བདག་གིས་སེམས་ཤིང་། དེའི་ཕྱིར་ན། བདག་གོ།

9815


                                  རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།
                                  ༢༠༡༨ ཟླ་༨ ཚེས་༢ ཉིན་བརྩམས།



                                                                                                                                                    ་   ད་ལྟའི་དུས་སུ་ཚང་མས་དེང་རབས་ཞེས་ཟེར་བཞིན་པ་འདི་ཉིད་ཕྱོགས་དང་དུས་གང་ནས་བྱུང་བ་རེད་དམ་སྙམ་ན། རྒྱ་ཆེ་ས་ནས་བཤད་ན་ཡུ་རོབ་ཀྱི་ལུང་པ་ནས་བྱུང་བ་དང་། དེ་ཡང་དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་ནང་རོལ་དུ་དབུ་བརྙེས་པར་གྲགས། དེའི་བར་དུ་ཡུ་རོབ་ལ་ཡེ་ཤུ་ཆོས་ལུགས་ཀྱིས་ཆོས་དང་འཇིག་རྟེན་ཡོད་ཚད་སྟངས་འཛིན་བྱས་ནས་མི་ཡི་རིགས་ཀྱི་ལོ་རྒྱུས་ནི་སྔ་མོ་གང་ཡིན་པ་རང་འཇགས་ལས་དེ་ལ་འགྱུར་བཅོས་དང་ལེགས་བཅོས་བཏང་བའི་སྒོ་ནས་མདུན་བསྐྱོད་བྱེད་པ་ལྟ་ཞོག་ཐ་ན་ཆོས་པ་རྣམས་ཀྱིས་འདས་པ་ནི་གསེར་དང་མཚུངས་པའི་དུས་ཤིག་རེད་ཅེས་ཟེར་ནས་ཕྱིར་ནུད་ཐབས་བྱ་ཡི་ཡོད། དེ་ནས་རླབས་ཆེན་གྱི་བསམ་བློ་ལྡན་པའི་མི་འགའ་ཤས་བཙན་གནོན་དེའི་འོག་ནས་ཐར་བ་དེས་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་སྔར་མེད་ཀྱི་འཕོ་འགྱུར་ཐེབས་ནས་དེང་རབས་ཞེས་པའི་ལེའུ་གསར་པ་ཞིག་གི་དབུ་བརྙེས།

དེ་ཡང་དེ་ཙམ་དུ་ཚན་རིག་གི་ཕྱོགས་ལ་ Copernicus ཀེ་པེར་ནི་ཀེ་སི་དང་། Giordano Bruno རྦུ་རུ་ནོ། Galileo རྒེ་ལི་ལེ་ཨོ། Isaac Newton ཉུ་ཊན་སོགས་བྱུང་ཞིང་། སྐད་ཡིག་གི་ཆ་ནས་གནའ་བོའི་སྲོལ་རྒྱུན་གྱི་སྐད་ཡིག་ Latin ལེ་ཊིན་ཁོ་ནའི་ནང་དུ་རྩོམ་པའི་ཚབ་ལ་ཡུལ་མི་སོ་སོའི་དམངས་ཁྲོད་ཀྱི་སྐད་ཐོག་ཏུ་ཕུལ་དུ་བྱུང་བའི་སྙན་ངག་རྩོམ་པ་པོ་Shakespear ཤེཀ་སི་པིའ་དང་། Milton མིལ་ཊན་སོགས་བྱུང་ཞིང་། ཆབ་སྲིད་ཀྱི་ཐད་ལ་དེང་རབས་ཆབ་སྲིད་ཀྱི་བསྟན་བཅོས་ཐོག་མར་རྩོམ་པ་པོ་ Machiavalli མ་ཀིའེ་ཝེ་ལི་བྱུང་ཞིང་། མཚན་ཉིད་རིག་པའི་ཐོག་ལ་ Descartes ཌེ་ཀར་ཊི་དང་། Blaise Pascal པ་ས་ཀལ། Spinoza སི་པི་ནོ་ཛ་ལ་སོགས་པ་རྣམས་བྱུང་། དེ་དག་ལ་བརྟེན་ནས་མི་ཡི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་དང་མི་འདྲ་བའི་མདུན་བསྐྱོད་ཆེན་པོ་བྱུང་བ་ལས། འདིར་སྐབས་སུ་བབ་པ་མཚན་ཉིད་རིག་པ་དང་འབྲེལ་བ་ཁོ་ན་བཤད་པར་བྱ་ཞིང་། དེ་ཡང་དེང་རབས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་པོར་ངོས་འཛིན་པ་ཌེ་ཀར་ཊ་གི་སྐོར་ལ་ཅུང་ཟད་བཤད་པར་འདོད།

དེ་ཡང་མཚན་ཉིད་རིག་པའི་སློབ་དཔོན་ཆེན་པོ་Rene Descartes 勒内 笛卡尔 རེ་ནེ་་ཌེ་ཀར་ཊ་ནི་སྤྱི་ལོ་༡༥༩༦ ལོ་ལ་འཁྲུངས་ཤིང་། སྤྱི་ལོ་༡༦༥༠ ནང་དུ་སྐུ་གཤེགས་པས་ན་དུས་རབས་བཅུ་བདུན་པའི་མི་སྣར་ངོས་འཛིན་བྱེད་པ་རེད། ཁོང་གི་བཞུགས་གནས་གཙོ་བོ་Holland ཧོ་ལན་ཌི་ཡིན་ཀྱང་། འཁྲུངས་ཡུལ་France ཧྥ་རན་སི་ཡིན་པས་ཡོངས་གྲགས་སུ་ཁོང་ནི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་ཚན་རིག་པ་ཞིག་ལ་ངོས་འཛིན་སྲོལ་ཡོད། མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་ཁོང་གིས་ཆེས་གལ་གནད་ཆེ་བའི་ས་མིག་ཅིག་བཟུང་ཡོད་པ་ནི་མཁས་པ་མང་པོས་ཁོང་ནི་ནུབ་ཕྱོགས་ཀྱི་དེང་རབས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་པོར་ངོས་འཛིན་པ་དེ་རེད། ཁོང་དང་དེའི་སྔོན་དུ་བྱུང་བའི་མཁས་པ་འགའ་ཡི་བཞེད་པ་ལ་འདྲ་མཚུངས་ཡོད་ན་ཡང་། དེ་ནི་རང་བཞིན་གྱིས་འདྲ་མཚུངས་བྱུང་བ་ལས་ཁོང་གིས་ཆེད་དུ་དེ་དག་ལ་ཁུངས་བཅོལ་དང་དཔེ་བལྟས་གནང་ནས་བྱུང་བ་ཞིག་མ་ཡིན་པས། དུས་རབས་ཉི་ཤུ་པའི་མཚན་ཉིད་རིག་པ་བ་གྲགས་ཅན་ Betrand Russell ར་སེལ་གིས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པའི་ནང་དུ་གནའ་བོའི་རྒི་རི་སིའི་མཚན་ཉིད་རིག་པ་བ་Aristotle ཨ་རི་སི་ཊོ་ཏེལ་ནས་བཟུང་དུས་ཡུན་རིང་པོའི་བར་ཌེ་ཀར་ཊི་ལྟ་བུ་བྱུང་མ་མྱོང་ཞིང་། ཌེ་ཀར་ཊི་ལ་གསར་གཏོད་ཀྱི་བྲོ་བ་དང་རྣམ་པ་ཧ་ཅང་ཆེ་བ་དེ་ལྟ་བུ་ནི་རྒི་རི་སིའི་སློབ་དཔོན་ཆེན་པོ་Plato པི་ལེ་ཊོ་ནས་བཟུང་མཚན་ཉིད་རིག་པ་བ་སུའི་གསུང་དུ་ཡང་མཐོང་རྒྱུ་མེད་པ་ཞིག་རེད་ཅེས་གསུངས་ཡོད།

ད་དུང་ Russell ར་སེལ་གིས་གསུངས་ན་མཚན་ཉིད་རིག་པ་བ་ཕལ་མོ་ཆེ་དགེ་རྒན་ཡིན་པ་ལ། ཌེ་ཀར་ཊི་ནི་གསར་རྙེད་པ་དང་། འཚོལ་ཞིབ་པ་ཞིག་ཡིན་པར་གསུངས་ཤིང་། ཌེ་ཀར་ཊི་གིས་མཛད་པའི་གསུང་རྩོམ་རྣམས་ཀྱང་སློབ་མ་ཚོའི་ཆེད་དུ་བྲིས་པ་མ་ཡིན་པར་རྣམ་དཔྱོད་དང་ལྡན་པ་རྣམས་ལ་དམིགས་ཏེ་བྲིས་པའི་རྣམ་པ་ཡོད་པར་གསུངས། རྩོམ་གྱི་འགྲོས་ཀྱང་ཧ་ཅང་ལེགས་པས་ར་སེལ་གིས་དེང་རབས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་པོ་ལ་ཕུལ་བྱུང་གི་རྩོམ་འགྲོས་དེ་ལྟར་ཡོད་པ་ནི་དེང་རབས་མཚན་ཉིད་རིག་པའི་བསོད་ནམས་ཤིག་ཏུ་འཁུམས་ཤེས་གསུངས་མྱོང་ཡོད། རྩོམ་འགྲོས་དེས་ཕྱིས་ཀྱི་བར་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་མང་པོར་དངོས་ཤུགས་ཅི་རིགས་པ་ནས་ཤུགས་རྐྱེན་ཐེབས་ཡོད་ཅིང་། ད་དུང་མང་པོ་ཞིག་གིས་ནི་ཁོང་གི་ཁྱད་ཆོས་གཙང་མ་རྒྱུན་འཛིན་གནང་ཡོད།

ཌེ་ཀར་ཊི་གི་ཡབ་ནི་ས་ཞིང་སོགས་ཡོད་པའི་ཕྱུག་པོ་འབྲིང་ཙམ་ཞིག་ཡིན་པ་ལ། ཡབ་གྲོངས་པའི་རྗེས་སུ་ཌེ་ཀར་ཊི་གིས་ས་ཞིང་སོགས་ཀྱི་རྒྱུ་ནོར་རྣམས་བཙོང་ནས་དེའི་རིན་འབབ་སྟབས་གཅིག་ཏུ་མ་བླངས་པར་ལོ་ཕོག་གི་ཚུལ་དུ་བླངས། ཆུང་དུས་ཌེ་ཀར་ཊི་གིས་ཨང་རྩིས་དང་། ཚན་རིག ཁྲིམས་སོགས་སྦྱངས་ན་ཡང་ཕྱིས་སུ་ཌེ་ཀར་ཊ་རང་ཉིད་ཀྱིས་གསུངས་པ། “ཡི་གེའི་སློབ་སྦྱོང་ནི་ཁོ་བོས་ཡོངས་སུ་སྤངས། ཡོན་ཏན་ནི་རང་ཉིད་དང་ཡང་ན་འཛམ་གླིང་གི་དཔེ་དེབ་རླབས་ཆེན་རྣམས་ལས་གཞན་གང་ནས་ཀྱང་མི་འཚོལ་བའི་ཐག་བཅད།” ཅེས་གསུངས་ནས་ཁོང་གིས་སློབ་གྲྭ་ཁག་གི་སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་ལ་སྐྱོན་བརྗོད་ཆེན་པོ་གནང་ན་ཡང་། དེས་ཁོང་ལ་ཕན་ངེས་ཅན་ཞིག་ཐོགས་ཡོད་པ་ནི་བཤད་མ་དགོས་པ་ལྟར་ཁོང་རང་ཉིད་ཀྱིས་ཀྱང་ཁས་ལེན་གནང་ཡོད།

གཞན་ཡང་ཁོང་གིས་གསུང་རྩོམ་དུ། “གཞོན་དུས་ཀྱི་དུས་ཚོད་ལྷག་མ་ཡོངས་རྫོགས་ཁྲིམས་ཁང་དུ་འགྲོ་བ་དང་དམག་མིར་ཐུག་པ། གཤིས་སྤྱོད་དང་གནས་བབ་མི་འདྲ་བའི་མི་རྣམས་དང་འདྲེས་པ། ཉམས་མྱོང་སྣ་ཚོགས་བསྡུ་བ། བསྐོས་ཐང་གིས་བྱུང་བའི་གནས་སྟངས་རྣམས་སུ་རང་ཉིད་ཀྱིས་རང་ཉིད་ལ་ཉམས་ཚོད་ལེན་པ། གཞན་ཡང་དུས་རྟག་ཏུ་ཕན་ཐོགས་ངེས་ཅན་རེ་ཐོབ་པའི་རེ་བས་རང་ཉིད་ལ་གང་བྱུང་བ་ཐམས་ཅད་ལ་རྟག་ཏུ་བསམ་གཞིག་བྱས་སོ།” ཞེས་གསུངས་པ་འདིས་ཁོང་གི་རང་གཤིས་དང་། ཁོང་གིས་མི་ཚེ་ལ་བཟུང་བའི་ལྟ་སྟངས། དེ་དག་ནས་ཁོང་གིས་དགེ་ཕན་ཅི་ལྟར་བླངས་པའི་ཚུལ་ཚིག་ཉུང་ལ་དོན་གསལ་བས་བསྟན་གནང་ཡོད།

གྲོགས་པོ་མང་པོ་ཞིག་གིས་རྟག་ཏུ་ཁོང་ལ་ཐུག་འཕྲད་དང་ལབ་གླེང་སྣ་ཚོགས་པས་བར་ཆད་གཏོང་གི་ཡོད་པ་དེས་ཁོང་གིས་དེ་དག་ལས་གཡོལ་ཐབས་སུ་ཧོལ་ལན་ཌི་གི་དམག་ལ་ཞུགས་པ་ལ། སྐབས་དེར་ཧོལ་ལན་ཌི་ནི་ཞི་བདེ་ཆེ་བའི་ཡུལ་གྲུ་ཞིག་ཡིན་པ་དེས་ཌེ་ཀར་ཊི་དམག་མི་ཡིན་ཀྱང་དུས་ཚོད་ཧྲིལ་པོ་རང་མོས་བཞིན་བེད་སྤྱོད་པའི་གོ་སྐབས་ཐོབ་སྟེ་ཁོང་གིས་ལོ་གཉིས་ཧྲིལ་པོར་གནས་ལུགས་ཀྱི་དོན་ལ་བསམ་གཞིག་དང་སྒོམ་གནང་ནས་བཞུགས། འོན་ཀྱང་དེ་རྗེས་ཡུ་རོབ་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་ལོ་ངོ་སུམ་ཅུའི་དམག་འཁྲུག་ཅེས་པ་དེ་བྱུང་སྐབས་ཁོང་ཡང་ Bavaria རྦེ་ཝེ་རི་ཡ་ཞེས་པ་དེང་སང་Germany རྗེར་མི་ནིའི་ལྷོ་ཕྱོགས་སུ་ཡོད་པའི་མངའ་སྡེ་དེའི་དམག་ལ་ཞུགས་དགོས་བྱུང་། ས་ཆ་དེར་བཞུགས་སྐབས་གྲང་ངར་ཤིན་ཏུ་ཆེ་བས་ཁོང་གིས་ཞོགས་པ་སྔ་མོ་ནས་མེ་ཐབ་ལྟ་བུ་ཞིག་གི་ནང་དུ་ཞུགས་ཏེ་ཉིན་གང་པོར་སྒོམ་ལ་བཞུགས་པས་ན། ཁོང་གིས་དཔེ་དེབ་གྲགས་ཅན་ <<Discourse de la Methode ཐབས་ལམ་གླེང་བ།>>ཞེས་པའི་ནང་དུ་གསུངས་པའི་རྟོགས་པ་མང་པོ་ཞིག་ས་ཆ་དེ་རུ་བརྙེས་པར་གྲགས།

ཕྱིས་སུ་ཁོང་རང་ཉིད་ཀྱི་འཁྲུངས་ཡུལ་ཧྥ་རན་སི་ལ་ཡུད་ཙམ་ཕེབས་ནས་སླར་ཡང་ཧོལ་ལན་ཌི་ལ་ཕྱིར་ཕེབས་ནས་བཞུགས་པ་ལ། མཁས་པ་རྣམས་ཀྱིས་དེའི་རྒྱུ་རྐྱེན་སྐབས་དེར་ཁོང་ལ་དེང་རབས་ཀྱི་ཚན་རིག་དང་མཐུན་ཀྱང་ཡེ་ཤུའི་ཆོས་གཞུང་དང་མི་མཐུན་པའི་དགོངས་པ་མི་ཉུང་བ་ཞིག་འཁྲུངས་པ་དེས་གོང་དུ་བཤད་པའི་དེབ་དེ་ཡང་རེ་ཞིག་པར་སྐྲུན་གནང་མ་ཕོད་པ་སོགས་ཀྱིས་ཡེ་ཤུའི་ཆོས་ལུགས་དང་སྲིད་གཞུང་གི་ཉེན་ཁ་ལས་གཡོལ་ཐབས་སུ་ཁོང་ཉིད་རང་དབང་ལྡན་པའི་ཧོལ་ལན་ཌི་ལུང་པར་ཕྱིར་ལོག་ཕེབས་པ་ཞིག་ཏུ་ཚོད་དཔག་བྱེད་སྲོལ་ཡོད། དེ་བཞིན་མཁས་པ་འགའ་ཤས་ཀྱིས་ཁོང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་གྲུབ་མཐའ་ Catholic ཀེ་ཐོ་ལིཀ་ཅེས་པ་དེར་ཐུགས་གཏིང་ནས་དད་པ་དང་དམ་ཚིག་གཙང་མ་ཡོད་པ་ཞིག་ལ་ངོས་འཛིན་ཅིང་། གཞན་དག་འགའ་ཤས་ཀྱིས་དེ་ནི་ཁོང་གི་ཕྱི་ཚུལ་ཙམ་ཡིན་པར་ངོས་འཛིན་བྱེད། གང་ལྟར་ཆུང་དུས་ཀྱི་བག་ཆགས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནི་ཧ་ཅང་སྤོང་དཀའ་བ་ཞིག་རེད་སྙམ།

སྐབས་དེར་ཡུ་རོབ་ལུང་པར་མཚོན་ན་ཧོ་ལན་ཌི་ནི་ལྟ་བ་གུ་ཡངས་ཤོས་ཀྱི་ལུང་པ་ཞིག་ཡིན་ན་ཡང་ཌེ་ཀར་ཊི་གི་དགོངས་པ་རྣམས་ཆོས་ལུགས་དང་དེ་ཙམ་མི་མཐུན་པས་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ཁོང་གི་ལྟ་བ་ལ་བརྟེན་ནས་ལྷ་མེད་རིང་ལུགས་དར་བའི་ཉེན་ཁ་ཡོད་པར་བཤད་ནས་མཐོ་སློབ་འགའ་ཤས་ལ་ཁོང་གི་མཚན་ཙམ་ཡང་སྨོས་མི་ཆོག་པ་བཟོས་པ་སོགས་ཀྱིས་ཁོང་ལ་དཀའ་ངལ་གང་འཚམས་འཕྲད་ཡོད། ཌེ་ཀར་ཊི་ནི་ཞོགས་པ་གཟིམ་རྒྱུར་གོམས་འདྲིས་ཆེ་བས་མ་མཐར་ཡང་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་མ་ཟིན་གྱི་བར་དུ་ཁོང་མར་སར་གཟིམས་ནས་ཡོད་པའམ། ཡང་ན་ཁོང་ཉལ་ཁྲིའི་ཐོག་ཏུ་གཅིག་པུར་བཞུགས་ནས་སྒོམ་རྒྱག་གནང་གི་ཡོད་པ་རེད། མཚམས་རེ་ཁོང་གི་གྲོགས་པོ་འགའ་ཤས་ཁོང་ཐུག་འཕྲད་ལ་ཡོང་སྐབས་གྲོགས་པོ་རྣམས་ཀྱིས་མི་ལེ་ལོ་ཚ་པོ་འདི་འདྲ་བསམས་ནས་ཧང་སང་བ་དང་། ཌེ་ཀར་ཊི་གིས་ཀྱང་སེམས་ཞི་བར་གནས་ཤིང་སྒོམ་བྱེད་པ་འདི་ལས་སྐྱིད་པ་གང་དགོས་ཀྱང་མི་འདི་ཚོས་གནས་ལུགས་འདི་རྩ་བ་ནས་མི་ཤེས་དྲན་ནས་གྲོགས་པོ་ཚོར་ཧང་སང་གི་ཡོད་པར་གྲགས།

དེ་ཙམ་དུ་ Sweden སི་ཝེ་ཌེན་ལུང་པའི་རྒྱལ་མོ་Christina ཀི་རི་སི་ཊི་ན་ཟེར་བས་ཁོང་གི་མཚན་སྙན་ཐོས་པས་ཐོག་མར་ཁོང་དང་ཡིག་འབྲེལ་གནང་ཞིང་དེ་ནས་ཡོངས་འཛིན་དུ་གདན་དྲངས། ཀྲཱི་སི་ཊི་ན་ནི་བུད་མེད་ཡིན་ཀྱང་བུའི་ཆས་གོས་གྱོན་ཅིང་། བུའི་སྤྱོད་པ་སྟོན་མཁན་ཞིག་ཡིན་པའི་གྲགས་པ་ཡོད། ཀི་རི་སི་ཊི་ན་གིས་ཌེ་ཀར་ཊི་ཡོངས་འཛིན་དུ་གདན་དྲངས་པ་ལ། མཚན་ཉིད་རིག་པ་བ་Russell ར་སེལ་གིས་མོས་རང་ཉིད་དབང་ཆ་ཅན་ཡིན་པ་དེས་ཕུལ་བྱུང་མི་སྣའི་དུས་ཚོད་འཕྲོ་བརླགས་གཏོང་བའི་ཐོབ་ཐང་ཡོད་པར་རློམས་ཀྱི་ཡོད་ཅེས་གསུངས་ནས་སྐྱོན་བརྗོད་གནང་ཡོད། ཕྱིས་སུ་ཌེ་ཀར་ཊི་གྲོངས་པ་ཡང་རྒྱལ་མོ་དེའི་རྐྱེན་གྱིས་གྲོངས་པ་སྟེ། ཁོང་ཉིད་རྒྱལ་མོ་དེའི་ཡོངས་འཛིན་དུ་གྱུར་རྗེས་གྲང་ངར་ཆེ་བའི་ས་ཆ་དེར་ཞོགས་པ་ཆུ་ཚོད་ལྔ་པ་ལ་བཞེངས་ནས་རྒྱལ་མོ་ལ་འཛིན་གྲྭ་འཚོག་དགོས་ཡོད་པ་དེའི་རྐྱེན་པས་ཁོང་གི་ལུས་ཁམས་འཁྲུགས་ནས་མཐར་སྤྱི་ལོ་༡༦༥༠ ལོར་སྐུ་གཤེགས་པར་གྱུར།

ཌེ་ཀར་ཊི་གིས་སྐུ་ཚེ་གང་པོར་ཆང་ས་བརྒྱབ་མྱོང་མེད་ཀྱང་། ཁོང་ལ་སྲས་མོ་ཞིག་ཡོད་པ་དེ་ཉིད་སྐྱེས་ནས་ལོ་ལྔ་ཡི་རྗེས་སུ་གྲོངས་པར་ཁོང་གིས་མི་ཚེ་ཧྲིལ་པོའི་ནང་དུ་དེ་ལས་སེམས་སྡུག་པ་ཞིག་བྱུང་མྱོང་མེད་ཅེས་གསུངས་མྱོང་ཡོད། སྤྱིར་ཁོང་གི་གནང་སྟངས་ནི་རྣལ་འབྱོར་པ་ལྟ་བུ་སུ་དང་ཡང་མི་འདྲ་བ་ཞིག་ཡིན་ན་ཡང་། དུས་རྒྱུན་ན་བཟའ་གཙང་མ་དང་སྤུས་ལེགས་བཞེས་པར་མཉེས་ཤིང་། ད་དུང་ཁོང་གིས་སྐེད་པ་ལ་གྲི་ཞིག་ཀྱང་འདོགས་གནང་སྲོལ་ཡོད། Russell ར་སེལ་གིས་གསུངས་ན་ཌེ་ཀར་ཊི་ཁོང་ལས་ཀ་ལ་ཧུར་བརྩོན་གནང་མཁན་ཞིག་མ་ཡིན་ཅིང་། དཔེ་དེབ་ཀྱང་མང་པོ་ཀློག་མཁན་ཞིག་མིན་པ་རེད། ཌེ་ཀར་ཊི་ཧོ་ལན་ཌི་ལ་ཕེབས་སྐབས་དཔེ་དེབ་ཉུང་ཤས་ཤིག་བསྣམས་པའི་ནང་དུ་གཅིག་ནི་ Bible རྦའི་རྦེལ་ཞེས་པ་ཡེ་ཤུའི་སྟོན་པའི་གསུང་དེ་ཡིན་པ་དང་། གཅིག་ནི་ Aquinas ཨ་ཁེ་ན་སི་ཞེས་པ་དུས་རབས་བཅུ་གསུམ་པར་བྱོན་ཅིང་། ཡེ་ཤུ་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་གི་གྲགས་ཆེ་ཤོས་གཉིས་ཡོད་པའི་ནང་གི་གཅིག་ཡིན་པ་དེའི་གསུང་རྩོམ་ཞིག་རེད།

ཡོངས་གྲགས་སུ་ཌེ་ཀར་ཊི་ཁོང་མཚན་ཉིད་རིག་པ་བ་དང་། ཚན་རིག་པ། ཨང་རྩིས་རིག་པ་བ་བཅས་ཡིན་པར་ངོས་འཛིན་སྲོལ་ཡོད་ཀྱང་། ཁོང་གི་མཛད་རྗེས་གཙོ་བོ་ནི་ཁོང་གིས་མཚན་ཉིད་རིག་པ་ལ་བཞག་གནང་བའི་ཕུལ་བྱུང་གི་ལེགས་སྐྱེས་ཉིད་ཡིན་པར་ངོས་འཛིན་སྲོལ་ཡོད། དེར་བརྟེན་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་Russell ར་སེལ་གིས་ཌེ་ཀར་ཊི་ནི་མཚན་ཉིད་རིག་པ་དང་ཨང་རྩིས་གཉིས་ལ་གལ་གནད་ཆེ་བ་དང་། ཚན་རིག་གི་ཐོག་ལ་ཡང་ཁོང་གིས་བྱས་རྗེས་བཞག་གནང་ཡོད་མོད། འོན་ཀྱང་སྐབས་དེའི་ཚན་རིག་པ་གཞན་དག་དང་བསྡུར་ན་དེ་ཙམ་གལ་གནད་མི་ཆེ་བ་དང་། ཁོང་གིས་གསོ་བ་རིག་པའི་ཐོག་ལ་ལེགས་སྐྱེས་འབུལ་བའི་རེ་བ་གནང་ཡང་དོན་དང་ལྡན་པ་ཞིག་བྱུང་མེད་ཅེས་གསུངས།

ཌེ་ཀར་ཊི་གིས་མཚན་ཉིད་རིག་པ་དང་འབྲེལ་བའི་དེབ་གཉིས་མཛད་པ་ལ་གཅིག་གི་མིང་དུ་ Discourse on Method ཐབས་ལམ་གླེང་བ་ཞེས་པ་དང་། གཅིག་གི་མིང་དུ་Meditation སྒོམ་ཞེས་བརྗོད། དེ་གཉིས་པོ་བརྗོད་བྱའི་ཆ་ནས་འབྲེལ་མེད་ཐ་དད་མ་ཡིན་པར་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་ Russell གིས་ History of Western Philosophy ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པའི་ནང་དུ་ཌེ་ཀར་ཊི་གི་དགོངས་པ་ལེན་པར་གཞུང་གཉིས་ཀ་བསྡུར་ནས་ལྟ་དགོས་ཞེས་གསུངས་ཡོད། དེ་ཡང་ཌེ་ཀར་ཊི་གི་མཚན་ཉིད་རིག་པ་ལ་ཁྱད་ཆོས་དམིགས་བསལ་བ་དང་ཡོངས་སུ་གྲགས་པ་འགའ་ཤས་ཡོད་ཀྱང་། འདིར་ནི་ཁོང་གིས་ཅི་ལྟར་བྱས་ནས་རྣམ་ཤེས་ཟེར་བའམ་ཡང་ན་བདག་ཟེར་བ་དེ་ཡོད་པར་གཏན་ལ་ཕབ་པ་ཡིན། དེ་ཙམ་བཤད་པར་འདོད།

དེ་ཡང་ཌེ་ཀར་ཊི་གིས་རང་ལུགས་ཀྱི་མཚན་ཉིད་རིག་པའི་རྨང་གཞི་བརྟན་པོར་འཛུགས་པ་ལ་ཐོག་མར་ད་ལྟའི་བར་དུ་གང་ཐོས་པ་དང་། གང་ཤེས་པ། གང་མྱོང་བ་ཐམས་ཅད་དྭོགས་པའི་གནས་སུ་བཀོད་གནང་ཡོད་པས་ཡོངས་གྲགས་སུ་ཁོང་ནི་ཐེ་ཚོམ་གྱི་སློབ་དཔོན་དུ་ངོས་འཛིན་སྲོལ་ཡོད། དེ་ཡང་སྒོམ་ལ་བཞུགས་བཞིན་དུ་ཁོང་གིས་རང་ཉིད་ཀྱིས་རང་ཉིད་ལ་ཐ་ན་རང་ཉིད་ཀྱིས་ད་ལྟ་མེ་བསྲོས་ནས་བསྡད་པ་འདི་ཡང་འཁྲུལ་སྣང་ཙམ་ཡིན་མིན་ཅི་ཤེས། གལ་ཏེ་རང་ཉིད་འཁྲུལ་པ་ཡིན་ན་ཅི་ལྟར་བྱས་ནས་འཁྲུལ་པ་ཡིན་ནམ། ལྷ་ཆེན་པོ་ལྟ་བུས་རང་ཉིད་འཁྲུལ་དུ་མ་བཅུག་ན་ཡང་འདྲེ་དང་གདོན་ལྟ་བུ་ཞིག་གིས་འཁྲུལ་དུ་བཅུག་ཡོད་སྲིད་པས་སྣང་བ་འདི་དག་ལ་ཡང་ཡིད་ཆེས་འོས་པ་ཞིག་གང་ཡོད། འོན་ཀྱང་འདྲེ་དང་གདོན་ལྟ་བུ་ཞིག་གིས་ཅི་ཙམ་འཁྲུལ་དུ་བཅུག་ཀྱང་། གལ་སྲིད་རང་ཉིད་རྩ་བ་ནས་མེད་ན་འཁྲུལ་དུ་བཅུག་ཐབས་ཡོད་དམ་ཞེས་སོགས་དགོངས་ནས་ཐུགས་བསམ་བཞེས།

གཞན་ཡང་ཁོང་གིས་ང་ལ་ལུས་མེད་སྲིད་ཅིང་། ང་ལ་ལུས་ཡོད་པ་ལྟར་སྣང་བ་ནི་འཁྲུལ་པ་ཙམ་ཡིན་ལས་ཆེ་ཡང་། སེམས་ཟེར་བ་ནི་སྐད་ཆ་ཐ་དད་རེད། ངས་འདི་དག་ཐམས་ཅད་ནི་འཁྲུལ་སྣང་ཙམ་ཡིན་སྲིད་དྲན་པའི་སྐབས་དེར་ང་ལ་སེམས་ཟེར་བ་ཞིག་རྩ་བ་ནས་མེད་ན་ངས་འདི་དག་ཐམས་ཅད་འཁྲུལ་སྣང་ཙམ་ཡིན་བསམ་པ་འདི་ཙམ་ཡང་ངའི་སེམས་ལ་ག་ལ་འཁོར་ཐུབ། རྒྱུ་མཚན་དེས་ཕྱི་རོལ་གྱི་སྣང་བ་ཅི་ཙམ་འཁྲུལ་པ་ཡིན་ཀྱང་། ང་ལ་ནང་གི་སེམས་མེད་ན་འཁྲུལ་མི་སྲིད་ཅིང་། ཐ་ན་དེ་དག་འཁྲུལ་པ་ཡིན་མིན་གྱི་དྭོགས་པ་ཙམ་ཡང་སྐྱེ་མི་སྲིད་པས་ང་ནི་ཡོད་པ་དང་། དེ་ཡང་སེམས་སམ་རྣམ་ཤེས་ཡིན་པ་གསལ་པོར་ཁོང་གིས་དགོངས་ནས། ཁོང་གིས་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་ཧ་ཅང་གྲགས་ཆེ་བའི་སྡོམ་ཚིག་སྟེ། བདག་གིས་སེམས་ཤིང་། དེའི་ཕྱིར་ན། བདག་གོ་ཞེས་པ་དེ་གསུངས།

ཚིག་འདི་ཉིད་ནུབ་ཕྱོགས་མཚན་ཉིད་རིག་པའི་ཚིག་གྲགས་ཆེ་ཤོས་ཤིག་ཡིན་པ་དང་། ཌེ་ཀར་ཊི་གིས་དཔེ་དེབ་རྣམས་ནི་སྐབས་དེར་ཡུ་རོབ་ལུང་པར་དར་ཁྱབ་ཆེ་བའི་ཧྥ་རན་སིའི་སྐད་ཀྱི་ནང་དུ་བརྩམས་གནང་བ་ལ། གོང་གི་སྡོམ་ཚིག་འདི་ཉིད་ཧྥ་རན་སིའི་སྐད་ཀྱི་ནང་དུ། je pense, donc je suis ཞེས་འབྱུང་ན་ཡང་། གནའ་བོའི་ལེ་ཊིན་གྱི་སྐད་ཀྱི་ནང་དུ་ cogito, ergo sum ཞེས་ཟེར་བ་འདི་ཉིད་ཡོངས་གྲགས་སུ་དར་ཁྱབ་ཆེ། འོན་ཀྱང་ད་ལྟའི་ཆར་དབྱིན་སྐད་ཀྱི་ནང་དུ། I think, therefore, I am. ཞེས་བརྗོད་པ་འདི་ནི་ནུབ་ཕྱོགས་མཚན་ཉིད་རིག་པ་ལ་རྒྱུས་ཅུང་ཟད་ཡོད་པ་ཚང་མས་ཤེས་པའི་རྒྱུན་ཤེས་ཤིག་ཏུ་གྱུར་ཡོད་ཅིང་། དེ་བཞིན་ད་ལྟ་རྒྱ་ནག་གི་སྐད་དུ་ 我思故我在 ཞེས་པར་བསྒྱུར་སྲོལ་ཡོད་པ་ཡང་དར་ཁྱབ་ཆེ།

ཡུ་རོབ་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་ Europe ཡུ་རོབ་ཅེས་པའི་ནང་དུ་Norman Davies ཌེ་ཝི་སི་གིས་གོང་གི་སྡོམ་ཚིག་དེ་ནི་དེང་རབས་ཚད་མ་རིག་པའི་འཕུར་སྟེགས་ལྟ་བུ་ཡིན་པར་གསུངས་པ་ལྟར། ཌེ་ཀར་ཊི་གི་གསུང་དེ་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་ལྟ་བ་ཡོད་པ་རྣམས་ཀྱི་ཁྲོད་དུ་ཕྱི་རོལ་གྱི་དངོས་པོ་རྣམས་འཁྲུལ་སྣང་ཡིན་སྲིད་ཀྱང་། རང་ཉིད་རྩ་བ་ནས་མེད་ན་འཁྲུལ་ཡང་ཡོང་མི་སྲིད་པས་མ་མཐར་ཡང་རང་ཉིད་ངེས་པར་དུ་ཡོད་སྙམ་པའི་ལྟ་བ་དང་བག་ཆགས་ཧ་ཅང་གཏིང་ཟབ་མོ་ཚུགས་ཡོད། ངོས་ནས་ཀྱང་ཌེ་ཀར་ཊི་གིས་མཛད་པའི་གསུང་རྩོམ་དེ་དག་ལས་ལེ་ཚན་གལ་ཆེ་བ་རེ་ཟུང་ཀློག་མྱོང་བའི་སྐབས། སློབ་དཔོན་ཁོང་གིས་དུས་ཡུན་རིང་པོར་སྒོམ་ལ་བཞུགས་ནས་བསམ་ཡུལ་ལས་འདས་པའི་དཔྱད་པ་མང་པོ་ཞིག་གནང་ཚུལ་མཇལ་བ་ན་སྐྱེ་བོ་ཕལ་པའི་སེམས་ཀྱིས་དཔྱད་པ་དེ་ཙམ་བྱེད་པར་ནུས་པས་ག་ལ་འདང་སྙམ་ནས་ཁོང་གི་ལྟ་གྲུབ་དང་ཁོང་གི་མཛད་པ་གཉིས་ཀར་བཅོས་མིན་གྱི་དགའ་གུས་ཤོར་ནས་རྩོམ་ཡིག་འདི་ཉིད་འབྲི་བའི་འདུན་པ་སྐྱེས།

མདོར་ན་སློབ་དཔོན་ཌེ་ཀཱཊ་གིས་ལྷ་དང་བླ་མའི་ཆོས་གཞུང་དང་། སྔོན་གྱི་མཁས་པའི་གསུང་རབ་ཙམ་ལ་ཁུངས་མ་བཅོལ་བར་རང་ཉིད་ཀྱི་ཉམས་མྱོང་དང་། བསམ་གཞིག། སྒོམ་བཅས་ལ་གཞི་བཞག་ནས་ལྟ་གྲུབ་ཀྱི་རིམ་པ་རྣམས་ཐོག་མར་རྩད་འཚོལ་དང་། བར་དུ་གཏན་འབེབས། ཐ་མར་དར་སྤེལ་གནང་བ་ཞིག་ཡིན་པས་དེའི་ཤུགས་རྐྱེན་གྱིས་དེ་རྗེས་བྱུང་བའི་མཚན་ཉིད་རིག་པ་བ་གཞན་རྣམས་ལ་ཡང་གདེངས་ཚོད་ཚད་མཐོན་པོ་སྐྱེས་པར་གྲགས་ཤིང་། ཕྱིས་བྱོན་མཚན་ཉིད་རིག་པ་བ་རྣམས་ཀྱི་ཁྲོད་དུ་ཌེ་ཀར་ཊི་གི་ལྟ་གྲུབ་ཧྲིལ་པོ་ཁས་ལེན་བྱེད་མཁན་དང་མི་བྱེད་མཁན་ཅི་རིགས་པ་ཡོད་པ་བཤད་མ་དགོས་ཀྱང་། མཚན་ཉིད་རིག་པ་བ་མང་པོ་ཞིག་གིས་ཁོང་གི་ཐབས་ལམ་དེ་ཉིད་བེད་སྤྱད་པ་ལ་བརྟེན་ནས་དེང་རབས་མཚན་ཉིད་རིག་པ་ལ་སྔར་མེད་ཀྱི་ཡར་རྒྱས་མང་པོ་བྱུང་། ལྷག་པར་ཁོང་གིས་འཇིག་རྟེན་གྱི་རང་བཞིན་ནི་ང་ཚོས་རྟོགས་ཐུབ་པ་ཞིག་ཡིན་པར་གསུངས་པ་དེས་དེང་རབས་ཀྱི་ཚན་རིག་གོང་འཕེལ་འགྲོ་བར་ཡང་གདེངས་ཚོད་དང་ཡིད་ཆེས་སྤར་བའི་སྒོ་ནས་ཕན་ནུས་ཆེན་པོ་བྱུང་ཡོད་པར་བཤད།

གསལ་བཤད། རྩོམ་ཡིག་འདི་ཉིད་ཁོ་བོས་༢༠༡༨ ལོ་ལ་བྲིས་པ་ཞིག་ཡིན་ཀྱང་། ཉེ་ཆར་ཁོ་བོས་སློབ་དཔོན་ཟླ་བ་གྲགས་པའི་གྲུབ་མཐའ་ཞེས་པའི་རྩོམ་ཡིག་དེ་ཉིད་བྲིས་པའི་ནང་དུ་བདག་གི་སྐོར་ལ་མི་ཉུང་བ་ཞིག་གླེང་བ་ལ། ཌེ་ཀར་ཊི་གི་ལྟ་གྲུབ་གླེང་བའི་རྩོམ་འདི་ཉིད་ཀྱང་བདག་དང་འབྲེལ་བའི་ལྟ་གྲུབ་སྐོར་ལ་ཤེས་འདོད་པ་རྣམས་ལ་དགོས་མཁོ་ཡོད་སྲིད་སྙམ་ཞིང་། ལྷག་པར་བདག་མེད་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། ནང་ཆོས་ལུགས་ཀྱི་འཁོར་འདས་ཀྱི་རྣམ་གཞག་བྱེད་པའི་རྨང་གཞི་ལྟ་བུ་ཡིན་པས་ན་དེང་སང་གི་དུས་སུ་ནང་པའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་ཀྱང་དེང་རབས་མཚན་ཉིད་རིག་པའི་སློབ་དཔོན་ཌེ་ཀར་ཊི་གི་འདོད་པ་འདི་ནི་མི་ཤེས་སུ་མི་རུང་བ་ལྟ་བུར་མཐོང་ནས་དེ་རིང་སླར་ཡང་རྩོམ་ཡིག་འདི་ལ་ཞུ་དག་ཕྲན་བུ་བྱས་ནས་སྤེལ་བ་ཡིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།