ཁ་མི་གྲག་པ་ནི་ནག་ཉེས་ཤིག་གོ།

9098


                    
                     རྩོམ་པ་པོ། རྨེ་རུ་ཡུལ་ལྷ་ཐར།


ད་ལྟའི་སྤྱི་ཚོགས་ནང་། རྒྱུ་འབྲས་བློ་མིག་ཅན་གྱི་ཤེས་ཡོན་པ་ཇེ་ཉུང་དང་མི་གཞིའི་རང་ཚུགས་ཐུབ་པའི་ཡོན་ཏན་པ་འཚོལ་དཀའ་བར་གྱུར། ལོ་རྒྱུས་ལས་དཔག་ན། རྒྱུ་འབྲས་བློ་མིག་ཅན་གྱི་ཤེས་ཡོན་པ་ཚོ་ཤེར་རྟོགས་རིག་པ་བ་དང་རྩོམ་རིག་རྩོམ་པ་པོ་ཚོའི་གྲལ་ན་ཡོད་མོད་ཀྱི། རང་རེར་ནི་དེང་སང་བསོད་ནམས་དམན་པའི་སྟབས་ལས་དེ་འདྲའི་བགོ་སྐལ་མ་བྱུང་།


ཤེར་རྟོགས་རིག་པའི་དཔའ་བོ་གཅིག་ཀྱང་འབྱུང་མ་ཐུབ་པ་ལྟ་བུས་ལུས་ཤིང་། རྩོམ་པ་པོ་དག་གིས་སོ་སོ་སྒེར་གྱི་སྐྱིད་སྡུག་ཙམ་ལ་གཞི་བཅོལ་བའི་ཁེར་གླུ་ལེན་པའམ་མི་རིགས་ཀྱི་འཚོ་བ་ཡིན་ནོ་སྐད་ཀྱི་ཡི་གེ་རེ་འགའ་འབྲི་བ་ལས། རྩོམ་གྱི་ངོས་སམ་ཕག་ནས་རྒྱུ་འབྲས་བློ་མིག་གི་རྒྱ་མས་གནད་དོན་སྲང་གིས་གཞལ་བའི་ཚུགས་ཐུབ་ཀྱི་མི་གཞིའི་ཁྱད་ཆོས་ངོམས་མཁན་ཧ་ལམ་བྱུང་མེད། སྤྱི་ཚོགས་གལ་ལ་འཕྲད་སྐབས་ལྷག་བསམ་བདག་གིར་བཞེས་པའི་རྒྱུ་འབྲས་དྲང་གཞག་གི་ཁ་གྲགས་མཁན་རྩོམ་པ་པོ་ནི་དེ་བས་ཀྱང་སྟེ། ལོ་ངོ་བཅུ་ཙམ་སྒུག་མོད་རི་བོང་གི་རྭའོ། །


རྒྱུ་མཚན་དེའི་དབང་གིས། ད་ལྟའི་སྤྱི་ཚོགས་ནང་རྒྱུ་འབྲས་བློ་མིག་ཅེས་པ་མི་དྲང་མོ་ཤེས་ཡོན་ཡོད་མེད་གང་ལྟར་དེ་དག་གིས་གཉེར་དགོས་པའི་ཚད་ལ་ལྷུང་ཞིང་། དེ་རྣམས་ལའང་ཤེས་ཡོན་ཡོད་པར་སྐད་པའི“ཆེད་མཁས”དག་གིས་ཟུར་ཟ་དང་དམའ་འབེབ་བྱེད་ཀྱིན་པ་ནམ་ཡང་མཐོང་རྒྱུ་ཡོད་པ་ལྟར་རོ། །


དེ་ལྟར། ང་ཚོར་མི་རེ་གཉིས་ཙམ་གྱིས་ཁ་གྲག་རྒྱུར་སྒུག་པའི་གོམས་གཤིས་ཤིག་ལོབས་ཏེ། དེ་ལ་མོས་མཁན་དམོད་མཁན་ཚང་མས་མི་དེས་ཁ་ཞིག་གྲག་རྒྱུར་སྒུག་སྒུག་ལ་ཡོད། མི་གཅིག་ཁ་གྲགས་པས་གྲག་གོ་མི་ཆོད་ཅིང་ནུས་པ་ཆེན་པོ་མེད་ཚུལ་ཀུན་གྱིས་གསལ་བོར་མཁྱེན་མོད། ང་ཚོ་སྔར་བཞིན་དེ་འདྲའི་ངང་ལ་ཁུ་སིམ་མེར་བསྡད་ནས་ཡོང་། ཡིན་ནའང་། ངས་བསམ་ན་དེའང་གནད་ཆེན་པོ་མ་རེད་སྙམ།


གནད་འགག་ནི། ནམ་ཞིག་མི་དེའང་རྒྱུ་རྐྱེན་འགག་ལ་འཕྲད་དེ་ཁ་གྲགས་རྒྱུ་མ་བྱུང་ཚེ། གཞན་དག་རྣམས་ཀྱིས་ཅི་ཞིག་བྱ་རྒྱུ་ཡིན། སུ་ཞིག་ཁ་གྲག་པར་སྒུག་གམ་ཡང་ན་རང་ཉིད་ཀྱིས་དུས་ཐོག་ལ་ཁ་གྲག་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་སུ་ཉན་མཁན་དང་སྒྲོག་མཁན་མང་བ་ལས་རྒྱུ་འབྲས་བློ་མིག་གཤིས་སུ་གྲུབ་པའི་ཁ་གྲག་མཁན་མི་འབྱུང་བ་ནི། སྤྱི་ཚོགས་གོལ་ལམ་དུ་འཕྱན་པའི་རྒྱུ་གཙོ་བོ་ཞིག་རེད་མོད། ང་ཚོས་དེའི་གནད་མ་ཟིན་པར་ད་དུང་འགྲོ་འཆག་ཉལ་འདུག་ངང་ལ་མི་ཚེ་ཙམ་པོ་བ་ཞིག་སྐྱེལ་ནས་བསྡད་ཡོད་པ་རེད། འདི་ནི་ཧ་ཅང་འཇིགས་ཡེར་བ་ཞིག་མ་རེད་དམ།


                         ༢༠༡༩ལོའི་ཟླ༦ཚེས༨ཉིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།