ཐེའུ་རང་།
ས་ལྒང་འདིར་འཚོ་བའི་སྐྱེ་འགྲོ་མཐའ་དག་ལ་ཐུན་མོང་མ་ཡིན་པའི་རང་རང་གི་སྐད་སྒྲ་དང་། གཤིས་ཀ སྣང་བརྙན་རེ་ཡོད། ལྷན་སྐྱེས་ཀྱི་སྒྲའམ་གཟུགས་སམ་གཤིས་ཀ་དེ་ནི། སུ་ཞིག་གིས་ལད་མོ་དང་། སྦྱོང་བརྡར། ལྐོག་གཤུ། རྐུ་འཕྲོག་སོགས་བྱ་ནུས་པ་ཞིག་ཡེ་མ་ཡིན་ཏེ། མྱི་ཞིག་གིས་ཁྱིའི་ལད་མོ་བྱས་ཏེ“འབ། འབ།”ཅེས་ཟུག་སྐད་བཏོན་ནའང་། ཁྱི་སྐད་དག་མོ་མ་འཇོན་པར་གཞན་པའི་རྣ་ལམ་དུ “ཨ་མ། ཨ་མ”ཞེས་འབོད་པའི་སྒྲར་གོ་བ་དང་། ཞིམ་བུའི་ལད་མོ་བྱས་ཏེ། “མེའུ། མེའུ།” ཞེས་གྲག་ནའང་། གཞན་གྱི་རྣ་ལམ་དུ “མ་ངུ་མ་ངུ”ལྟ་བུར་གོའང་སྲིད།
སྤྱིར་བཏང་དུ། སྲོག་ཆགས་ཤིག་གིས་སྲོག་ཆགས་གཞན་གྱི་ལད་མོ་བྱེད་པ་ལ། རྒྱུ་མཚན་གཉིས་ཡོད། གཅིག་ནི་རང་གི་ལུས་རྟེན་ལ་མ་མགུ་ཞིང་གཞན་གྱི་ལུས་རྟེན་ལ་སྨོན་པ། གཉིས་ནི་འཁྲབ་སྟོན་ནོ།། འཁྲབ་སྟོན་ལའང་རིགས་གཉིས་སུ་དབྱེ་རིགས་ཏེ། གཅིག་ནི་འཁྲབ་སྟོན་གཙང་མ་སྟེ། སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་། གཅིག་ནི་གོང་དུ་ཞུས་ཟིན་ལྟར། ཚོགས་སྡེ་དང་རིགས་རྒྱུད་དང་། ལུས་རྟེན་གཞན་པའི་གྲས་སུ་འཚང་འདོད་ཀྱིས་སྤྲེལ་ལད་འཁྲབ་ཅིང་གཞན་རྐུབ་ལྡག་པའོ།།
ཁྱོད་རང་སྒྱུ་རྩལ་ལ་བྱང་ཆུབ་པ་ཞིག་ཡིན་ནའང་ཆོག རང་གི་ལུས་རྟེན་དང་ཚོགས་སྡེ་ལ་ངོ་ལོག་སྟེ། རིགས་རྒྱུད་དང་ལུས་རྟེན་གཞན་པའི་གྲས་སུ་འཚང་འདོད་མཁན་ཞིག་ཡིན་ནའང་ཆོག ཁྱོད་ཀྱིས་སྐད་སྒྲ་དང་ཆ་བྱད་དང་རྣམ་འགྱུར་རྣམ་པ་སྣ་ཚོགས་སུ་ཇི་ལྟར་བསྒྱུར་ནའང་། རྩ་བའི་ཆ་ནས། སྲོག་ཆགས་གཞན་གྱི་སྒྲ་གཟུགས་གཤིས་གསུམ་ཨ་ན་མ་ན་ཞིག་ཡོང་བ་དཔེ་མི་སྲིད་ལ། ཁྱོད་ནི་ནམ་ཡང་ཁྱོད་ལས་གཞན་སུ་དང་གང་ལའང་འགྱུར་མི་སྲིད་དོ།།
དེ་བས། ཧ་གོ་དགོས་པ་ཞིག་ལ། མྱི་ཞིག “འབ། འབ” ཅེས་ཟུག་ནའང་ཆོག ཁྱི་ཞིག་གིས “ཨ་མ། ཨ་མ”ཞེས་བོས་ནའང་ཆོག རང་གི་རིགས་རྒྱུད་དང་ཁ་བྲལ་ཚེ། མྱི་དེས་ཁྱི་གྲལ་མི་ཆོད་ལ། ཁྱིས་ཀྱང་མྱི་གྲལ་མི་ཆོད་དོ།།
ད་རུང་ཡང་ཧ་གོ་དགོས་པ་ཞིག་ལ། ཁྱིས་དགྲ་བོ་དང་རྐུན་མ་ལ་ཟུག་ཅིང་འཛིན་པ་དང་། མྱིས་རང་གི་ཚེ་སྲོག་གི་བསྐྱེད་ཡུམ་ལས། གཞན་སུ་ཡིན་ལ་ཨ་མ་ཞེས་མི་འབོད་པ་དེའོ།།
བཀླགས་ཟིན།
ངོ་མས་ཡག་པོར་བདོག
རྩོམ་སྟངས་དང་བསམ་གཞིག་གི་འཆར་ཡན་ལ་ཡིད་མོས་བྱུང་ཡོད།
རྗེས་སུ་ཡི་རངས་དང་བཅས་ནམ་ཡང་རྒྱབ་སྐྱོར་ཡོད།