དངུལ་གྱི་ལམ་ལུགས་ངོ་སྤྲོད།(ལྔ་པ།)

8233


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

   དངུལ་གྱི་ལམ་ལུགས་ཤེས་པར་སྲིད་གཞུང་གི་གལ་གནད་ཤེས་པ་ནི་ཧ་ཅང་གལ་ཆེ། མི་ཕལ་མོ་ཆེས་སྲིད་གཞུང་གིས་དངུལ་བཟོ་ཡི་ཡོད་དྲན་ཅིང་། མི་འགའ་ཤས་ཀྱིས་དངུལ་ཁང་གིས་སྲིད་གཞུང་སྟངས་འཛིན་བྱེད་ཀྱི་ཡོད་པར་བཤད་པ་སོགས་ནི་དངོས་པོའི་གནས་ཚུལ་དང་མི་མཐུན། ལེ་ཚན་སྔ་མ་རྣམས་ཀྱི་ནང་དུ་བཤད་པ་ལྟར་ད་ལྟའི་ཆར་དངུལ་སྒོར་བཟོ་མཁན་ནི་དབུས་དངུལ་ཁང་ཡིན་པ་དང་། དེ་ལས་གཞན་པའི་དངུལ་བརྒྱ་ཆ་གོ་བརྒྱད་ཙམ་བཟོ་མཁན་ནི་ཚོང་ལས་དངུལ་ཁང་རྣམས་ཡིན་པ་རེད། སྤྱིར་བཏང་གི་འགྲོ་སྟངས་ལྟར་བྱས་ན་ཚོང་ལས་དངུལ་ཁང་རྣམས་ཀྱི་མགོ་ལ་དབུས་དངུལ་ཁང་གིས་ལྟ་རྟོག་བྱེད་ཅིང་། དབུས་དངུལ་ཁང་གི་མགོ་ལ་དབུས་སྲིད་གཞུང་གིས་ལྟ་རྟོག་བྱེད། རྒྱལ་ཁབ་ཁ་ཤས་ལ་དབུས་སྲིད་གཞུང་གིས་ཐད་ཀར་ཚོང་ལས་དངུལ་ཁང་ལ་སྟངས་འཛིན་བྱེད་སྲོལ་ཡོད། 

   གོང་དུ་དངུལ་ཁང་གི་ལོ་རྒྱུས་སྐབས་སུ་བཤད་པ་ལྟར་དབུས་དངུལ་ཁང་ནི་ཐོག་མར་སྒེར་པའི་དངུལ་ཁང་ཡིན་ན་ཡང་ཕྱིས་སུ་དབུས་སྲིད་གཞུང་གི་བྱེ་བྲག་ཏུ་བསྒྱུར་ཡོད། དཔེར་ན་དབྱིན་ལན་ཌི་གི་དབུས་དངུལ་ཁང་Bank of England སྤྱི་ལོ་༡༩༤༦ ལོར་དབུས་སྲིད་གཞུང་གི་དངུལ་ཁང་དུ་བསྒྱུར་བ་ལྟ་བུ་རེད། འོན་ཀྱང་སྲིད་གཞུང་གི་སྟངས་འཛིན་ཆེ་ན་སྲིད་གཞུང་གི་དཔོན་པོར་འོས་ཤོག་འཐོབ་དགོས་པ་སོགས་ཀྱི་ཆེད་དུ་དངུལ་བཟོ་སྐྲུན་བེད་སྤྱོད་ལོག་པ་གཏོང་སྲིད་པས་ན་སྲིད་གཞུང་མང་པོ་ཞིག་གིས་དབུས་དངུལ་ཁང་ལ་ཚད་ངེས་ཅན་གྱི་རང་དབང་སྤྲོད་མགོ་ཚུགས། དཔེར་ན་དབྱིན་ལན་ཌི་གི་དབུས་དངུལ་ཁང་ལ་སྤྱི་ལོ་༡༩༩༠ ལོར་རང་དབང་སྤྲད་པ་ལྟ་བུ་རེད། ད་ལྟའི་ཆར་སྲིད་གཞུང་གིས་ཐད་ཀར་དབང་བསྒྱུར་མིན་གྱི་དབུས་དངུལ་ཁང་ཅི་རིགས་པ་ཡོད་ན་ཡང་། ཕལ་མོ་ཆེར་མ་མཐར་ཡང་ལྟ་གྲུབ་ཀྱི་ཆ་ནས་རང་དབང་ཡོད། དེར་བརྟེན་མཁས་པ་འགའ་ཤས་ཀྱིས་སྲིད་གཞུང་གི་ཕྱི་རོལ་དུ་རང་དབང་ཡོད་པ་ཞིག་མིན་པར་སྲིད་གཞུང་གི་ནང་ཁུལ་དུ་རང་དབང་ཡོད་པ་ཞིག་ཡིན་པར་བཤད་སྲོལ་ཡོད། 

    དེའི་དཔེ་མཚོན་ཡག་ཤོས་ཤིག་ནི་United States of America ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་དབུས་དངུལ་ཁང་ Federal Reserve Bank ཡིན་པ་ལ་དེ་ལ་མགོ་ཁྲིད་དམ་གཞུང་འཛིན་གཙོ་བོ་བདུན་ཡོད་ཅིང་། དེ་དག་འདེམས་བསྐོ་བྱེད་མཁན་ཨ་སྲིའི་སྲིད་འཛིན་ཡིན་ན་ཡང་། སྲིད་འཛིན་གྱིས་འོས་མིར་ངོ་སྤྲོད་བྱས་རྗེས་དེ་ལ་ Senate གྲོས་ཚོགས་གོང་མའི་ངོས་ལེན་ཐོབ་དགོས། དེ་ནས་སྤྱིར་བཏང་བྱས་ན་དེ་དག་གི་དུས་ཡུན་ལོ་བཅུ་བཞི་ཡིན་པ་ལ། དེའི་རིང་ལ་དེ་དག་གིས་གཞི་རྩའི་ཆ་ནས་དངུལ་དང་འབྲེལ་བའི་སྲིད་ཇུས་རྣམས་སྲིད་འཛིན་གཙོ་བོར་བྱས་པའི་སྲིད་གཞུང་ལ་མ་བསྟུན་པར་རང་དབང་གིས་བྱ་ཆོག འོན་ཀྱང་ལོ་རེའི་བྱེད་སྒོ་རྣམས་གྲོས་ཚོགས་འོག་མ་ལ་སྙན་སེང་ཞུ་དགོས་པ་སོགས་ཀྱིས་གཞི་རྩའི་ཆ་ནས་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་གནས་ཡོད་པ་ནི་བཤད་མ་དགོས། ཨ་རི་ལ་མཚོན་ན་དངུལ་སྒོར་གསར་པ་པར་སྐྲུན་བྱེད་མཁན་ནི་མཛོད་གཉེར་ཡིན་པ་ལ་དབུས་དངུལ་ཁང་ནི་ཚོང་ལས་དངུལ་ཁང་རྣམས་ཀྱི་བརྒྱུད་ནས་དངུལ་དེ་དག་ཁྲོམ་རར་གཏོང་མཁན་ཙམ་རེད། དེ་ལས་ལྡོག་སྟེ་རྒྱ་གར་དུ་སྒོར་མོ་གཅིག་དང་ཊམ་ཀ་ལས་གཞན་ཕལ་མོ་ཆེ་པར་སྐྲུན་བྱེད་མཁན་དབུས་དངུལ་ཁང་ཡིན་པ་ལ། དབུས་དངུལ་ཁང་གིས་དངུལ་ལོ་གསར་པ་པར་སྐྲུན་མ་བྱས་གོང་དུ་སྲིད་གཞུང་ནས་ཆོག་མཆན་ཞུ་དགོས། ཨ་རི་ལ་ཌོ་ནལ་ཊམ་སྲིད་འཛིན་བྱེད་སྐབས་དང་། རྒྱ་གར་ལ་མོ་དྷི་སྲིད་འཛིན་བྱེད་སྐབས་ལུང་པ་གཉིས་པོའི་དབུས་དངུལ་ཁང་ལ་སྲིད་གཞུང་གིས་ཤུགས་རྐྱེན་ཆེན་པོ་བྱུང་བའི་བསམ་འཆར་འདོན་མཁན་ཀྱང་བྱུང་ཡོད། 

    ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་མཉམ་འབྲེལ་བྱས་ཏེ་ Euro ཡུ་རོ་ཟེར་བའི་གཅིག་གྱུར་གྱི་དངུལ་སྒོར་བཏོན་པ་ཡང་དགེ་མཚན་མང་པོ་ཞིག་ལ་དམིགས་ཏེ་བཟོས་པ་བཤད་མ་དགོས་ཀྱང་གཙོ་བོ་གཅིག་ནི་དངུལ་སྒོར་པར་སྐྲུན་གྱི་ལས་རིགས་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་འགྲོ་མི་དགོས་པའི་ཆེད་དུ་ཡིན་པ་རེད། གསར་དུ་བཙུགས་པའི་ཚོགས་པ་དེ་ལ་ European Union ཡུ་རོབ་ཀྱི་མཉམ་འབྲེལ་མཐུན་ཚོགས་ཞེས་ཟེར་ཞིང་། ཚོགས་པ་དེ་འདྲ་ཞིག་འཛུགས་པའི་འཆར་གཞི་ཐོག་མར་སྤྱི་ལོ་༡༩༩༡ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་ངོས་ལེན་བྱས་ཤིང་། ༡༩༩༢ ལོར་རྒྱལ་ཁབ་སོ་སོ་ནས་མིང་རྟགས་བཀོད། དེ་ནས་ཡུ་རོབ་ཀྱི་དབུས་དངུལ་ཁང་བཟོས་ཤིང་༢༠༠༢ ལོར་ཡུ་རོབ་རྒྱལ་ཁབ་རྣམས་ཀྱི་གཅིག་གྱུར་གྱི་དངུལ་སྒོར་ཡུ་རོ་ཞེས་པ་ཐོག་མར་བཏོན། དབྱིན་ལན་ཌི་ལྟ་བུ་ཚོགས་པ་དེའི་ནང་དུ་མེད་པ་དག་གིས་ཀྱང་ཚོགས་པ་དེའི་ནང་གི་སྲིད་ཇུས་མང་པོ་ཞིག་ངོས་ལེན་བྱ་དགོས་པའི་གྲོད་ཆོད་བྱུང་བ་ལས། གལ་ཆེ་ཤོས་ནི་ཚོགས་པ་དེས་དངུལ་དང་འབྲེལ་བའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པར་རྒྱལ་ཁབ་དང་སྲིད་གཞུང་བྱེ་བྲག་པ་གང་གི་ཡང་བཀའ་ལ་བརྩི་མི་དགོས་པ་དེ་རེད། 

   དེ་སྔོན་དབྱིན་ལན་ཌི་སོགས་ལ་སྲིད་གཞུང་གང་ཡང་རུང་བར་དངུལ་གྱི་མ་འདང་བའི་དཀའ་ངལ་ཡོད་ན་དབུས་དངུལ་ཁང་གིས་བུ་ལོན་གཡར་བ་སོགས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་བྱེད་པ་ལ་དབྱིན་སྐད་ཀྱི་ནང་དུ་ Ways and Means ཐབས་དང་ལམ་ཞེས་བརྗོད་སྲོལ་ཡོད། འོན་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་ཆིངས་ཡིག་དོན་ཚན་༡༢༣ པ་ལྟར་ན་དབུས་དངུལ་ཁང་གིས་དབུས་སྲིད་གཞུང་ལ་ཐད་ཀར་དངུལ་སྒོར་གཡར་བའམ་ཡིད་རྟོན་དངུལ་བུན་གཡར་བ་སོགས་བྱེད་མི་ཆོག་ཅིང་། ཐ་ན་སྲིད་གཞུང་གི་ Bond བུན་འཛིན་ཀྱང་དབུས་དངུལ་ཁང་གིས་ཐད་ཀར་ཉོ་མི་ཆོག་པའི་ཁྲིམས་བཅས། བུན་འཛིན་ཞེས་པ་ནི་ཚོགས་པ་ཁག་གིས་དངུལ་གཡར་ཐབས་ཤིག་སྟེ་གོ་བདེ་བོ་བྱས་ནས་བཤད་ན་དཔེར་ན་རྒྱལ་ཁབ་ཆུང་ཆུང་ཞིག་ལ་སྒོར་ཆིག་ཁྲི་དགོས་ན་རྒྱལ་ཁབ་དེའི་སྲིད་གཞུང་གིས་བུན་འཛིན་རེ་རེ་ལ་སྒོར་ཆིག་སྟོང་བྱས་པའི་བུན་འཛིན་བཅུ་བྱས་པ་དངུལ་ཁང་ལ་འཚོང་ཞིང་། དངུལ་ཁང་གིས་སྤྲོ་བ་ཡོད་པའི་མི་བཅུ་ལ་འཚོང་བར་བྱེད། མི་བཅུ་པོ་སོ་སོ་ནས་སྒོར་ཆིག་སྟོང་རེ་སྲིད་གཞུང་ལ་གཡར་བས་སྲིད་གཞུང་གིས་ལོ་ལྔ་ལྟ་བུ་ལོ་གང་འཚམས་ཤིག་གི་རྗེས་ལ་སྒོར་ཆིག་སྟོང་རེ་མི་བཅུ་པོ་དེར་ཕྱིར་སློག་བྱ་རྒྱུ་ཁས་ལེན་བྱེད་ཅིང་། དེའི་བར་དུ་སྲིད་གཞུང་གིས་ལོ་རེ་རེ་ལ་ཁེ་སྐྱེད་སྒོར་ལྔ་བཅུ་རེ་སྤྲོད་པ་ལྟ་བུ་རེད། 

    མདོར་ན་བུན་འཛིན་ནི་སྲིད་གཞུང་ཙམ་མིན་པར་ཚོགས་པ་ཕལ་མོ་ཆེས་བེད་སྤྱོད་པའི་དངུལ་གཡར་ཐབས་ཤིག་ཡིན་ཅིང་། བུན་འཛིན་གྱི་ཁེ་སྐྱེད་ཀྱང་ཡར་འཕར་མར་ཟག་ཡོད་པས་བུན་འཛིན་ནི་ཉོ་ཚོང་ཡང་བྱ་ཆོག་པ་ཞིག་རེད། འོན་ཀྱང་སྲིད་གཞུང་ཞིག་གིས་བུ་ལོན་འཇལ་མི་ཐུབ་པ་དཀའ་བས་ན་སྲིད་གཞུང་གིས་སྤེལ་བའི་བུན་འཛིན་ནི་ཉེན་ཁ་ཆུང་ཤོས་དེ་ཡིན་པར་གྲགས་པ་དེས་བུན་འཛིན་སྤེལ་བ་ནི་སྲིད་གཞུང་གིས་འགྲོ་སོང་མཁོ་སྒྲུབ་བྱེད་པའི་ཐབས་ལམ་གཉིས་ཡོད་པ་ལས་གཙོ་བོ་གཅིག་ཏུ་གྱུར་ཡོད། བཤད་མ་ཐག་པའི་ཐབས་ལམ་གཉིས་པོ་ལས་དང་པོ་ནི་ཁྲལ་འགེལ་བ་དང་གཉིས་པ་ནི་དངུལ་གཡར་བའོ། དངུལ་གཡར་ཚུལ་ནི་གཙོ་བོ་བུན་འཛིན་སྤེལ་བའི་སྒོ་ནས་ཡིན་ཅིང་། ཁྲལ་འགེལ་བ་ལ་ཡོང་སྒོ་ལ་ཁྲལ་འགེལ་བ་དང་། ཚོང་ལས་ལ་ཁྲལ་འགེལ་བ། ཕྱི་འདྲེན་དང་ནང་འདྲེན་ལ་ཁྲལ་འགེལ་བ་བཅས་ཁྲལ་གྱི་རིགས་མང་པོ་ཡོད། གང་ལྟར་ཡང་སྲིད་གཞུང་ལ་དངུལ་དགོས་ན་མང་ཚོགས་ནས་དངུལ་བསྡུ་བ་ལས་སྲིད་གཞུང་རང་གིས་ཐད་ཀར་དངུལ་པར་སྐྲུན་མི་བྱེད་པ་ནི་སྲིད་གཞུང་གིས་གང་འདོད་འདོད་དངུལ་པར་སྐྲུན་བྱས་ནས་དངུལ་སྒོར་མང་དྲགས་པའི་སྒོ་ནས་ཅ་དངོས་ཀྱི་རིན་ཐང་མི་འཕར་བའི་ཆེད་དུ་ཡིན་པ་རེད། 

   ད་ལྟའི་ཆར་རྒྱལ་ཁབ་ཅིག་ལ་དངུལ་དོ་དམ་བྱེད་ཚུལ་ཐད་དབུས་དངུལ་ཁང་གིས་ལག་བསྟར་བྱེད་པའི་དངུལ་གྱི་སྲིད་ཇུས་ཤིག་དང་། དབུས་སྲིད་གཞུང་གིས་ལག་བསྟར་བྱེད་པའི་དངུལ་གྱི་སྲིད་ཇུས་བཅས་གཉིས་ཡོད་པ་ལས་དབུས་དངུལ་ཁང་གིས་ལག་བསྟར་བྱེད་པ་ལ་ monetary policy དངུལ་གྱི་སྲིད་ཇུས་ཞེས་ཟེར་ཞིང་། དབུས་སྲིད་གཞུང་གིས་ལག་བསྟར་བྱེད་པ་ལ་ fiscal གཞུང་འབབ་སྲིད་ཇུས་ཞེས་ཟེར། འོན་ཀྱང་དབུས་དངུལ་ཁང་གིས་དངུལ་གྱི་སྲིད་ཇུས་རྩལ་འདོན་པ་དང་། དབུས་སྲིད་གཞུང་གིས་གཞུང་འབབ་སྲིད་ཇུས་རྩལ་འདོན་པ་གཉིས་ཀ་ལ་དགེ་སྐྱོན་གཉིས་ཀ་ཡོད་པས་ད་ལྟའི་ཆར་སྲིད་གཞུང་རྣམས་ལ་སྲིད་ཇུས་དེ་གཉིས་ཀ་ཡོད། དེ་ཡང་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་གསུངས་ན་དངུལ་གྱི་སྲིད་ཇུས་ནི་དཔལ་འབྱོར་གྱི་གནས་བབ་ཀྱི་ཕུག་ལ་ནུས་པ་ཆུང་ཡང་གནས་སྐབས་དེས་བཟོས་པའི་འགྱུར་བ་གསལ་པོར་མཐོང་ཐུབ་པ་དང་། གཞུང་འབབ་སྲིད་ཇུས་ནི་ཕུག་ལ་ནུས་པ་ཆེ་ཡང་གནས་སྐབས་དེའི་ནུས་པ་གསལ་པོར་མཐོང་མི་ཐུབ་པས་འཆར་གཞི་གལ་ཆུང་བ་ལ་དངུལ་གྱི་སྲིད་ཇུས་དང་གལ་ཆེ་བ་ལ་གཞུང་འབབ་སྲིད་ཇུས་གལ་ཆེ་བ་རེད།

    མ་ཟད་སྲིད་གཞུང་གིས་དབུས་དངུལ་ཁང་གཙོ་བོར་གྱུར་པའི་དངུལ་ཁང་གི་བྱེད་སྒོ་དང་། ཁྲོམ་རའི་གནད་དོན་བཅས་ལ་སྟངས་འཛིན་བྱས་ན་བཟང་མིན་ཐད་དཔལ་འབྱོར་རིག་པའི་མཁས་པ་རྣམས་རྩོད་གླེང་ཧ་ཅང་མང་ཞིང་། ཐོག་མའི་ཆར་དཔལ་འབྱོར་རིག་པའི་ཡབ་ཆེན་ Adam Smith ཨེ་ཌམ་སི་མི་ཐ་གིས་སྲིད་གཞུང་གིས་ཁྲོམ་ར་ལ་རང་དབང་སྤྲད་ན་བཟང་བའི་ལྟ་གྲུབ་དར་སྤེལ་གནང་བ་དང་འབྲེལ། དངུལ་ཁང་རྣམས་ཀྱང་དུས་རབས་བཅུ་བདུན་པ་ནས་བཟུང་དུས་རབས་ཁ་ཤས་ཀྱི་རིང་ཕལ་མོ་ཆེ་སྒེར་པའི་དངུལ་ཁང་ཡིན་པ་ལས་གཞུང་གི་དངུལ་ཁང་མ་ཡིན་པ་དེས་དབུས་དངུལ་ཁང་གཙོ་བོར་གྱུར་པ་ལ་རང་དབང་གི་ཚད་མཐོ་ཡང་༡༩༣༠ ཡས་མས་སུ་གཙོ་བོ་ཨ་རི་ནས་མགོ་བཙུགས་ཏེ་ནུབ་ཕྱོགས་ཀྱི་ལུང་པ་མང་པོ་ཞིག་གི་དངུལ་ཁང་མ་ཁ་ཤི་ནས་སྲིད་གཞུང་དང་མི་སེར་ཧྲིལ་པོ་ལ་དཀའ་ངལ་ཚད་ལས་འདས་པ་འཕྲད་པ་དེས་སྲིད་གཞུང་གིས་དབུས་དངུལ་ཁང་ལ་སྟངས་འཛིན་ཅི་ཙམ་བྱེད་མིན་ཐད་རྩོད་པ་ཚ་རུ་སོང་། དཔལ་འབྱོར་རིག་པའི་ལོ་རྒྱུས་ཐོག་གནད་དོན་དེ་དང་འབྲེལ་བའི་ཐད་ནས་རྩོད་གླེང་སྙན་གྲགས་ཆེ་ཤོས་བྱེད་མཁན་གྱི་མཁས་པ་གསུམ་ཡོད། 

    ཐོག་མར་གྲགས་ཆེ་བ་ནི་John Maynard Keynes རྗོན་་མེ་ནརྜི་་ཀེའིན་ཟི་སྟེ། ཁོང་ནི་དུས་རབས་ཉི་ཤུ་པའི་དཔལ་འབྱོར་རིག་པ་བ་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན་པ་དང་། ཕ་ཡུལ་དབྱིན་ལན་ཌི་ཡིན་ཅིང་ཕྱིས་སུ་དབྱིན་ལན་ཌི་གཙོ་བོར་གྱུར་པ་ལ་དཔལ་འབྱོར་གྱི་སྲིད་ཇུས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་ཡོད། ཁོང་གིས་སྤྱི་ལོ་༡༩༣༦ ལོར་བརྩམས་པའི་དེབ་ <<The General Theory of Empoloyment, Interest and Money ལས་སྤྲོད་དང་། སྐྱེད་ཀ། དངུལ་བཅས་ཀྱི་སྤྱི་ཡི་ལྟ་གྲུབ།>>ཅེས་པ་ནི་སྙན་གྲགས་ཅན་ཧ་ཅང་ཆེ་བས་དེ་ལ་བརྟེན་ནས་ཀེའིན་ཟི་རིང་ལུགས་ཞེས་པའི་དཔལ་འབྱོར་རིག་པའི་གྲུབ་མཐའ་ཞིག་ཀྱང་དར་ཞིང་། ཁོང་གི་གསུང་རྩོམ་རྣམས་གོ་བདེ་བོ་མིན་ཀྱང་ཤེས་ཡོན་པའི་ཁོར་ཡུག་ཏུ་དར་ཁྱབ་ཆེན་པོ་བྱུང་། ཁོང་གི་ཤུགས་རྐྱེན་གཙོ་བོ་༡༩༣༩ ནས་༡༩༧༩ བར་དུ་དར་འཕེལ་བྱུང་བས་༡༩༥༠ ནང་རོལ་དུ་འཛམ་གླིང་གི་རྒྱལ་ཁབ་ཡར་རྒྱས་ཅན་ཕལ་མོ་ཆེས་ཀེའིན་ཟི་གི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པར་གྲགས། དེར་བརྟེན་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ Richard Nixon རི་ཅརྜི་ནིཀ་སོན་གིས་༡༩༧༡ ལོར་ད་ལྟའི་ཆར་ང་ཚོ་ཆ་ཚང་ཀེའིན་ཟི་རིང་ལུགས་པ་ཡིན་ཞེས་ཁྱབ་བསྒྲགས་གནང་མྱོང་ཡོད།

   ཀེའིན་ཟི་ནི་ཐོག་མར་དཔལ་འབྱོར་རིག་པའི་མཁས་པ་ཙམ་མིན་པར་ཤེར་འབབ་ཁྲོམ་ར་ལ་མ་རྩ་འཛུགས་མཁན་ཞིག་ཀྱང་ཡིན་པ་ལ་མ་ཤེར་གྱི་རིན་གོང་ཡར་འཕར་མར་ཆག་གི་ཚོད་དཔག་ཧ་ཅང་དཀའ་ཞིང་ཉེན་ཁ་ཧ་ཅང་ཆེ་བ་ནི་མ་རྩ་འཛུགས་མཁན་གྱི་ཚོང་ལས་པ་སྤྱི་ལ་གནོད་ཚབས་ཆེ་བ་དེས་ཁོང་གིས་སྲིད་གཞུང་གིས་དེ་ལ་ཚད་ངེས་ཅན་གྱི་སྟངས་འཛིན་དགོས་པའི་ལྟ་གྲུབ་སྤེལ། ད་དུང་དེའི་སྔོན་དུ་རང་དབང་གི་ཁྲོམ་རའི་ལྟ་བ་འཛིན་མཁན་རྣམས་ཀྱིས་ལས་མི་རྣམས་ཀྱིས་གླ་ཕོག་གི་འཕར་ཆག་ལ་བཟོད་སྒོམ་དང་བཅས་ངོས་ལེན་བྱས་ན་ལས་ཀ་མེད་པའི་དཀའ་ངལ་སོགས་རང་བཞིན་གྱིས་སེལ་ཐུབ་པར་འདོད་ཀྱང་། ༡༩༣༠ ནང་རོལ་དུ་དབྱིན་ལན་ཌི་ལ་མི་ལས་མེད་ས་ཡ་གསུམ་ཙམ་དང་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལ་མི་ལས་མེད་ས་ཡ་བཅོ་ལྔ་ཙམ་ཡོད་པ་ལ་ཀེའིན་ཟི་གིས་ལས་མེད་ཀྱི་དཀའ་ངལ་དེ་དག་རང་བཞིན་གྱིས་སེལ་འགྲོ་བ་ཞིག་མིན་པ་དང་། མཐར་ཐུག་ལ་ང་ཚོ་ཆ་ཚང་འཆི་འགྲོ་བས་དེའི་བར་དུ་བསྒུགས་ནས་སྡོད་པའི་ཚབ་ལ་སྲིད་གཞུང་གིས་ཐད་ཀར་དཀའ་ངལ་དེ་དག་སེལ་ཐབས་བྱ་དགོས་ཚུལ་གསུངས། 

   ཀེའིན་ཟི་ལ་དགག་པ་རྒྱག་མཁན་གྲགས་ཆེ་ཤོས་ནི་ཡུ་རོབ་ཀྱི་ལུང་པ་ཨོ་སི་ཏྲི་ཡ་ནས་ཡིན་པའི་དཔལ་འབྱོར་རིག་པ་བ་Friedrich Hayek ཧྥི་རིཌ་རིཀ་ཧེ་ཡེཀ་དང་། ཨ་རི་ནས་ཡིན་པའི་རྗེའུ་ཤི་མི་རིགས་Milton Friedman མིལ་ཊོན་ཧྥི་རིཌ་མེན་གཉིས་ཡིན་པ་ལ། གཉིས་ཀས་ནོ་རྦེལ་གྱི་གཟེངས་རྟགས་ཐོབ་མྱོང་ཡོད། དང་པོ་ཧེ་ཡེཀ་ནི་ཀེའིན་ཟི་དང་དུས་མཉམ་པས་ཁོང་གིས་<<Road To Serfdom བྲན་གཡོག་ཏུ་འགྱུར་བའི་ལམ།>>ཞེས་པའི་དེབ་གྲགས་ཅན་དེ་བརྩམས་ནས་ཁོང་གིས་དབུས་སྲིད་གཞུང་གིས་ཁྲོམ་ར་སོགས་ལ་སྟངས་འཛིན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དང་ Fascism ཧྥེ་སི་རིང་ལུགས་པར་གྱུར་ཏེ་མི་དམངས་ཀྱིས་རང་དབང་བོར་བའི་ཉེན་ཁ་ཡོད་པར་གསུངས། གཅིག་ཤོས་ཧྥི་རིཌ་མེན་གིས་མི་ཡི་རིགས་ཀྱི་རླབས་ཆེན་གྱི་གྲུབ་འབྲས་ཕལ་མོ་ཆེ་མི་དམངས་དང་སྒེར་གྱིས་བཞག་པ་ལས་སྲིད་གཞུང་གིས་བཞག་པ་ཞིག་མ་ཡིན་པ་དང་། སྲིད་གཞུང་གིས་བཏོན་པའི་དཀའ་ངལ་སེལ་ཐབས་ནི་དཀའ་ངལ་རང་དང་མཚུངས་པས་དེས་དཀའ་ངལ་སེལ་ཐུབ་པ་དཀའ་ཚུལ་སོགས་གསུངས། དེར་བརྟེན་༡༩༨༠ ནང་རོལ་དུ་ཧྥི་རིཌ་མེན་ནི་ཤུགས་རྐྱེན་ཆེ་ཤོས་ཀྱི་དཔལ་འབྱོར་རིག་པ་བར་གྱུར་ཏེ་ཨ་རིའི་སྲིད་འཛིན་ Ronald Reagan རོ་ནལྜི་་རེ་རྒན་དང་ United Kingdom མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ་Margaret  Thatcher མཱག་རིཊ་་ཐེ་ཆེར་བཅས་ཀྱི་སློབ་སྟོན་པར་གྱུར། 

   མཁས་པ་དེ་དག་གིས་དགག་པ་མང་དུ་གནང་བ་ལ་བརྟེན་ནས་སྔར་ཀེའིན་ཟི་ནི་དཔལ་འབྱོར་རིག་པའི་ཚད་མའི་སྐྱེས་བུ་ལྟ་བུར་གྱུར་ཏེ་ཀེའིན་ཟི་གིས་གསུངས་པ་ལ་སུས་ཀྱང་དོགས་སློང་ཙམ་ཡང་བྱེད་ཕོད་པ་དཀའ་བར་གྱུར་ན་ཡང་ཕྱིས་སུ་སུ་ཞིག་ལ་ཀེའིན་ཟིའི་རིང་ལུགས་པ་རེད་སྨྲས་ན་ཕོག་ཐུག་འགྲོ་བའི་ཚད་དུ་གྱུར་ཏེ་ཀེའིན་ཟི་གི་མཚན་སྙན་༡༩༧༩ ནས་བཟུང་རེ་ཞིག་ནུབ་པར་གྱུར། འོན་ཀྱང་༢༠༠༧ ནས་བཟུང་ཨ་རི་དང་ཡུ་རོབ་ཀྱི་དངུལ་ཁང་མང་པོ་མ་ཁ་ཤི་ནས་རྒྱལ་ཁབ་མང་པོར་ཚོང་ལས་ཀྱི་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་པའི་སྐབས་སུ་མི་དམངས་ཕལ་མོ་ཆེས་དེ་ནི་དངུལ་ཁང་དང་ཚོང་ལས་པ་སྒེར་པ་རྣམས་ཀྱི་རང་འདོད་ཚ་དྲགས་པ་དང་དེ་ལ་སྟངས་འཛིན་བྱེད་མཁན་མེད་པའི་སྐྱོན་དུ་མཐོང་སྟེ། དཔལ་འབྱོར་རིག་པ་བ་སྙན་གྲགས་ཅན་མང་པོས་ཀེའིན་ཟི་གི་སྲིད་ཇུས་བསྐྱར་གསོ་བྱས་ཤིང་། ཨ་རི་དང་དབྱིན་ལན་ཌི་གཙོ་བོར་གྱུར་པས་ཀྱང་ཀེའིན་ཟི་གི་སྲིད་ཇུས་ལག་བསྟར་བྱས་ཏེ་དཔལ་འབྱོར་གྱི་གནས་བབ་སླར་ཡང་བསྐྱར་གསོ་ཐུབ་པ་བྱུང་། འོན་ཀྱང་སྲིད་གཞུང་ཞིག་གིས་ཀེའིན་ཟི་གི་ལྟ་གྲུབ་ལག་བསྟར་བྱ་དགོས་པར་ཕལ་མོ་ཆེས་འདོད་ན་ཡང་ཚད་ཅི་ཙམ་ཞིག་དང་ཐབས་ལམ་གང་འདྲ་བྱས་ནས་ལག་བསྟར་བྱ་དགོས་མིན་ཐད་དཔལ་འབྱོར་རིག་པ་བ་དང་ཆབ་སྲིད་པ་རྣམས་ལ་བསམ་ཚུལ་མི་འདྲ་བ་བྱུང་ཡོད། མདོར་ན་སྲིད་གཞུང་གིས་ཐེ་ཇུས་བྱེད་པ་དང་ཐེ་ཇུས་མི་བྱེད་པ་གཉིས་ཀ་དུས་དང་གནས་སྐབས་ལ་རག་ལས་པ་ལས་མཐའ་གཅིག་བྱེད་དགོས་པའམ་བྱེད་མི་རུང་བ་གང་རུང་ཞིག་ཏུ་ཁ་ཚོན་གཅོད་ཐུབ་པ་ཞིག་མ་ཡིན་པར་སྣང་། 

    ད་ལྟའི་ཆར་སྲིད་གཞུང་གིས་ཐད་ཀར་དངུལ་པར་སྐྲུན་བྱེད་པའི་ལམ་སྲོལ་དཀོན་ན་ཡང་། དངུལ་པར་སྐྲུན་གྱི་ལས་འགན་སྲིད་གཞུང་གིས་ཐད་ཀར་ཁུར་ན་བཟང་བའི་བསམ་འཆར་འདོན་མཁན་གྱི་དཔལ་འབྱོར་རིག་པ་བ་ཡང་མང་པོ་ཡོད་པ་སྟེ། དཔེར་ན་དཔལ་འབྱོར་རིག་པ་བ་Huber ཧུ་རྦེར་དང་ Robertson རོ་རྦེརྚ་་སོན་སོགས་ཀྱིས་དངུལ་པར་སྐྲུན་བྱེད་པའི་ལས་ཀ་སྲིད་གཞུང་རང་གིས་འགན་ཁུར་ན་མི་སེར་ལ་ཁྲལ་འགེལ་བའི་དཀའ་ངལ་ཆུང་དུ་འགྲོ་བ་སོགས་ཀྱི་དགེ་མཚན་ཡོད་པར་གསུངས་ཤིང་། <<དངུལ་གང་ནས་བྱུང་བ་རེད་དམ།>>ཞེས་པའི་དེབ་ཀྱི་ནང་དུ་མི་ཕལ་མོ་ཆེས་སྲིད་གཞུང་གིས་ཐད་ཀར་དངུལ་པར་སྐྲུན་བྱས་ན་ inflation དངུལ་མང་གོང་ཆེའི་དཀའ་ངལ་འཕྲད་སྲིད་དྲན་ན་ཡང་དཔལ་འབྱོར་གྱི་ཚད་གཞི་ངེས་ཅན་ཞིག་ལ་དམིགས་ཏེ་བྱས་ན་དཀའ་ངལ་དེ་འདྲ་མི་ཡོང་ཞེས་གསུངས། ལོ་རྒྱུས་ཐོག་སྲིད་གཞུང་གིས་ཐད་ཀར་དངུལ་པར་སྐྲུན་བྱས་པའི་དུས་སྐབས་ཀྱང་མ་བྱུང་བ་མ་ཡིན་པ་དཔེར་ན་UK མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ་ཀྱིས་འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་དམག་དོན་འགྲོ་སོང་ལ་དམིགས་ཏེ་སྲིད་གཞུང་གིས་ཐད་ཀར་དངུལ་པར་སྐྲུན་བྱས་པ་དང་། དེ་བཞིན་རྗེར་མི་ནི་དང་། ཉི་ཧོང་། ཨ་རི་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱིས་ཀྱང་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་དུ་སྲིད་གཞུང་གིས་ཐད་ཀར་དངུལ་པར་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་དངུལ་གྱི་དཀའ་ངལ་བསལ་བའི་གནས་སྐབས་བྱུང་ཡོད་པ་ལྟ་བུ་རེད།

   རྒྱུ་མཚན་དེ་དག་གིས་<<དངུལ་གང་ནས་བྱུང་བ་རེད་དམ།>>ཞེས་པའི་དེབ་ཀྱི་མཇུག་སྡོམ་ནང་དུ་མ་འོངས་པར་དངུལ་དང་དངུལ་ཁང་ལམ་ལུགས་ལ་བཅོས་བསྒྱུར་བྱ་མིན་ཐད་བསམ་གཞིགས་བྱ་འོས་པའི་དྲི་བ་མི་ཉུང་བ་ཞིག་བཀོད་གནང་བ་ལས་གལ་ཆེ་བ་འགའ་ཤས་ནི་སྲིད་གཞུང་ནི་དངུལ་ཡིན་མིན་གཏན་འབེབས་བྱེད་མཁན་གཙོ་བོ་ཡིན་ན་ཡང་དངུལ་མཁོ་སྤྲོད་བྱེད་པར་དཀའ་རྙོག་དེ་ཙམ་ཡོད་པ་གང་ཡིན་ནམ། འདས་པའི་དུས་རབས་བརྒྱད་ཀྱི་རིང་དུ་བྱུང་བའི་དངུལ་ཁང་གི་གོད་ཆག་དེ་དག་སྲིད་གཞུང་གིས་འགོག་མ་ཐུབ་པ་གང་ཡིན་ནམ། དཔལ་འབྱོར་གྱི་ནང་དུ་དངུལ་ཅི་ཙམ་བཟོ་མིན་དང་གང་གི་ཆེད་དུ་བེད་སྤྱོད་གཏོང་མིན་ཐད་ལ་སྲིད་གཞུང་ལ་ནུས་པ་ཆེ་ཙམ་མི་དགོས་སམ། ཞེས་སོགས་ཀྱི་དྲི་བ་གལ་ཆེན་རྣམས་བཏོན་གནང་ཡོད་ཅིང་། ད་དུང་དེབ་དེའི་ནང་དུ་དངུལ་གང་ཡིན་མིན་ཐག་གཅོད་མཁན་སྲིད་གཞུང་ཡིན་པ་ལ་དངུལ་བཟོ་མཁན་ནི་གཞན་ཞིག་ཡིན་པ་ནི་ད་ལྟ་ཡོད་པའི་དངུལ་གྱི་ལམ་ལུགས་ཀྱི་དཀའ་རྙོག་ཅིག་ཡིན་ཚུལ་བཅས་གསུངས་ཡོད།

   མདོར་ན་ང་ཚོས་ཤེས་བྱ་འདི་དག་གི་ཐད་ལ་མ་མཐར་ཡང་གཞི་རྩའི་གོ་རྟོགས་ཡོད་པ་ཙམ་གྱིས་ཀྱང་ང་ཚོའི་འཚོ་གནས་དང་འབྲེལ་བའི་གནས་སྟངས་གལ་ཆེན་རྣམས་ལ་གོ་ནོར་མི་འབྱུང་བ་དང་གོ་རྟོགས་ཡོད་པའི་དགེ་མཚན་ཡོད་པ་བཤད་མ་དགོས་པའི་ཐོག་ཏུ་བཟང་ངན་དང་ལེགས་ཉེས་ཟེར་བ་རྣམས་ཀྱང་མི་ཕལ་པ་རྣམས་ལྟ་ཞོག་མི་ཡི་རིགས་ཀྱི་རྣམ་དཔྱོད་ཕུལ་དུ་བྱུང་བ་རྣམས་ཀྱིས་ཀྱང་ཁ་ཚོན་གཅོད་ཐུབ་པ་ཞིག་མ་ཡིན་པར་གནད་དོན་དེའི་རྒྱུ་རྐྱེན། གནས་སྟངས། གྲུབ་འབྲས་སོགས་ཕྱོགས་མང་པོ་ནས་བསམས་གཞིག་ཡང་ནས་ཡང་དུ་བྱ་དགོས་པ་དང་། དེའི་གྲུབ་དོན་ཀྱང་སྐབས་རེ་འགྱུར་སྲིད་པ་དང་། སྐབས་རེ་བསྒྱུར་དགོས་པ་ཞིག་ཡིན་པ་བཅས་རྟོགས་ཐུབ་སྙམ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།