གདོང་རིས་ལ་འཇུག་པ།

11845


 རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

      ཁ་བ་གངས་ཅན་པའི་བརྟག་ཐབས་སྣ་ཚོགས་ནི་ནམ་མཁའི་སྐར་ཚོགས་དང་འདྲ་སྟེ། གྲངས་ཀྱི་ཆ་ནས་མཐའ་ཡས་པ་མ་ཚད་བརྗོད་དོན་ཆ་ནས་ཀྱང་རྒྱ་ཆེ་ལ་གཏིང་ཟབ་སྟེ། དེའི་ནང་དུ་མིའི་ལུས་ལ་བརྟག་པའི་ཐབས་ཀྱི་རྣམ་གྲངས་དེའང་ཧ་ལས་པ་མང་ཞིང་། དཔེར་ན། སྐྱེ་བོའི་ངོ་གདོང་ལ་བརྟག་པ། སྐྲ་ལ་བརྟག་པ། སྐད་སྒྲ་བརྟག་པ། སེན་མོ་ལ་བརྟག་པ། ལག་རིས་ལ་བརྟག་པ། ལུས་ཀྱི་ཆགས་ཚད་ལ་བརྟག་པ། རྐང་པ་ལ་བརྟག་པ། གོམ་པའི་འགྲོས་ལ་བརྟག་པ་སོགས་ཡོད། གཞན་དེ་དག་རེ་རེ་ལའང་རིགས་དང་དབྱེ་བའི་རྣམ་གྲངས་ཀྱང་ཤིན་ཏུ་མང་ངོ།། 

     མིའི་ངོ་གདོང་ལ་བརྟག་པའི་ཐབས་དང་མན་ངག་ནི་སྐྱེས་བུའི་ལུས་ལ་བརྟག་པའི་ལེའུ་ནང་གི་གྲུབ་ཆ་གཙོ་ཤོས་དང་། ལུས་ཕུང་བརྟག་ཐབས་སྨྲ་བའི་སྒོ་ལྟ་བུ་དེ་ཡིན། (གདོང་བརྟག)ནི་དཔྲལ་བ་དང་། མིག་དང་། སྣ་དང་། ཁ་དང་། ལྕེ་དང་། རྣ་བ་དང་། མ་ནེ་བཅས་ཀྱི་ཆགས་ལུགས་དང་ཁ་དོག་མ་བརྟེན་ནས་བརྟག་སྟེ། འདི་ལ་ཁོར་ཡུག་རིག་པའམ་ས་དཔྱད་ལྟར་གྱིས་བརྟག་པ་དང་། འབྱུང་བ་ལྔའི་འགྲོས་དང་སྤར་ཁའི་སྒོ་ནས་བརྟག་པ། གདོང་གི་ཆགས་དཔེ་སྤྱི་དང་ཁ་དོག་བཀྲག་མདངས་སྒོ་ནས་བརྟག་པ་སོགས་ཐབས་ལམ་དུ་མ་ཞིག་མཆིས། དེའི་ཁྲོད་དུ་ཁོར་ཡུག་ས་དཔྱད་སྒོ་ནས་གདོང་རིས་བརྟག་པ་ནི་དཀོན་པོར་གྱུར་པའི་ཤེས་བྱ་ཞིག་སྟེ། རྟག་ཏུ་ཁ་རྒྱུན་ནང་བར་མ་ཆད་དུ་ལུས་པ་དེ་ཡིན། 

     གདོང་རིས་ས་དཔྱད་དུ་སྦྲེལ་ཏེ་བརྟག་པའི་ཐོག་མའི་བྱ་བ་ནི་མིའི་གདོང་པ་ས་གཞི་ལྟར་ཉལ་དབྱིབས་ལེབ་མོར་བཀོད་དགོས། དེ་ནས་སྣ་རི་བོ་དང་། མིག་ཆུ་བོ་དང་། གདོང་དང་དཔྲལ་བ་གཉིས་སྟོད་སྨད་ཐང་ཆེན་དང་། མིག་སྤུ་ནགས་ཚལ་དང་། མ་ནེ་ས་གཞིའི་སྒོ་དང་། རྣ་བ་ཕྱོགས་ཀྱི་གསང་དུ་བགོས་ཏེ་ས་གཞིའི་ལེགས་ཉེས་འབྱེད་པའི་ཐབས་ནས་གང་ཟག་དེའི་མི་ཚེའི་བདེ་སྡུག་ལ་བརྟག་པ། དཔེར་ན། མི་དེའི་ཁྱིམ་ཚང་། གཉེན་ཉེ་དུ། སྒོ་ཕྱུགས། ནོར་མཛོད། ཚེ་ཐག བསོད་ནམས། ཚོང་ལམ། ཆོས་ལམ། རྩལ་གྱི་ལམ་སོགས་ཅི་འདྲ་ཡིན་མིན་མེ་ལོང་དུ་འཆར་བཞིན་གསལ་བར་མངོན། སྔར་ས་དཔྱད་ལ་ཉམས་རྒྱུས་ཡག་པོ་ཡོད་མཁན་ཞིག་ནས་གདོང་རིས་བརྟག་པའི་ཕྱོགས་སུ་ཅུང་ཙམ་ཁ་བསྒྱུར་ན་སྟབས་ལེགས་པ་ཡིན་ནོ།། ས་དཔྱད་ནས་འཇུག་པའི་གདོང་བརྟག་ནི་གདོང་རིས་བརྟག་པའི་ཤེས་བྱ་སྣ་ཚོགས་ལས་གོ་བདེ་ཤོས་དང་ལག་ལེན་བདེ་ཤོས་དེ་ཡིན། ཚང་མས་ཉམས་ཞིབ་མཛོད་ཅིག

     གདོང་བརྟག་ནི་གངས་ཅན་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་སྟེ། གཞུང་ལུགས་ཀྱི་བསྟན་དོན་ནི་མི་ཡི་ལུས་ཕུང་དེ་ས་གཞིའི་ངོ་བོ་རུ་གྱུར་ཡོད་པས། མི་སོ་སོའི་ལས་དབང་ནས་བྱུང་བའི་ངོ་གདོང་གི་རྣམ་པ་དེའང་ས་གཞིའི་དབྱིབས་དང་འདྲ་སྟེ། ཚུལ་དེ་རྟོགས་ན་གདོང་རིས་རྒྱབ་ཀྱི་ནང་དོན་མང་པོ་ཞིག་གསལ་ལྷམ་མེར་གྱུར་ཏོ། 

     གདོང་བརྟག་གི་ལག་ལེན་བསྟར་ལུགས་ལ་རྒྱས་བསྡུས་གཉིས་ཡོད། གལ་ཏེ་དེའི་ཤེས་པ་ཆ་ཚང་ཁོག་ཏུ་ཆུད་འདོད་ན། ཉམས་མྱོང་གི་ཕྱུག་པའི་དགེ་རྒན་ཞིག་ལ་བསྟེན་ནས་བསླབ་པར་བྱའོ།། དགེའོ།

    ༢༠༡༩/༧/༡༩


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།