གློག་བརྙན་ཞིག་ལ་བལྟས་རྗེས་ཀྱི་དྲན་ཚུལ་ཐུང་ངུ་།

6765



                                རྩོམ་པ་པོ། ར་རྫ་འཇམ་དབྱངས་སྐྱིད།



<<ཕྱིར་ནུར་ཡེ་མི་བྱེད>>ཅེས་པ་འདི་ནི1989ལོར་ཨ་རིའི་ལྕགས་ཀྱི་གཏེར་ཁུང་ཞིག་ཏུ་བྱུང་བའི་དོན་རྐྱེན་ངོ་མ་གཞིར་བཟུང་གིས་བཟོས་པའི་གློག་བརྙན་ཞིག་རེད། དེ་ཡང་། མི་སྣ་གཙོ་བོ་ལྗོ་སེ་ལགས་ལོ་ན་བཅུ་དྲུག་ཡིན་དུས་སུ་སློབ་འབྲིང་གི་དགེ་རྒན་ཞིག་གིས་བཙན་གཡེམ་བཏང་སྟེ་བྱི་ཕྲུག་ཀྱང་འཁོར། ཕྱིས་སུ་བཟའ་ཚང་བཅས་ཏེ་ཡང་བསྐྱར་ཕྲུ་གུ་ཞིག་སྐྱེས། བཟའ་ཟླའི་གཅར་རྡུང་འོག་འཚོ་བ་མ་འཁྱོལ་བར་ཁོ་མོས་རང་གི་ཕྲུ་གུ་གཉིས་ཁྲིད་དེ་ཕྱིར་ཕ་ཡུལ་ལ་ཡོང་། དེ་རུ་འཚོ་ཚིས་ཁ་རྒྱབ་ཀྱི་སླད་དུ་སྐྱེས་མ་ཉུང་ཉུང་ལས་སྡུད་ཀྱི་མེད་པའི་ལྕགས་ཀྱི་གཏེར་ཁུང་ཞིག་ཏུ་ལས་ཀ་བྱས།

དེ་ལས་རང་ཉིད་ཐེ་བའི་བུད་མེད་ལས་བཟོ་པ་རྣམས་ལ་སྐྱེས་པ་ཚོས་ཡ་ང་སྙིང་རྗེ་བྲལ་བའི་སུན་གཙེར་དང་སྡུག་པོ་བཏང་བ་ལ་བཟོད་སྒོམ་མ་ཐུབ་པར། གནོན་ཤུགས་སྣེ་མང་གི་འོག་ནས་ལྕགས་ཀྱི་གཏེར་ཁུང་དེ་ཁྲིམས་ཁང་ལ་གཏུགས། ཁོ་མོས་གནས་སྟངས་དེ་ལ་འགྱུར་བ་གཏོང་ཆེད་དཔའ་རྒོད་ཁེར་རྒྱུག་དང་མདའ་རྒོད་ཁེར་འཕེན་གྱི་ངང་ཚུལ་བསྟེན་ནས་དཀའ་སྡུག་མང་པོ་མྱངས་མཐར། གཞི་ནས་གཏེར་ཁུང་དེས་བུད་མེད་ལས་བཟོ་པ་ཚོ་ལ་གུན་གསབ་ཀྱི་དངུལ་མི་ཉུང་བ་ཞིག་སྤྲོད་དུ་བཅུག་པར་མ་ཟད། གཏེར་ཁུང་དེ་རུ་ལས་ཀ་བྱེད་བཞིན་པ་དང་བྱེད་འགྱུར་གྱི་བུད་མེད་ཚོར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པར་བྱས་ལ། བུད་མེད་ལ་ཆགས་སྲེད་ཀྱི་སུན་གཙེར་བྱེད་པ་(性骚扰)ཇི་ལྟར་ཐག་གཅོད་ཚུལ་གྱི་ཁྲིམས་གཞི་ཞིག་ཀྱང་འདོན་ཐུབ་པ་བྱུང་།

དེ་ནི་ཨ་རིའི་ལོ་རྒྱུས་སུ་འདོད་ཆགས་ཀྱི་སུན་གཙེར་བཏང་བའི་གྱོད་དོན་ལ་ཁ་མཆུ་ཐོབ་པ་ཐོག་མ་ཡིན་ལ། གྱོད་གཞི་དེ་རྐྱེན་བྱས་ནས་ཨ་རིའི་བྱང་ཕྱོགས་དང་ཐ་ན་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ཤུགས་རྐྱེན་ཟབ་མོ་ཐེབས་པས་མཚོན་རྒྱལ་ཁ་བླ་ན་མེད་པ་ཐོབ་པ་རེད།

ངས་གློག་བརྙན་འདི་ལ་ཐོག་མར་ལྟ་དུས། བུད་མེད་ལ་ཐུབ་ཚོད་དང་འདོད་ཆགས་ཀྱི་སུན་གཙེར་བཟོ་བ་ནི་གཏེར་ཁུང་གང་དེའི་འགྲོ་ལུགས་ལྟ་བུར་མཐོང་ཞིང་། ཁ་ཤེད་དབང་ཤེད་ཅན་དང་ལག་རྩལ་པ་ནི་སྐྱེས་པ་རྐྱང་རྐྱང་ཡིན་པའི་ཁོར་ཡུག་དེ་རུ། གོ་གནས་དང་ཐོབ་ཐང་མེད་ལ་རྒྱུ་ཤུགས་དང་དབང་ཤུགས་མེད་པ། ནང་མི་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་རམ་འདེགས་མེད་པའི་བུད་མེད་ཕལ་བ་ཞིག་གིས་གནས་སྟངས་རྫོབ་པོ་དེ་ལ་ཕོད་བཙུགས་ཀྱང་འགྱུར་བ་གཏོང་ཨེ་ཐུབ་བམ་བསམ་མོད། བསམ་ཡུལ་ལས་འགོངས་པ་ཞིག་ལ། གཉའ་གནོན་དང་གཉོམ་མི་འཁུར་བའི་ཁོ་མོའི་གཤིས་ཀ་དེ་ལ་བརྟེན་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ།

ལར་འགྲོ་བ་མིའི་ལོ་རྒྱུས་ལ་ཕྱིར་ལྟ་རེ་བྱས་ན། དུས་རབས་ཀྱི་དཀྱོགས་མཚམས་རེ་ན་མི་བུ་སྒེར་པ་བསམ་བློ་ཅན་དང་བློ་སྤོབས་ཅན་མཐོང་དུ་ཡོད་པ་ནང་བཞིན། ལྗོ་སེ་ཡང་བཤད་མ་དགོས་པར་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར།

ང་ཚོས་ཀྱང་རང་གི་ཁོར་ཡུག་ཏུ་སོ་སོའི་ཐོབ་ཐང་གི་གནོད་གཞིར་འགྲོ་བའི་དོན་དག་གང་ཞིག་ལ་ཕྲད་ཚེ། རང་དགར་རྩ་བ་ནས་མི་སྐྱུར་བར་འགྱུར་བ་གཏོང་གང་ཐུབ་བྱས་ན། དེས་ནི་རང་ཉིད་ཀྱི་ལམ་གེགས་སེལ་བར་ཕན་པས་མི་ཚད། ཉེ་འཁོར་གྱི་མི་ལ་སེམས་ཤུགས་དང་བཟང་ཤུགས་ཐེབས་པར་ཡང་ཕན་ངེས་པ་གོང་གི་དངོས་བྱུང་གློག་བརྙན་དེ་ལས་ཀྱང་བསྟན་འདུག་ན། དོན་མེད་གྱོང་བཟེད་རང་གི་སྡུག་གྱོང་ཡིན་པ་ངེས་དགོས་སོ། །


                  2019/07/14


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།