གནས་རྙིང་དགོན་དུ་མཇལ་བའི་ཟིན་ཐོ།

7770



རྩོམ་པ་པོ། ངག་དབང་བསམ་གྲུབ།
 (མིང་གཞན། ཚ་བོ་ངོ་མ) གཙང་ངམ་རིང་ཆོས་སྡེ་དགོན་གྱི་གྲྭ་བཙུན་ཞིག



མཚན་རྒྱས་པར་མྱང་སྟོད་གནས་རྙིང་ཆོས་སྡེ་དགོན་ནམ། མྱང་རྩིས་ཀྱི་ལྷ་ཁང་། སྐྱེགས་ཀྱི་ལྷ་ཁང་སོགས་མཚན་གྱི་རྣམ་གྲངས་མང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་བརྒྱུད་དེ་ཆུ་ཚོད་ཕྱེད་ཙམ་སོང་ན་ཁང་དམར་རྫོང་སྣེར་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས་ཕྱག་འདེབས་གནང་མཛད་ཅིང་། ཆོས་འབྱུང་དེབ་ཐེར་ཁག་ནང་གསལ་བ་ལྟར་ན་སྔར་གནས་རྙིང་འདི་ལ་བསེ་རག་གྲྭ་ཚང་དང་། སྐྱིད་ཚལ་གྲྭ་ཚང་། ཟུར་ཁང་གྲྭ་ཚང་། མཆོད་ཁང་གྲྭ་ཚང་། ནག་པོ་ཤར་གྲྭ་ཚང་བཅས་ལྔ་ཡོད་ལ་དེ་དག་གི་ཆོས་ལུགས་ཀྱང་གཞི་རྩའི་ཐོག་རྗེ་ཙོང་ཁ་པའི་སྐུ་དུས་ནས་དགེ་ལྡན་རིང་ལུགས་གཅིག་འགྱུར་ཡིན་ཞིང་། དགོན་པའི་ཆོས་སྲུང་ནི་གཙོ་བོ་མགོན་པོ་ཕྱག་དྲུག་དང་། མགོན་པོ་སྟག་བཞོན། དཔལ་ལྷ་མོ། རྣམ་ཐོས་སྲས། ལྕམ་སྲིང་། ཚངས་པ་དྲག་པོ། ཆོས་བདག་རྟ་སྒོ་མཆེད་བདུན། གཉེར་གཏད་ཀྵེ་ཊ་པ་ལ་བཅས་ཡིན་པར་སྣང་ལ་ད་དུང་ཡང་ཆོས་སྐྱོང་རིགས་མི་འདྲ་བ་ཧ་ཅང་མང་བར་སྣང་།


དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་ཐད་གཙང་ཁང་གི་རྟེན་གཙོ་རྒྱ་འཇམ་དཔལ་གསང་བས་བཞེངས་གནང་མཛད་པའི་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་མ་མཆོག་ཟུང་གཉིས་དང་། འདུ་ཁང་གི་རྟེན་གཙོར་གསེར་ཟངས་ལས་བསྐྲུན་པའི་རྒྱ་གར་རྡོ་རྗེ་གདན་གྱི་ཐུབ་པའི་དབང་པོ་དང་ཤིན་ཏུ་འདྲ་བའི་ཐུབ་དབང་བཀྲ་ཤིས་འོད་འབར། ཏཱ་མིང་གོང་མས་གནང་བའི་བྲིས་ཐང་ཐུབ་དབང་ཆབ་གསལ་མ། «འདི་ནི་ཕྱག་མཛུབ་དག་ཀྱང་བཞེངས་ལུགས་དམིགས་བསལ་ཞིག་ཏུ་མཇལ། མ་ཟད་འདི་ནི་ཙན་དན་གྱི་ཇོ་བོར་དཔེར་བྱས་ནས་མཛད་པར་གྲགས་པས། དཔེར་བཟུང་བའི་ཙན་དན་གྱི་ཇོ་བོ་དེ་འདུལ་བ་ལུང་གིས་ཟིན་པར་གྲགས་པའི་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་ན་བཞུགས་སུ་གསོལ་བའི་ཙན་དན་གྱི་ཇོ་བོ་དེ་ཨེ་ཡིན་སྙམ་ཡང་བཞུགས་ལུགས་ཅུང་ཟད་མི་མཐུན་པས་དཔྱད་པའི་འོས་སུ་འདུག་སྙམ།



མགོན་ཁང་། དེ་ནི་གྲུབ་ཐོབ་འདར་འཆར་བས་རྟ་མགྲིན་གྱི་རྒྱུད་གསུང་ས་ཐོག་མ་ཡིན་པ་དང་། དེའི་ནང་གྲུབ་ཐོབ་འདར་འཆར་གྱི་ཕྱག་བཟོའི་རྟ་མགྲིན་དང་། མགོན་པོ་ཕྱག་དྲུག་སོགས་དང་། རྒྱ་འཇམ་དཔལ་གསང་བའི་སྲས་དང་བུ་སློབ་ཀྱིས་བཞེངས་པའི་ནང་རྟེན་དུ་འདུ་ཁང་ནང་སྤྱན་རས་གཟིགས་ཀྱི་སྐུ་ལི་མ་དང་། ཕྱི་རྟེན་དུ་གནས་རྙིང་ལྷ་ཁང་དུ་རྒྱ་འཇམ་དཔལ་གསང་བའི་སྐུ་གདུང་རིལ་བུ་དང་། ཆོས་རྒྱལ་ཁྲི་རལ་གྱིས་འཇའ་ས་གཟུངས་གཞུག་ཡོད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་སོགས་དང་།


དབུ་རྩེ་འདུ་ཁང་གསེར་ཟངས་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད། གསུང་རྟེན་བཀའ་འགྱུར་སོགས་སྣ་ཚོགས་ཐོག་ཚད་མར་ཡོད་པའི་ནང་རྗེ་ཙོང་ཁ་པ་ཆེན་པོས་ལྗགས་ལུང་གནང་མྱོང་བའི་འབུམ་རྒྱས་འབྲིང་བསྡུས་གསུམ། ལྡེབས་རིས་ལ་བོད་དུ་རྗེ་ཙོང་ཁ་པའི་འདྲ་སྐུའི་ཐོག་མར་གྲགས་པ་མི་ཚད་ཙམ་རྗེ་རང་ཉིད་ཀྱིས་རབ་གནས་གནང་མྱོང་བའི་འདྲ་སྐུ་རིན་པོ་ཆེ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། འདི་བཞེངས་གྲུབ་རྗེས་འདྲ་པོ་ཆགས་སོང་ངམ་ཞེས་ཕན་ཚུན་གླེང་པས་འདྲ་པོ་བྱུང་སོང་ཞེས་གསུང་བྱོན་པར་གྲགས། མཁན་ཆེན་འཇམ་དབྱངས་རིན་ཆེན་གྱི་སྐུ་དུས་ལ་བཞེངས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྒྱལ་བ་འོད་དཔག་མེད་བཅས་ཀྱི་གོས་སྐུའི་རྒྱུ་འགྲོར་རྒྱ་ཧོར་ནས་བྱུང་བའི་དར་གོས་དང་མུ་ཏིག་གི་རྒྱན་གྲངས་ལས་འདས་པ་བཏང་ནས་གནས་རྙིང་གོས་སྐུ་ཆེན་མོ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་པ་སོགས་དང་དེ་མིན་གྱི་གོས་ཐང་གི་ཐང་སྐོར་གྲངས་ལས་འདས་པ་འདུག་ཅིང་།



ལྷག་ཏུ་ནུབ་ཕྱོགས་ཀྱི་ཁང་ཆུང་ཞིག་ན་ལྷམ་དང་དར་གོས་སོགས་རྙིང་པ་མང་པོ་ཞིག་ཡོད་པའི་ཁྲོད་དུ། བསམ་སྡིང་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་གྱི་དབུ་ཞྭ་རེད་ཅེས་པ་དེ་ཡང་འདུག་པས། བྱུང་རབས་ཀྱི་དབང་དུ་བྱས་ན་ཀར་ཞྭ་དང་འདི་གཉིས་བོད་ཀྱི་ཞྭ་རིགས་མང་པོའི་ནང་གི་ཆེས་རིན་ཐང་ཆེ་བ་དེ་ཡིན་ལ། ད་ལྟ་དབུ་ཞྭ་དེར་མུ་ཏིག་སོགས་གང་ཡང་མེད་པར་གཞིག་ན་གསར་བརྗེའི་སྐབས་རྒྱན་མུ་ཏིག་སོགས་ཆ་ཚང་མེད་པར་བཟོས་པ་རེད་ཅེས་གྲགས་པའི་དབུ་ཞྭ་དེ་ཨེ་ཡིན་སྙམ་པ་ཞིག་ཀྱང་འདུག་ན་དཔྱད་གཞིར་ཆེའོ།། གཙུག་ལག་ཁང་འདི་ནི་གསར་བཞེངས་ཡིན་ཞིང་འདིའི་ལྡེབས་བྲིས་སུ་རྗེ་རིན་པོ་ཆེའི་རྣམ་ཐར་བཞེངས་བཞིན་པ་དང་གཡོན་ངོས་སུ་རྟ་མགྲིན་སྐུ་འཁོར་ཆ་ཚང་རྒྱུ་གསེར་ཟངས་ལས་བྱས་ཏེ་ལེགས་པར་གྲུབ་ཟིན་པ་ཞིག་འདུག་གོ།


ད་ལྟའི་ཆར་ཡང་རྒྱ་ཁྱོན་རྨི་ཁྲི་བདུན་ཙམ་ཡོད་ཅིང་མཐོ་ཚད་ལ་རྨི་བཅུ་ཙམ་དང་ཞེང་ཚད་རྨི་གཉིས་ཡོད་པའི་གྱང་གི་ལྕགས་རི་དེར་ཉམས་ཆག་རྩ་བ་ནས་མེད་ངོས་དགོན་པ་སྤྱིའི་སློབ་གཉེར་དང་འཛུགས་བསྐྲུན་སོགས་གང་ཅིར་མདུན་ལམ་འོད་སྟོང་འབར་བའི་དགོན་ཆུང་ཞིག་ཡིན་པར་སྣང་ངོ་།།



༢༠༡༩/༦/༢༩ཉིན་གནས་རྙིང་མཇལ་བསྐྱོད་ཀྱི་ཟིན་བསྡུས་སུ་ཚ་བོ་ངོ་མས་བཏབ་པ་དགེའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།