང་གི་མཐར་སྦྱོར་ཤས་ཆེ་མོད། འོན་ཏེ་ཁྲོགས་སེ་བཏང་། སྐག་སེ་བཏང་། སྤད་སེ་བཏང་སོགས་བྱེད་སྟངས་སྟོན་པའི་ཚིག་གི་རྗེས་སུའང་སྦྱོར་སྲོལ་ཡོད། ཞིབ་ཏུ་དཔྱད་ན། ཕྱུགས་ཟོག་སྒོར་ཕུད་པའི་དོན་གྱི་ཟོག་བཏང་དེངས་ཐལ་ཞེས་པར་ཟོག་བཏང་བཏང་ཐལ། ཞིང་ལ་ཆུ་དྲངས་པའི་དོན་གྱི་ཆུ་བཏང་དེངས་ང་ཞེས་པར་ཆུ་བཏང་བཏང་ང་། ཁྱི་འདོགས་ཐག་ལས་བཀྲོལ་བའི་དོན་གྱི་ཁྱི་བཏང་དེངས་ང་ཞེས་པར་ཁྱི་བཏང་བཏང་ང་། བཙོན་མ་བཙོན་ཁང་ལས་ཕྱིར་ཀློད་གྲོལ་བཏང་བའི་དོན་གྱི་བཙོན་མ་ཕྱིར་བཏང་དེངས་ཟིག་ཅེས་པར་བཙོན་མ་བཏང་བཏང་ཟིག རྟ་ལུད(རྟི་ལུད)བཏང་དེངས་ཐལ་ཞེས་པར་རྟ་ལུད(རྟི་ལུད)བཏང་བཏང་ཐལ། དེ་བཞིན་དུ། ཁྲོག་སེ་བཏང་བཏང་། སྦྱིན་པ་བཏང་བཏང། ཕོ་ཉ་བཏང་བཏང་། ཁ་པར་བཏང་བཏང་། སྨན་བཏང་བཏང་། ཚེ་ཐར་བཏང་བཏང་། སྒོ་ང་བཏང་བཏང་། སྐྱག་པ་བཏང་བཏང་སོགས་ལ་བཏང་ཡིག་ཉིས་རྩེག་སྦྱར་ན་སྒྲ་མཐུན་ཙམ་བྱུང་ཡོད་ཀྱང་ཡིག་འབྲུ་རེ་རེ་ནས་བསྙེགས་ཚེ་བཏང་ཡིག་ཕྱི་མ་ལ་ཇི་ལྟར་བཀྲོལ་དགོས་ལུགས་དཀའ་བའི་གནས་སུ་གྱུར་འདུག ཨམ་སྐད་དུ། ཤ་ཚོས་དེངས་ཐལ་ལ་ཤ་ཚོས་ཐེངས་ཐལ་ཞེས་ཟེར་ཆོག་པས། ཐེངས་ཀྱི་སྒྲ་དེ་བཏང་ཡིག་ལ་ཐོན་ཐབས་མེད་པའི་སྟེང་ནས་ཀྱང་ངེས་པ་རྙེད་ནུས། དང་སྒྲ་འཇུག་ཚུལ་ནི། ཚིག་ཕྲད་སྟོན་པའི་གཞུང་དག་ཏུ། དང་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམ་ངག་ལྔའོ། །ཞེས་གསུངས་པ་ཉིད་ལ་བརྟག་ཀྱང་འདིར་བསྟན་གྱི་དེངས་ཀྱི་འཇུག་ཚུལ་དང་ཁད་ཐག་རིང་བ་ཤེས་ཐུབ་ཕྱིར། ﹝བཏང﹞དང﹝དང﹞﹝དེངས﹞གསུམ་གྱི་གོ་དོན་དང་སྦྱོར་ཚུལ་ལ་ཀུ་ཤའི་རྩེ་ལྟར་མ་འདྲེས་པ་བྱ་རྒྱུ་གལ་ཆེའོ། །


             ༧ནེའུ་ཐི།



ནེའུ་ཐི། སྦྲུམ་མའི་གདོང་ལ་ནག་ཤད་ཀྱི་རིས་བབས་པའི་མིང་། ནེའུ་ནི་བུས་པའི་དོན་ལ་འཇུག་པས་མངལ་དུ་དེ་ཉིད་སྦྲུམ་ཡོད་པའི་མཚན་མ་ལྟ་བུར་གོ་དགོས། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། དེའི་མིང་ལ〝དྲེག་པ〞ཞེས་འབྱུང་ཟེར།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》དུ། 妊娠斑:མངལ་ཆགས་ཁྲ་ཐིག ⒂ ཅེས་འབྱུང་།《དག་ཡིག་གསར་བསྒྲིགས》(པར་རྙིང)སུ། ནེའུ་ནི། བྱིས་པའི་དུས་ཀྱི་ལོ་ཚད་ཀྱི་མིང་སྟེ། བུས་པའི་སྐྲ་ལ་ནེའུ་སྐྲ་ཞེས་དང་། བྱིས་པའི་དུས་ཀྱི་གྲོགས་པོ་ལ་ནེའུ་ལྡངས། བྱིས་པ་ན་མཉམ་ལ་ནེའུ་ཟླ་ཟེར་བ་སོགས་ལྟ་བུ། ⒃ ཞེས་བཀྲལ་ཡོད། མཚོ་སྔོན་མགོ་ལོག་གི་སྐད་དུ། ནེའུ་མཐུར་ཞེས་མཐུར་གྱི་གདངས་དག་པར་ཐོན་པས། དེ་ལྟར་ན་སྦྲུམ་མའི་གདོང་ལ་མཐུར་བསྐོན་པ་ལྟ་བུའི་དབྱིབས་སུ་རིས་བབས་པའི་དོན་ཡིན་ནམ་དཔྱད་གཞིའོ། །མགོ་ལོག་གི་རྨ་སྟོད་རྫོང་དང་། སི་ཁྲོན་གྱི་རྔ་པ་རྫོང་གིས། གདོང་དྲེག་གམ་གདོང་རེག་ཟེར་ཞིང་། ཀན་ལྷོའི་རྨ་ཆུ་རྫོང་གིས། བང་རེག(དྲེག)ཟེར། དཔའ་རིས་རྫོང་གིས། ནག་རེག(དྲེག)ཟེར། ཀན་ལྷོའི་ཀླུ་ཆུ་རྫོང་གིས། སྨེ་བཅར་རམ་སྨེ་འཆར་ཟེར། དར་རྩེ་མདོ་ཡིས། ནག་ཐི་ཟེར། བོད་ལྗོངས་གཙང་གི་ཕྱོགས་ནས་ཤ་ཀེབས་སམ་ཤ་ཁེབས་ཟེར་ཏེ། ཤ་ཁེབས་ནག་པོས་དཀྲིས་པའི་བརྩེ་ལྡན་གྱི་བདག་མོ་ཞེས་ཡིག་མཛོད་དུ་མཐོང་རྒྱུ་ཡོད་ཟེར། མངའ་རིས་མཚོ་ཆེན་རྫོང་དང་། དགེ་རྒྱས་རྫོང་གི་སྐད་དུ། བུ་ཁེབས་ཟེར་བ་སོགས་སྣ་ཚོགས་མཆིས། དེང་སྐབས﹝མནོལ་ཐུ﹞ཞེས་འབྲི་བཞིན་པ་ནི་འོལ་ཚོད་དུ་བྲིས་པར་སེམས།


            ༨མྱེ་ངན།



མྱེ་ངན། ཤི་སྡུག་གམ་ཤི་ཆད་བྱུང་ཚེ། ནང་མི་རྣམས་ལ་སེམས་གསོ་ཞུ་རུ་སོང་བའི་དོན། ཨམ་སྐད་དུ། 〝མྱི་ངན〞ཞེས་པའི་གདངས་ཐོན། ང་ཁོ་ཚང་ལ་མྱེ(མྱི)ངན་ལ་སོང་བ་ཡིན་ཟེར་བ་ལྟ་བུ།《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ146པར།…ལྷ་འྀ་བུ་རྣམས་བ(ཕ)དྲན་ཏེ་ངུ་ཞེས་གསོལ་ན། ལྷ་འྀ་བུ་རྣམས་ཀྱི་ཕ་མྱེས་གནའ་ཤི་བ་འྀ་མྱེ(མྱི)ངན།…ཞེས་དང་། ལྡེབ161པར།…བདག་ནྀ་བྲོ་འཚལ་བ་འྀ་མྱེ་ངན་གྱིས་གདུངས་པས་མ་མཐོང་ན།…⒄ཞེས་འབྱུང་བ་ལྟ་བུ། ཨམ་སྐད་ཁྲོད། དབྱངས་བཞི་ལས་དང་པོ་དང་གསུམ་པ་གཉིས་ཕན་ཚུན་བརྗེ་སྤོར་ཚུལ་དུ་སྒྲ་ཐོན་པ་མཆིས་ཏེ། ངེད་ཚོ་ལ་ངིད་ཆོ། ཁྱེད་ཚོ་ལ་ཁྱིད་ཆོ། ཟོག་གིས་བཏང་བའི་ལྕི་བ་ལ་ལྕེ། སྲོག་ཆགས་འཕྱི་བ་ལ་ཕྱེ། སྟ་རེ་ལ་སྟ་རི། གོ་རེ་ལ་གོ་རི་ཟེར་ཞིང་།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ104པར། དྀ་རིང་ནྀ་སང་ལྟ་ན། ཤམ་པོ་ནྀ་གཉན་གྱྀ་རྩ། །…ཞེས་དང་། ལྡེབ105པར། དྀ་རིང་ནྀ་སང་ལྟ་ན། །དང་ཀོ་ནི་ལྷ་འི་མཚོའ། །…⒅ཞེས་དེ་རིང་ལ་དི་རིང་ཞེས་བྲིས་ཡོད་ཕྱིར། ཨ་མདོའི་ཡུལ་གྲུ་འགའི་སྐད་དུ། དེང་སང་ད་དུང་དེ་རེད་དང་དེ་མ་རེད་ཅེས་པར་དི་རེད་དང་དི་མ་རེད་ཟེར་ལ། མཁས་པའི་གསུང་དུའང་དེ་རིང་དང་སང་ཉིན་བསྡུས་པའི་དོན་ལ་དེང་སང་དང་དིང་སང་གཉིས་ཀ་མཇལ་རྒྱུ་ཡོད་པ་ལྟ་བུས་མཚོན་ནུས། འོ་ན་ཨམ་སྐད་ཁྲོད་མྱི་ངིན་གྱི་གདངས་འདྲ་ཞིག་ཐོན་པས་དེ་ཇི་ལྟར་ཐོན་པ་ཡིན་ཞེ་ན། མིང་གི་སྔ་ཆ་ཕྱི་ཆ་གང་རུང་ལ་དབྱངས་མེད་ཚེ་ཡོད་པ་དེས་མེད་པ་ལ་སྒྲ་གདངས་ཀྱི་ཤན་སྐྱེད་ཚུལ། དཔེར་ན། བཟང་སྤྱོད་ལ་བཟོང་སྤྱོད་ཅེས་དང་། ཁ་གོང་ལ་རྒྱ་ལ་ཁོག་གོང་ལ་རྒྱ། སྲ་མོ་དམ་པོ་ལ་སྲ་མོ་དོམ་པོ། བཟླ་གིན་བཟླ་གིན་ལ་བཟླི་གིན་བཟླི་གིན་ཞེས་པའི་གདངས་ཐོན་པ་བཞིན་དུ། མྱི་ངན་གྱི་མིང་ཆ་སྔ་མའི་དབྱངས་དེ་རང་གི་མིང་ཆ་ཕྱི་མའི་མགོར་འཕོས་ཏེ་ངག་ལས་ངིན་གྱི་གདངས་ཐོན་པ་ཡིན་ནོ། །དེས་ན་ཁ་སང་དེ་རིང་གི་མྱ་ངན་ཞེས་པའི་བརྡ་ཆད་དེ་ཡང་དོན་གྱིས་མྱེ་ངན་ཞེས་པའི་བརྡ་རྙིང་གི་དབྱངས་ཉམས་པ་ལས་བྱུང་བར་སྙམ། ཀན་ལྷོའི་རྨ་ཆུ་རྫོང་གི་ཉི་མ་ཡུལ་ཚོ་སོགས་ཀྱི་སྐད་དུ། མྱིག་སྔུན་དུ་སོང་ཞེས་པའི་སྒྲ་ཐོན་ཟེར། དེང་གི་བརྩམས་ཆོས་ཁག་ཅིག་ཏུ〝མྱི་སྔུན་དུ་འགྲོ〞ཞེས་འབྲི་བཞིན་ཡོད་ཀྱང་། བོད་རང་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་བསྐྱུར་ནས་རང་བཟོར་བྱས་པ་ཞིག་ཏུ་ཟད། གཅིག་བྱས་ན། མྱིག་སྔུན་དུ་སོང་ངམ་མྱི་སྔུན་དུ་འགྲོ་ཞེས་པ་དེས་མིས་མཐོང་སར་རམ་ཉེ་གམ་དུ་བཅར་བའི་དོན་ལས་མྱེ་ངན་ཞུ་རུ་སོང་བའི་དོན་ཞིག་སྟོན་མི་ནུས་ཤིང་། གཉིས་བྱས་ན། མིས་མཐོང་སར་བཅར་བ་དེ་མྱེ་ངན་ཞུ་རུ་སོང་བའི་དོན་དུ་འགྱུར་དགོས་ཚེ། ཁད་ཐག་རིང་སར་ཡོད་པའི་བུ་བུ་མོ་རྣམས་རང་གི་ཡུལ་དུ་ཕ་མ་སོགས་ལ་ལྟ་སྐོར་དུ་ཕྱིན་པ་དེ་ཡང་ཕ་མ་སོགས་ཀྱི་དྲུང་དུ་སོང་བའམ་མཐོང་སར་སོང་བ་ཡིན་པས་ན། དེའང་མྱི་སྔུན་དུ་སོང་ཞེས་མྱེ་ངན་ཞུ་རུ་སོང་བའི་དོན་ལ་འགྱུར་དགོས་པའི་སྐྱོན་འབབ་པར་སེམས་སོ། །


        ༩ སྦྲིད་ལ་བཞོན།



སྦྲིད་ལ་བཞོན།(ཡིག་སྐད)རྟའི་རྒྱབ་ལ་སྒ་སྟན་མ་བཏིང་པར་རྒྱབ་རྗེན་སྟེང་བཞོན་པའི་དོན། ཁ་སྐད་དུ། 〝སྦྲིད་ལེ་བཞོན〞ཞེས་པའི་གདངས་ཐོན། རྟར་སྦྲིད་ལ་བཞོན་ཡུན་རིང་ན་ཨོང་ཤུ་འབུད་སླ་ཟེར་བ་ལྟ་བུ། སི་ཁྲོན་གྱི་རྔ་བ་རྫོང་དང་། མཛོད་དགེ་རྫོང་གི་སྐད་དུ། རྟ་བིད་ལེ་བཞོན། རྟ་བིད་ལེ་མར་བཞོན་ཞེས་པའི་གདངས་ཐོན། དེ་ནི་སྦྲིད་ཀྱི་མགོ་འདོགས་གཉིས་བོར་ནས་མིང་གཞི་བ་ལ་གི་གུ་དང་རྗེས་འཇུག་གཉིས་སྦྱར་བས་ཡིན། ཀན་ལྷོའི་རྨ་ཆུ་རྫོང་དང་། མཚོ་སྔོན་མགོ་ལོག་གི་སྐད་དུའང་། བིད(བིས་སྒྲ་ལྟ་བུ་ཐོན)ལེ་བཞོན་ཟེར། དེ་ཡང་སྒྲ་ཟུར་ཅུང་ཉམས་པ་ཙམ་ལས་གྲུབ་ཚུལ་གོང་དང་མཚུངས། སི་ཁྲོན་གྱི་ཁྱུང་མཆུ་རྫོང་དང་། རྨ་ལྷོའི་སོག་རྫོང་གི་སྐད་དུ། རིད་ལེ་བཞོན་ཞེས་པའི་གདངས་ཐོན། དེ་ནི་སྦྲིད་ཀྱི་མགོ་མིང་གཉིས་བོར་ནས་འདོགས་ཅན་ར་བཏགས་ཀྱི་ང་རོ་མིང་གཞིར་བྱས་ཏེ་གི་གུ་དང་རྗེས་འཇུག་སྦྱར་བས་ཡིན། རེབ་གོང་སོགས་ཀྱི་སྐད་དུ། བཟིད་ལེ་བཞོན་ཟེར་ཞིང་། དཔའ་རིས་རྫོང་གི་སྐད་དུ། བཟིས་ལ་བཞོན་ཞེས་པའི་གདངས་ཐོན། རྟ་ལ་སྒ་བསྟད་ཡོད་ན་རྟ་སྒ་མ་དང་། མེད་ན་བཟིས་མ་ཟེར་བ་ལྟ་བུ། དེ་ནི་སྦྲིད་ཀྱི་འདོགས་ཅན་བོར་ཤུལ་དུ་སྦིད་བྱུང་བས་ཡིན་ཏེ། སྦ་ཡིག་ཁག་ཅིག་ལ་སྐབས་འགར་བཟའ་སྒྲ་ཐོན་ཚུལ། དཔེར་ན། སྦལ་བ་ལ་བཟལ་བ་ཞེས་དང་། ཆང་གི་སྦང་མ་ལ་བཟང་མ། ལྷད་ཞུགས་པའམ་བརྒྱབ་པའི་དོན་གྱི་སྦགས་ལ་བཟགས། སྦུ་གུ་ལ་བཟུ་གུ ལག་པའི་སྦར་བ་ལ་ལག་པའི་བཟར་ར། ཡུལ་ཤུལ་ནང་ཆེན་རྫོང་གི་སྐད་དུ། སྦྲ་ཡིག་གི་ར་བཏགས་བོར་ནས་སྦ་རུ་གྱུར་རྗེས་སྦ་ལ་བཟའ་སྒྲ་ཐོན་ཟེར་བ་ལྟ་བུ། ཀན་ལྷོའི་དཔའ་རིས་རྫོང་གི་ཡུལ་དུ། དང་པོར་ཀློག་སློབ་དུས་ནས་བཟུང་ས་བ་བཏགས་བཟའ་ཞེས་སློབ་ཀྱང་ཟེར་རྒྱུན་མཆིས། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྐད་དུ། སྦྲིད་ལ་བཞོན་ལ་སྦྱིད་ལ་ཁྱེར་ཟེར་བས། དེ་ནི་སྐད་གསར་བཅད་སྔོན་གྱི་སྒྲ་དངོས་ལྟར་ཐོན་པས་ཡིན།
དངོས་པོ་མིང་གཉིས་བྱུང་སྟེ་ཡུན་འགོར་ཡང་། །ཡི་གེར་དབབ་ཚུལ་མ་ཤེས་ད་བར་ལུས། །
ཕྲ་ཞིབ་རིག་པའི་དཔྱད་པ་རྣོན་པོ་ཡིས། །གབ་པ་མངོན་ཕྱུང་བྱས་ཚུལ་འདི་ཀོ་རྨད། །


        དཔྱད་ཡིག་གི་ཁ་བྱང་།



①《དག་ཡིག་ཐོན་མིའི་དགོངས་རྒྱན》1955ལོ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།
2 དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི《བརྡ་དག་མིང་ཚིག་གསལ་བ》མི་རིགས་དཔེ་སྐྲུན་ཁང་། 1957ལོ།
③ ⒀ ⒃《དག་ཡིག་གསར་བསྒྲིགས》(པར་རྙིང)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979ལོ།(པར་གསར)2014ལོ།
④《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》1983ལོ། མི་རིགས་དཔེ་སྐྲུན་ཁང་།
⑤《བོད་རྒྱ་ཚིག་མཛོད་ཆེན་མོ》 1985ལོ། མི་རིགས་དཔེ་སྐྲུན་ཁང་།
⑥《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང》1980ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
⑦《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ》པོད6པ།
2007ལོ། མི་རིགས་དཔེ་སྐྲུན་ཁང་།
⑧ ⒄《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》མི་རིགས་དཔེ་སྐྲུན་ཁང་། 1983ལོ།
⑨ ⒅《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》མི་རིགས་དཔེ་སྐྲུན་ཁང་། 1983ལོ།
⑩《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 2014ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⑾《མགོ་ལོག་རུས་མཛོད་རྒྱས་པ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ།
⑿《བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་བཞུགས་སོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ།
⒀《བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད》1993ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⒁《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》2011ལོ། མི་རིགས་དཔེ་སྐྲུན་ཁང་། 11

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།