ནམ་མཁའི་གསང་བ།

13611


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

   ནམ་མཁའ་རྒྱན་ནི་བོད་ཀྱི་ལོ་རྒྱུས་ཐོག་ལྷ་རིས་སྒྱུ་རྩལ་པ་སྐད་གྲགས་ཆེ་ཤོས་ཤིག་ཡིན། དུས་རབས་བཅུ་བདུན་པའི་ནང་ཧོར་བྲག་འགོའི་ཚ་གཡོལ་གྲོང་དུ་སྐུ་འཁྲུངས། ཁོང་གི་རི་མོ་ཡི་ཁྱད་ཆོས་ནི་གནམ་སའི་བཀོད་པ་གསལ་ལ་སྤུ་ཉག་ཞིབ་ཏུ་ཕྱེ་བའི་ཆ་ལ་ལྟད་མོ་མང་ཞིང་། ཚོན་མདངས་སྣུམ་ལ་བར་སྣང་མཐོངས་ཀྱི་བགོ་བཤའ་དང་ཐིག་ཚད་ཀྱི་འགྲོ་སྟངས་སོགས་ཡུལ་དངོས་ཀྱི་ཆ་དང་ཡོངས་སུ་མཐུན་པས། སྤུ་ཉག་ལྷ་རིས་སམ་སྤྲུལ་པའི་ལྷ་བཟོ་ཞེས་བཀུར་བའི་སྙན་པ་འབར། 

   ད་བར་ལུས་ཡོད་པའི་ནམ་མཁའ་རྒྱན་སྐུ་དངོས་ཀྱིས་མཛད་པའི་ཐང་གའི་ཁྲོད་(བདེ་ཆེན་ཞིང་བཀོད་)ཅེས་པ་འདི་སྒྱུ་རྩལ་རིན་ཐང་དང་། ལོ་རྒྱུས་རིན་ཐང་དང་། ཞིབ་འཇུག་གི་རིན་ཐང་སོགས་གཞལ་དུ་མེད་པ། ཕྱོགས་ཀྱི་ཆ་གང་ནས་བལྟས་ནའང་ཧ་ལས་དགོས་པ་ཞིག་ཏུ་མཐོང་། ཡིན་ནའང་། ད་རུང་ཐང་ག་འདིའི་ནང་རྐང་འཐུང་ལྗོན་བཟང་དཔག་བསམ་ཤིང་དང་འབྲེལ་བའི་གསང་བའི་རིན་ཐང་ཞིག་ཀྱང་ཡོད་ལ། དེ་ནི་སྔར་གྱི་ཞིབ་འཇུག་པས་བཤད་སྲོལ་མི་འདུག རྒྱུ་མཚན་ཅི་ཡིན་མི་ཆའོ།།

   གོང་གི་བདེ་ཆེན་ཞིང་བཀོད་ལ་ཞིབ་ཏུ་གཟིགས་དང་། ཚངས་ཐིག་ལས་གནམ་ས་གཉིས་འདྲ་མཉམ་དུ་འཁྲུངས་ཤིང་། ཉེ་གནས་ཀྱི་ཚོགས་དེ་རི་བོ་ལྟར་མཐོ་བའི་སྟོད་དུ་མགོན་པོ་འོད་དཔག་ཏུ་མེད་པ་ཉི་མ་བཞིན་གསལ་ལ་ཐུགས་རྗེའི་འོད་ཟེར་ཕྱོགས་སུ་འཕྲོ་བ། འདོད་དགུ་སྟེར་བའི་ལྗོན་བཟང་དེའང་མགོན་པོའི་རྒྱབ་ནས་གནམ་ལ་ཟུག་པ། གཞན་ཡང་མགོན་པོའི་མདུན་གྱི་དགའ་ཚལ་གྲུ་བཞི་མ་དང་རྒྱལ་བའི་འོད་སྒོར་གཉིས་ནས་གཟི་རིས་ལས་བྱུང་བའི་གནམ་ས་ཁ་སྤྲོད་དེ་བསྟན་པ། དེ་བཞིན་མངོན་དང་ལྐོག་ཏུ་གྱུར་བའི་བསྟན་དོན་སྣ་ཚོགས་ལས། ཡང་གསང་གི་ཚུལ་དུ་ཡོད་པ་ཞིག་ནི་སྦྲུལ་དང་དཔག་བསམ་ཤིང་དང་། ཉི་མའི་བར་གྱི་འབྲེལ་བ་ཞིག་ཡོད་པ་དེ་རེད། ནམ་མཁའ་རྒྱན་ནས་དེ་འདྲའི་ངོ་མཚར་བའི་ལུགས་ཤིག་རི་མོའི་ནང་གཏེར་སྦས་པའི་ཚུལ་དུ་བཞག་ཡོད། དེ་བས་(ཞིང་བཀོད)་ལ་རིམ་གྱིས་ཞིབ་གཟིགས་གནང་དང་།དགའ་ཚལ་གྱི་མཐའ་འཁོར་ཏུ་རང་བྱུང་དུ་འབབ་པའི་མཚོ་དང་མཚེའུ། དེའི་མཐར་གངས་རི་དང་རྫ་རི་དང་། བྲག་རི་དང་། སྤང་རི་སོགས་གྲལ་དུ་བསྟར་བས། དེ་ལས་ང་ཚོས་རི་རྒྱུད་ཀྱི་འགྲོས་དེ་དག་དེད་དེ་སོང་ན་དེའི་གསེང་དུ་སྦྲུལ་དུང་ཆུང་དཀར་པོ་(འབྲུག) ཞིག་འཁྱིལ་ཡོད་པ་མཐོང་། འདི་ནི་རི་བོ་གངས་ཅན་པའི་གདོད་མའི་མཆོད་པ་འབུལ་ལུགས་དང་གཅིག་མཚུངས་སུ་གྱུར་ཡོད་པ་མ་ཚད། འདོད་ཡོན་ཆར་དུ་འབེབས་པའི་དཔག་བསམ་ཤིང་གི་གསང་བ་དེའང་སྦྲུལ་དང་ཉི་མ་ལ་ཐུག་ཡོད་པ་གསལ་པོར་བསྟན་ཡོད་དོ།། 

   སྦྲུལ་དང་དཔག་བསམ་ཤིང་གི་གསང་བ་ནི་རྫོགས་ལྡན་དུས་རབས་ཀྱི་དཔལ་ཡོན་ལ་རེག་པའི་ལྡེ་མིག་དེ་ཡིན། ནམ་མཁའ་རྒྱན་ནས་དེ་འདྲའི་གསང་བའམ་ཤེས་བྱའི་ཆ་དེ་རི་མོའི་ནང་སྦས་ཡོད་པ་ནི་ཧ་ལས་ཧང་སང་དགོས་པ་ཞིག་རེད། མཉམ་དུ་འདི་ཡང་ནམ་མཁའ་རྒྱན་གྱི་ཐང་ག་དེ་རིན་ཐང་གཞལ་དུ་མེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཏུ་གྱུར་ཏོ། དགེའོ།

    ཟུར་འགོད།

    ༡ ཁ་ཅིག་ན་རེ། ལོ་རྒྱུས་ཐོག་ཏུ་ནམ་མཁའ་རྒྱན་ཟེར་བའི་ལྷ་རིས་པ་ཞིག་བྱུང་མྱོང་མེད་དེ། ནམ་མཁའ་རྒྱན་གྱི་རི་མོ་ཡིན་ཟེར་བ་དེའང་ལྷ་རིས་པ་(ལྷ་ཕྲུག་)ཟེར་མཁན་ཞིག་ནས་བཞེངས་ཞེས་གྲགས། འདིའི་སྐོར་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་མཛོད། 

     ༢ ནམ་མཁའ་རྒྱན་གྱི་(བདེ་ཆེན་ཞིང་བཀོད་)ནང་ད་རུང་གསང་བ་མང་པོ་ཞིག་འདུག རྗེས་སོར་རེ་རེ་བཞིན་ཁ་ཇེ་གསལ་དུ་འདོན་ཐུབ་པའི་བསམ་པ་ཡོད། 


2019/7/26


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།