བེ་ཁུང་དང་བོའུ་ཁུང་།

11324


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

    བོད་ཁང་གི་བཟོ་བཀོད་ལ་དུས་སྔ་ཕྱིའི་དབང་གིས་རྣམ་པ་མི་འདྲ་བ་འགའ་ཞིག་ཡོད་དེ། སྤྱིའི་ཆ་ནས་གསོན་པོ་གནས་པའི་ཁང་བཟང་དང་ཚེ་འདས་བཞུགས་པའི་བང་སོ་བཅས་རིགས་དཀར་ནག་གཉིས་སུ་ཕྱེ་ཡོད། དེ་ལ་ཚེ་དང་ལྡན་པ་རྣམས་བཞུགས་པའི་ཁང་བཟང་ལ་གནམ་ས་ལས་རང་བྱུང་དུ་གྲུབ་པའི་བྲག་ཕུག་སོགས་དང་། མིས་བཟོས་ཕུག་པ་ས་རྡོ་ཤིང་སྨྱུག་ཅན་དང་། མིས་བཟོས་སྦྲ་གུར་སོགས་ཅི་རིགས་མངའ། དེ་ལས་མིས་ཁྱད་དུ་བཟོས་པའི་ཁང་བཟང་ས་རྡོ་ཅན་དེ་ལ་ཕུག་པ་སྒོང་གཟུགས་མ་དང་། ཕུག་པ་ཐལ་མོའི་ཕྱག་རྒྱ་ཅན་དང་། གྲུ་བཞི་གཡུང་དྲུང་མ་དང་། ཁང་བཟང་ལུག་མགོ་མ། ཆོས་འབྱུང་གཟུགས་ཅན་སོགས་མང་པོ་ཡོད། 

    དེང་མཐོང་བོད་ཁུལ་གྱི་དགོན་པ་ནས་གཙོས་པའི་ས་རྡོའི་ཁང་པ་མང་ཤོས་དེ་ཆོས་འབྱུང་བསྣོལ་མའི་གཟུགས་ཅན་གྱི་ཁང་པ་ཤ་སྟག་རེད། ཆོས་འབྱུང་བསྣོལ་མའི་གཟུགས་དེ་ཅི་འདྲ་ཞིག་རེད་ཟེར་ན། རྡོ་རྩིག་དང་གྱང་གི་ཁང་པའི་གཞི་ཁོག་དེ་རྨང་གདན་ནས་རྩེ་མོ་གནམ་དུ་ཟུག་པའི་ཆོས་འབྱུང་ཞིག་དང་། སྒོ་དང་སྒེའུ་ཁུང་དེ་སྟེང་ནས་རྩེ་མོ་ས་གཞི་ལ་ཟུག་པའི་ཆོས་འབྱུང་ཞིག ཆོས་འབྱུང་གཉིས་དེ་བསྣོལ་བའང་བརྩེགས་པའི་རྣམ་པ་ནས་བོད་ཁང་དངོས་སུ་གྲུབ་སྟེ། འདི་ཁང་པའི་ཕྱོགས་བཞི་ནས་བརྩིས་པས་ཆོས་འབྱུང་གི་རྩེ་དྲུག་བཞི་ཉེར་བཞི་བཅས་དུས་ཚིགས་ཉེར་བཞི་མཚོན་པ་ཞིག་ཏག་ཏག་མི་མངོན་པའི་ཚུལ་དུ་ཁང་པའི་ནང་སྦས་ཡོད། དེ་ལས་ཆོས་འབྱུང་གི་རྩེ་མོ་སྟེང་འོག་ཏུ་ཟུག་པ་ནས་གནམ་ས་གཉིས་ཀའི་བྱིན་བརླབས་དང་ནུས་པ་ལེན་པ་དེ་རེད། མཉམ་དུ་གནམ་སའི་གནོད་པ་བཟློག་པའང་ཡིན། འདི་སོགས་འཛམ་གླིང་ཁང་པ་བསྐྲུན་བཟོའི་རིག་གཞུང་དུ་ཡ་མཚན་པ་དང་ཧ་ལས་དགོས་པ་ཞིག་རེད་འདོད། 

    དེ་རིང་ངོས་ནས་ཁང་བཤད་ལས་སྒེའུ་ཁུང་ཟུར་གསུམ་ཅན་གྱི་མཚོན་བྱེད་དང་དེའི་ནུས་པ་སོགས་ཏོག་ཙམ་བཤད་དྲན། སྒེའུ་ཁུང་ཟུར་གསུམ་མ་དེ་བོད་ཁང་གི་བརྒྱན་དུ་གྱུར་པས། མིང་དུ་བོའུ་ཁུང་དང་བེ་ཁུང་ཞེས་འབོད། རྟག་ཏུ་བོད་ཁང་ཆེན་མོའི་གློ་ཡི་གཡས་གཡོན་དང་རྒྱབ་ངོས་སུ་བོའུ་ཁུང་རེ་གཉིས་འཇོག་སྲོལ་ཡོད། བོའུ་ཁུང་འཇོག་པ་ལ་བཤད་སྲོལ་འགའ་ཞིག་ཡོད་མོད། ཟེར་ལུགས་མང་ཤོས་ཤིག་ནི་དགྲ་དོགས་ཀྱི་ཆེད་དུ་རེད་ཅེས། དེ་ཕྱིར་མིང་ཡང་བོའུ་ཁུང་ཞེས་མེ་མདའ་འཇོག་སའི་སོ་ཁུང་རེད་ཅེས་སྨྲས་སོ།། 

     སྤྱི་སྒེའུ་ཁུང་གི་བྱེད་ལས་ནི་ཉི་འོད་དང་རླུང་རྒྱུ་བའི་ཆེད་དུ་ཡིན། དེ་ལ་མིང་དུ་དཀར་ཁུང་དང་སྐར་ཁུང་དང་། རབ་གསལ་ཞེས་འབོད་ལུགས་ནས་ཉི་འོད་དང་འབྲེལ་ཆེས་ཆེ་བ་མཐོང་། དོན་དུ་འབྲེལ་བ་དེའི་ཕུགས་ནི་གནམ་རྩིས་སམ་སྐར་རྩིས་རིག་པ་ལ་ཐུག་སྟེ། ནམ་ཞིག་སྐར་རྩིས་ཀྱི་བཤད་སྲོལ་དེ་གསོ་བ་རིག་པའི་ནང་དང་ཁྱད་པར་དུ་རོ་ཙ་གསོ་བའི་ཐབས་ལམ་དུ་བསྟིམས་པས། དེས་ན་བོད་ཁང་གི་ངོགས་སུ་བེ་ཁུང་འཇོག་སྲོལ་བྱུང་བ་རེད། བོད་ཁང་གི་བཀོད་པ་ནི་བཟོ་རིག་པ་ཙམ་དུ་མ་ཡིན་པ། དེ་ལ་སྐར་རྩིས་དང་ས་དཔྱད་དང་། གབ་ཙེ་དང་། གསོ་རིག་དང་། སེམས་ཁམས་དང་། ཆོས་ལུགས་དང་། སྲིད་པ་ཆགས་ལུགས་སོགས་དང་འབྲེལ་བ་ཆེ་སྟེ། ཕྱོགས་གཅིག་ཙམ་གྱི་ཁེར་བཤད་ནས་གོ་ཆོད་དཀའོ།། 

    བེ་ཁུང་གི(བེ་)ཡིག་ལྡེའུ་འགྲེལ་བྱེད་ན་གཉི་མ་དང་འགྱུར་མིག་ལ་མེ་འབར་བཞིན་པ་ཞིག་སྟེ། དེ་ནི་གསལ་བ་དང་འོད་ཆེན་པོ་བཀྱེད་པའི་དོན་ནོ།། བོད་ཁང་དུ་འོད་ལེན་པའི་འཇུག་བྱ་ལ་གནམ་དཀར་དང་། རབ་གསལ་དང་། སྒོ་བཅས་ཡོད། གཞན་འོད་ལམ་ཁྱད་དུ་འཕགས་པ་ནི་ཟུར་གསུམ་ཆོས་འབྱུང་གི་(བེ་ཁུང་)འདི་ཉིད་དོ།། ཆོས་འབྱུང་ནི་ཚེ་སྲོག་གི་ལྟེ་བ་དེ་མའི་མངལ་དང་འདྲ་ཞིང་། དེ་ལ་ནུས་མཐུ་དཔག་ཏུ་མེད་པ་ཡོད། གསོ་རིག་རོ་ཙའི་གཞུང་དུ་མི་རྣམས་སྡོད་སའི་ཁང་པ་ནི་དབེན་དང་སྒྲ་མེད་པ། དྲི་མ་བཟང་པོ་ཡོད་པ། འོད་ཐིག་གཟི་མདངས་ཅན་ནང་ལ་ཟུག་པ། གསལ་ཆ་ལས་མུན་ཆ་ཏོག་ཙམ་ཆེ་དགོས་པ་སོགས་ལས་ཉི་མའི་འོད་རིན་པོ་ཆེ་ནང་དུ་གདན་དྲངས་པ། འདི་ཆོས་འབྱུང་ཟུར་གསུམ་གྱི་བེ་ཁུང་ནི་འོད་ཀྱི་པར་ཀོང་ལྟར་དུ་ཉི་འོད་དང་ཟླ་འོད་དེ་ཟུར་གསུམ་ཅན་དེ་བསྒྱུར་ཏེ་ཁྱིམ་དུ་འདྲེན་པ། ལྷག་པར་དུ་གྲུ་གསུམ་ཆོས་འབྱུང་ཅན་གྱི་འོད་དེ་རོ་ཙ་གསོ་བའི་གང་ཟག་དེའི་ལུས་སྟོད་སྨད་དུ་འཕོག་པར་གྱུར་ཏེ། སྐྱེས་བུ་དེའི་ལུས་ཀྱི་སྟོབས་ཤུགས་གསོ་བ་ཡིན་ནོ།། དེ་བཞིན་དུ་ཟླ་འོད་དང་། སྐར་འོད་དང་། རླུང་དང་། རི་ཀླུང་གི་སྒྲ་དང་། བྱ་དང་བྱིའུ་ཡི་སྐད་སོགས་བེ་ཁུང་གྲུ་གསུམ་ཅན་བརྒྱུད་དེ་ཁང་པའི་ཕྱི་ནང་དུ་འཁོར་བས། དེ་ཕྱིར་བོད་ཁང་དུ་སྡོད་ན་འདུག་ཤེས་པ་དང་། བོད་ཁང་དུ་འཇུག་ན་འཚོ་ཤེས་པའི་ལག་ལེན་སོགས་གསལ་པོར་ངེས་ན་བོད་ཁང་ནི་ཚེ་རིང་བ་དང་། ནད་མེད་པ། བདེ་སྐྱིད་དཔལ་དུ་འབར་བའི་གནས་ཁང་བཟང་ཤོས་དེ་ཡིན་ནོ།། དགེའོ།


2019/8/15


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།