ཡིག་མགོ་ཆུ་ཡི་མཆོད་སྤྲིན།

9033


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

    བོད་ཡིག་ནི་གནམ་ས་ཁ་སྤྲོད་ལས་བརྗོད་སྙིང་ས་གཞིའི་དོན་གཙོ་བོར་བྱེད་པའི་(ས་ཡི་ཡི་གེ་)ཞེས་པ་ཡིན། ལྷ་མོ་རབ་ཏུ་བརྟན་མའི་ནུས་པ་དང་བྱིན་རླབས་ལྡན། བོད་ཡིག་གི་གསལ་བྱེད་སུམ་ཅུ་ལ་སྙིང་པོ་ཅན་གྱི་ཡི་གེ་(ར་ལ་ས་)གསུམ་ཡོད། དེ་གསུམ་གྱི་ཡང་སྙིང་ནི་ཡི་གེ་(ས)ཡིན། ས་ནི་གསལ་བྱེད་ཀྱི་ཡི་གེ་ཡིན་ལ་གྲངས་ཀ་ལྔ་(༥) ཡང་ཡིན། ས་ནི་ཐམས་ཅད་ཀྱི་དབུས་དང་ལྟེ་བ་ཡིན། ས་ནི་སྣོད་བཅུད་ཀྱི་གཞི་རྩ་ཡང་ཡིན།

    བོད་ཀྱི་ཡི་གེ་ནི་ས་ཡི་ཡི་གེ་ཡིན་པའི་ཕྱིར། དེ་ལ་བརྟན་པ་དང་ཡངས་པ། འགྱུར་བ་མེད་པ། ནོར་གྱི་མཛོད། མཐའ་ཡས་པ། བཅུད་དང་ལྡན་པ། གསེར་དང་ལྡན་པ་སོགས་ཀྱི་ཁྱད་ཆོས་མངའ། དེས་ན་བོད་ཡིག་ལ་འཇུག་པ་ནི་བསོད་ནམས་འཐོབ་པའི་ལས་སུ་གོའོ།། བོད་ཡིག་གི་ཡིག་མགོ་ནི་ཞབས་ཆུའི་རྟགས་ཤིག་ཡིན། ནང་དོན་ས་ཆུ་མེ་རླུང་ལས་ཆུ་མཚོན། མིང་ལ་དབུ་ཆུ་(ཁྱུད) ཞེས་གསོལ། དབུ་ཆུ་ནས་ས་ཡི་ཡིག་ལ་མགོ་ཆུ་བླུག་པ་དང་། ཁྲུས་བྱེད་པ་དང་། མཆོད་པ་འབུལ་བ་དང་། འབྱུང་ཁམས་ས་ཆུ་སྤྲད་པ་སོགས་མཚོན།

     གནའ་དུས་བོད་ཡུལ་དུ་ལྷ་གསོལ་དང་། གཉེན་སྟོན་དང་། དགའ་སྟོན་སྤྲོ་ཚོགས་སོགས་བཀྲ་ཤིས་པའི་བྱ་བ་ལ་འཇུག་པའི་ཉིན་མོར་མི་རྣམས་ནས་མགོ་ཆུ་བླུགས་པའི་སྲོལ་ལུགས་ཡོད། འདི་མགོ་ཆུ་བླུགས་ཟིན་ནས་ཉིན་དེའི་བྱ་བ་ལ་འཇུག་གོ། མགོ་ཆུ་བླུགས་པ་ནི་སྐྲ་དང་གདོང་པ་གཙང་མར་བཟོས་པ་ཙམ་ཞིག་མ་ཡིན་པ། སྤྱི་གཙུག་ནས་ཆུ་ཡི་ལྷ་མོ་བསུ་བ་དེ་ཡིན། འདི་ནས་ཚེ་ཐག་ཆུ་ལས་རིང་བ། ལམ་འགྲོ་ཆུ་རྒྱུག་རྒྱུག འབྲེལ་ལམ་ཆུ་བཞིན་རྒྱུན་མི་ཆད་པ་སོགས་ཀྱི་དོན་ཡོད། བོད་མིའི་གཉེན་སྟོན་སྐབས་མནའ་མ་ཁང་གསར་དུ་མ་འཛུལ་སྔོན་ལ་ཆུ་ཟམ་གསུམ་གྱི་ཁར་ཁྲུས་བྱེད་དགོས། བླ་དཔོན་སོགས་གདན་དྲངས་ན་ཐོག་མར་ས་གཞིའི་ཐོག་ཆུ་གཏོར་བ་སོགས་ཡོད། འདི་དག་ནི་རི་བོ་གངས་ཅན་པའི་ཆུའི་སྔོན་འགྲོ་ཡི་རིག་གནས་ལས་བྱུང། དེས་ན་(ཆུ་ཡི་སྔོན་འགྲོ་)ནི་བོད་མིའི་སྤྱི་ཚོགས་སུ་མེད་དུ་མི་རུང་བ་ཞིག་ཡིན་ནོ།།

     དེ་བས་བོད་ཡིག་ལ་འཇུག་ནའང་དེ་བཞིན་དུ་ཐོག་མར་ཆུ་ཡི་སྔོན་འགྲོ་དབུ་ཆུ་ཡི་ཆོ་ག་བྱ་དགོས་ཏེ། འདིས་གསལ་བྱེད་ལ་རེག་པའི་སྐྱེ་བུ་གང་རུང་དེའི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པ། མཉམ་དུ་ས་ཡི་ཡིག་ལ་ཆུ་ཡི་མཆོད་པ་འབུལ་བ་དང་། ཆུ་ལྷ་གདན་དྲངས་ཏེ་ས་ཡི་བང་མཛོད་ཀྱི་སྒོ་ཕྱེ་བ། དེ་ནི་ཡོན་ཏན་གྱི་མཛོད་ཆེན་ལ་བདག་ཏུ་བྱེད་པའང་ཡིན་ནོ།། 

     བོད་མིས་འཆི་གསོན་གྱི་འདུ་ཤེས་སུ་གསོན་པོའི་གནས་སུ་གསོན་ཆུ་དང་། འཆི་བའི་སྐབས་སུ་ཤི་ཆུ་བཅས། ཆུས་ཤི་གསོན་གཉིས་ཀྱི་ཐ་སྙད་དང་ནུས་པ་ཇེ་བརྟན་དུ་བཟོ་བ། འཇིག་རྟེན་གཉིས་ཀའི་དོན་མི་ནོར་བར་བྱེད་པའི་ལམ་སྲོལ་ཡང་གཏོད་པ། གསལ་བྱེད་ལ་འཇུག་པ་ནི་འཇིག་རྟེན་གསར་པ་ཞིག་སྒོ་ཕྱེ་བ་དང་འདྲ་སྟེ། དེ་ཉིད་དོན་དང་ལྡན་པ་ནི་ཆུས་བཟོ་དགོས་པས། ང་ཚོས་ཞིབ་ཏུ་གཟིགས་ན་བཙན་པོའི་སྐབས་ཀྱི་ཡིག་རྙིང་དུ་དབུ་ཆུའི་ཞབས་ཀྱུ་གཅིག་ལ་བཞུགས་གདན་གཅིག་བཅས་ཡོད། ཆུ་ཡི་ལྷ་མོ་གདན་དུ་བཞུགས་པའི་ཚུལ། རིམ་གྱིས་ཞབས་ཆུའི་རྟགས་གཉིས་དང་གསུམ་བཅས་ཇེ་མང་དུ་སོང་། དེ་ནི་ཆུ་གཅིག་ཆུ་གཉིས་ཆུ་གསུམ་ཆུ་བཞི་བཅས། ལུགས་དང་བསྟུན་ན་ཆུ་བདུན་བར་དུ་ཡོད་དགོས་སྙམ། ཆུ་བདུན་བུ་མོ་སྤུན་བདུན་ཞེས་སྲིད་པ་ཆགས་པའི་ལྷ་སོགས་དང་ཐུག་པ། དེའི་སྐོར་རྒྱས་པ་ཡོད་ཀྱང་ད་རེས་མི་བཤད། ཞབས་ཆུའི་བཞུགས་གདན་དེ་ནི་རིམ་པར་ཞབས་ཀྱུའི་སྦོ་གཟུགས་ལྟར་དུ་གྱུར། སྐབས་རེ་བཞུགས་གདན་བརྩེགས་མ་ཅན་བྱེད་པའང་ཡོད། དེ་ནི་ཆུ་ཡི་སྔོན་འགྲོའི་གཟི་བརྗིད་ངོམ་པ་ཡིན།

     འབྱུང་རྩིས་ས་དཔྱད་ཆ་ནས་དབུ་ཆུ་དང་ས་ཡིག་གཉིས་ས་ཆུ་འཕྲད་པ། དབུ་ཆུའི་ཞབས་ཀྱུ་གཉིས་ནས་ཆུ་གཉིས་ནང་འཕྲད། འདི་སོགས་དཔལ་དང་ལང་ཚོ་རྒྱས་པའི་བཀྲ་ཤིས་ཀྱི་དགེ་བ། ནམ་ཡང་ཚེ་བསོད་ཀྱི་ཡོན་ཏན་དབྱར་མཚོ་བཞིན་རྒྱས་པ་སོགས་མངོན། དགེ་མཚན་དཔག་ཏུ་མེད་པའོ།། ཞར་བྱུང་དུ་བསམ་བློ་གཏོང་དགོས་པ་ཞིག་ནི་ཆུ་གཉིས་ཉེར་སྤྱོད་ཀྱི་(ཆུ་གཉིས་)ཀྱི་ཐ་སྙད་དེའང་ཐ་གཅིག་ཏུ་རྒྱ་གར་ནས་ཡོང་མིན་དཔྱད་དགོས་དྲན། ཆུ་གཉིས་སོགས་ཀྱི་སྔོན་འགྲོ་ནི་ཧི་མ་ལ་ཡའི་རིག་གཞུང་དུ་རྒྱ་ཆེར་དར། དེས་ན་ཞིབ་ཏུ་བརྟག་དགོས།

      བོད་ཡིག་གི་སྒོ་ལ་ཞུགས་པ་ནི་ས་ཆུའི་རིག་གནས་རྙེད་དགོས་པ་དེ་ཡིན། ས་ཆུ་འཕྲད་ནི་ཚེ་སྲོག་གི་དབུགས་ཐོབ་པ་དང་། ཐམས་ཅད་མངོན་པར་འགྱུར་བ། ཡོད་དགུ་ཕུན་སུམ་ཚོགས་པ་སོགས་ཡིན། དེར་བརྟེན། བོད་ཡིག་ལ་འཇུག་ཚེ་ས་ཆུ་ཐོབ་པ་ཡིན། རིམ་པ་མཐོན་པོ་ཞིག་ལ་སླེབས་པའི་དོན་ནོ།། དགེའོ། 

2019/9/2


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།