མ་རྩ་རིང་ལུགས་ཀྱི་ཆོས་ལུགས།

7066



                             Yuval Noah Harari གིས་བརྩམས།
                             རྩིས་ཆེ་ལེགས་མཐོང་གིས་བསྒྱུར།

དངུལ་ནི་བཙན་རྒྱལ་རིང་ལུགས་འཛུགས་པ་དང་ཚན་རིག་དར་སྤེལ་གཏོང་བར་གལ་གནད་ཆེ། འོན་ཀྱང་དངུལ་ནི་ལས་གཞི་དེ་དག་གི་མཐར་ཐུག་གི་དམིགས་ཡུལ་རེད་དམ་ཡང་ན་དེ་ནི་ཉེན་ཁ་ཅན་གྱི་དགོས་མཁོ་ཞིག་རེད། དེང་རབས་ཀྱི་ལོ་རྒྱུས་ཐོག་ཏུ་དངུལ་གྱི་བྱེད་སྒོ་དངོས་གང་ཡིན་པ་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ལས་སླ་པོ་མ་རེེད། དངུལ་གྱིས་རྒྱལ་ཁབ་གང་འདྲ་བྱས་ནས་བཟོས་ཏེ་གཏོར་བཤིག་བཏང་བའི་ཚུལ་དང་། ཁོར་ཡུག་གསར་པ་ཕྱེས་ནས་ས་ཡ་མང་པོ་གཡོག་ཏུ་བཀོལ་ཚུལ་དང་། བཟོ་གྲྭའི་འཁོར་ལོ་བསྐོར་ནས་སེམས་ཅན་གྱི་རིགས་བརྒྱ་ཕྲག་མང་པོ་རྩ་མེད་བཏང་ཚུལ་བཅས་ཀྱི་སྐོར་ལ་དེབ་པོ་ཏི་ནས་པོ་ཏི་བྲིས་ཡོད། འོན་ཀྱང་དེང་རབས་དཔལ་འབྱོར་གྱི་ལོ་རྒྱུས་ཤེས་པར་ཁྱོད་ཀྱིས་ཚིག་གཅིག་རང་ཤེས་དགོས་ཤིང་། ཚིག་དེ་ནི་འཕེལ་རྒྱས་ཞེས་པ་དེ་རེད། བཟང་ངན་གང་ལྟར་ཡང་བདེ་སྡུག་གང་གི་སྐབས་སུ་ཡིན་ཀྱང་དེང་རབས་ཀྱི་དཔལ་འབྱོར་ནི་སྐུལ་རྒྱུ་རྨེན་བུ་འཕེལ་བཞིན་པའི་གཞོན་སྐྱེས་ལོ་ན་བཅུ་གྲངས་ལོན་པ་དང་འདྲ་བར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། དེས་གང་རྙེད་ན་ཡང་ཁྱུར་མིད་གཏོང་ཞིང་འཚར་ལོངས་ཀྱི་འཕར་ཁ་མྱུར་བས་རྗེས་ཟིན་པ་དཀའ།

ལོ་རྒྱུས་ཀྱི་ཆ་ཕལ་མོ་ཆེར་དཔལ་འབྱོར་གྱི་ཚད་གཞི་ཕལ་ཆེར་རང་འཇགས་གནས་ཡོད། རེད། འཛམ་གླིང་གི་ཐོན་སྐྱེད་གོང་འཕེལ་ཕྱིན་པ་བདེན་ཀྱང་དེ་ནི་གཙོ་བོ་ཡུལ་ཁམས་རྒྱ་སྐྱེད་དང་ས་ཆ་གསར་པར་གནས་སྤོས་བྱས་པས་རེད། མི་རེའི་ཐོན་སྐྱེད་ནི་འགྱུར་ལྡོག་མེད་པར་གནས་ཡོད་ཀྱང་དེ་ཆ་ཚང་དེང་རབས་ཀྱི་དུས་སུ་འཕོ་འགྱུར་ཐེབས། ༡༥༠༠ ལོར་འཛམ་གླིང་གི་ཅ་དངོས་དང་ཞབས་ཞུའི་ཐོན་སྐྱེད་ནི་ཌོ་ལོར་ཐེར་འབུམ་༢༥༠ དང་ཚད་མཉམ་ན་ཡང་ད་ལྟའི་དུས་སུ་དཀྲིགས་ཆེན་༦༠ ཙམ་ལ་གནས་ཡོད། དེ་བས་ཀྱང་གལ་ཆེ་བར་༡༥༠༠ ལོ་ཡི་ནང་དུ་ལོ་རེའི་སྤྱི་སྙོམས་ལྟར་བྱས་ན་ལོ་རེའི་མི་རེའི་ཐོན་སྐྱེད་ཌོ་ལར་༥༥༠ ཙམ་ཡིན་ན་ཡང་ད་ལྟའི་ཆར་སྐྱེས་པ་དང་། བུད་མེད། ཕྲུ་གུ་རེ་རེས་ཀྱང་སྤྱི་སྙོམས་ལྟར་བྱས་ན་ལོ་རེར་ཌོ་ལར་༨༨༠༠ ཐོན་སྐྱེད་སྐྲུན་གྱི་ཡོད།

ཧང་སང་དགོས་པའི་འཕེལ་རྒྱས་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ། (རྩོམ་པ་པོ་ Yuval Noah Harari ཡུ་ཝལ་་ནོ་ཨ་་ཧ་ར་རི་གིས་དྲི་བ་འདི་དྲིས་པའི་རྗེས་སུ་དངུལ་ཁང་གི་བདག་པོ་ཞིག་དང་། ཚོང་པ་བུད་མེད་གཅིག་དང་། བོགས་མ་ལེན་མཁན་གྱི་བུ་གཅིག་བཅས་མི་གསུམ་གྱིས་ཡིད་རྟོན་དངུལ་བུན་གྱི་རྣམ་པར་དངུལ་གཡར་ཚུལ་གྱི་རྟོག་བཟོས་སྒྲུང་ཞིག་དཔེ་མཚོན་གྱི་ཚུལ་དུ་བཤད་ཡོད་པ་ནི་དངུལ་དང་དངུལ་ཁང་གི་སྐོར་ལ་དམིགས་བསལ་ཞིབ་འཇུག་གནང་མཁན་དང་། དབུས་དངུལ་ཁང་གཙོ་བོར་གྱུར་པའི་དངུལ་ཁང་ལ་དངོས་སུ་ལས་ཀ་བྱ་མྱོང་བ་རྣམས་ཀྱིས་གསལ་པོར་གསུངས་པ་ལྟར་ན་ Yuval Noah Harari གིས་དེབ་འདིའི་ནང་དུ་བཤད་པ་ནི་ཡོངས་གྲགས་ཀྱི་བཤད་སྟངས་ཙམ་ལས་ལག་ལེན་དངོས་དང་མཐུན་པ་ཞིག་མིན་པས་ན་འདིར་ཁོ་བོས་དོན་མེད་ཀྱི་ངལ་བའི་རྒྱུ་ཙམ་དུ་མཐོང་ནས་བསྒྱུར་མེད། དེའི་ཐད་ཁོ་བོས་དངུལ་གྱི་ལམ་ལུགས་ངོ་སྤྲོད་ཀྱི་ལེ་ཚན་གསུམ་པའི་ནང་དུ་རྩོད་མེད་ཚད་ལྡན་གྱི་དཔེ་དེབ་ལ་ཁུངས་བཅོལ་ནས་བྲིས་ཡོད་པས་དེ་རང་གིས་འཐུས་པར་བྱ། གཤམ་དུ་མུ་མཐུད་ཡོང་བ་རྣམས་ནི་ Yuval Noah Harari རང་གིས་བཤད་པ་ཡིན་པ་ཤེས་པར་བྱའོ།)

གལ་སྲིད་ཡིད་རྟོན་དངུལ་བུན་ནི་དེ་འདྲའི་ངོ་མཚར་འོས་པ་ཞིག་ཡིན་ན། རྒྱུ་མཚན་གང་གི་ཕྱིར་མི་རྣམས་ཀྱིས་དེའི་སྔོན་ཙམ་དུ་དེ་བློ་ལ་འཁོར་མ་ཐུབ་པ་རེད་དམ། ཁོ་ཚོས་དྲན་ཡོད་གདའ་ཡོད། རྣམ་པ་འདྲ་མིན་གྱི་ཡིད་རྟོན་དངུལ་བུན་གྱི་གོ་སྒྲིག་ནི་ང་ཚོས་ཤེས་པ་ལྟར་ན་མི་ཡི་རིགས་ཀྱི་རིག་གཞུང་ཐམས་ཅད་ཀྱི་ནང་དུ་བྱུང་མྱོང་ཡོད་ཅིང་། མ་མཐར་ཡང་གནའ་བོའི་སུ་མེར་གི་སྐབས་ནས་བྱུང་ཡོད། སྔོན་གྱི་དུས་སྐབས་སུ་དཀའ་ངལ་ནི་མི་རྣམས་སུ་ལ་ཡང་དེ་འདྲའི་རིག་པ་མེད་པའམ་བེད་སྤྱོད་གཏོང་མ་ཤེས་པ་མ་ཡིན་པར་ཁོ་ཚོར་མ་འོངས་པ་ནི་ད་ལྟ་ལས་བཟང་དུ་འགྲོ་བའི་ཡིད་ཆེས་མེད་པ་དེས་ཡིད་རྟོན་དངུལ་བུན་མཚམས་རེ་ཙམ་ལས་སྤྲོད་འདོད་མེད། ཁོ་ཚོས་སྤྱིར་བཏང་འདས་པའི་དུས་ནི་ཁོ་ཚོ་རང་གི་དུས་སྐབས་ལས་བཟང་བ་དང་མ་འོངས་པ་ནི་དེ་ལས་སྡུག་ཏུ་འགྲོ་བ་དང་། ཇི་ཙམ་ཡག་ཀྱང་རང་འཇགས་གནས་པར་ཡིད་ཆེས་བྱེད་ཀྱི་ཡོད། དཔལ་འབྱོར་རིག་པའི་ཐ་སྙད་དང་སྦྱར་ནས་བཤད་ན་ཁོ་ཚོས་ཁྱོན་ཡོངས་ཀྱི་རྒྱུ་ནོར་ཉམས་ཆག་མ་སོང་ཡང་ཚད་ངེས་ཅན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

སོ་སོ་སྒེར་ངོས་ནས་སམ། རང་ཉིད་ཀྱི་རྒྱལ་ཁབ་བམ། འཛམ་གླིང་ཧྲིལ་པོས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གི་ནང་དུ་སྔར་ལས་མང་བའི་རྒྱུ་ནོར་བཟོ་སྐྲུན་བྱེད་ཐུབ་པ་སྙམ་པ་ནི་མི་རྣམས་ཀྱིས་ནོར་འཁྲུལ་ཅན་ཞིག་ཏུ་ངོས་འཛིན་གྱི་ཡོད་པས་ན་ཚོང་ལས་ནི་གཅིག་འཐོབ་གཞན་ཤོར་གྱི་རྩེད་མོ་ལྟ་བུར་སྣང་གི་ཡོད། ཡིན་དང་ཡིན། བག་ཟན་ཚོང་ཁང་བྱེ་བྲག་པ་ཞིག་གི་ཁེ་ཕན་གོང་འཕེལ་དུ་འགྲོ་ན་ཡང་དེ་ནི་སྒོ་འགྲམ་གྱི་བག་ཟན་ཚོང་ཁང་གཞན་ལ་གྱོང་སྤྲད་པ་ཁོ་ན་ལས་འཕར་ཐུབ་པ་ཞིག་རེད། Venice ཝེ་ནི་སི་ཕྱུག་ཏུ་འགྲོ་ཆོག་ཀྱང་དེ་ནི་Genoa རྗེ་ནོའོ་དབུལ་དུ་གཏོང་བ་ཁོ་ན་ལས་ཡོང་ཞིང་། དབྱིན་ལན་ཌི་གི་རྒྱལ་པོས་རང་ཉིད་ཕྱུག་ཏུ་གཏོང་ཆོག་ཀྱང་དེ་འདྲ་ནི་ཧྥ་རན་སི་གི་རྒྱལ་པོའི་ས་ནས་འཕྲོགས་བཅོམ་བྱས་པ་ཁོ་ན་ལས་ཡོང་བ་ཞིག་གོ། ཁྱོད་ཀྱིས་ཁུར་ར་བག་སྲེག་ཅིག་ཅི་ཙམ་དུམ་བུ་མང་པོར་བཏུབ་ན་ཡང་དེ་ནམ་ཡང་ཆེ་རུ་མི་འགྲོ་བའོ། །

རྒྱུ་མཚན་དེས་རིག་གཞུང་མང་པོ་ཞིག་གིས་དངུལ་གྱི་ཆུན་པོ་མང་པོ་བཟོ་བ་ནི་སྡིག་པ་ཡིན་པའི་མཇུག་སྡོམ་བརྒྱབ་ཡོད། སྟོན་པ་Jesus རྗེ་སུ་སི་གི་ཞལ་སྔ་ནས། རྔ་མོང་ཞིག་ཁབ་ཀྱི་མིག་ནས་ཐར་བ་ལས་ཀྱང་ཕྱུག་པོ་ཞིག་ལྷ་ཡི་ཞིང་ཁམས་སུ་ཐར་བ་དཀའ། ཞེས་གསུངས་པ་མེ་ཐུ་གི་19:24 ནང་དུ་འཁོད་ཡོད། དེས་ན་གལ་སྲིད་ཁུར་ར་བག་སྲེག་གི་ཚད་གཞི་རང་འཇགས་ཡིན་ཅིང་། ང་ལ་དུམ་བུ་ཆེ་ཙམ་ཞིག་ཡོད་ན་དེའི་དོན་དག་ངས་གཞན་དག་ཅིག་གི་སྐལ་བ་བླང་པ་ཞིག་ཡིན་ངེས། དེ་ལྟར་ཕྱུག་པོ་རྣམས་ཀྱིས་རང་ཉིད་ཀྱིས་བསགས་པའི་སྡིག་པ་འདག་ཕྱིར་རང་གི་རྒྱུ་ནོར་ཐོལ་པ་སྦྱིན་པའི་དགེ་རྩར་གཏོང་དགོས་པ་དེ་བྱུང་།

གལ་སྲིད་འཛམ་གླིང་གི་ཁུར་ར་བག་སྲེག་ཚད་གཞི་རང་འཇགས་གནས་ན་ཡིད་རྟོན་དངུལ་བུན་གཡར་བ་ལ་དགོས་ཆེད་ཅི་ཞིག་ཡོད་དེ་མེད། དེ་ཡང་ཡིད་རྟོན་དངུལ་བུན་ནི་དེ་རིང་གི་ཁུར་ར་བག་སྲེག་དང་སང་ཉིན་གྱི་ཁུར་ར་བག་སྲེག་གི་ཁྱད་པར་ཡིན་པ་ལ། གལ་སྲིད་ཁུར་ར་བག་སྲེག་ལ་འགྱུར་བ་མེད་ན་ཡིད་རྟོན་དངུལ་བུན་བཏང་བས་ཅི་ཞིག་བྱེད། དེ་འདྲ་བྱེད་པ་ནི་ཁྱོད་ཀྱི་ས་ནས་དངུལ་གཡར་མཁན་གྱི་བག་བཟོ་བའམ་རྒྱལ་པོ་ཡིས་ཁ་གཏད་གཞན་པའི་ས་ནས་དུམ་བུ་ཆེ་ཙམ་བརྐུས་ནས་འཇལ་ཐུབ་པའི་ཡིད་ཆེས་ཁྱོད་ལ་ཡོད་ན་མ་གཏོགས་དང་ལེན་མི་འོས་པའི་ཉེན་ཁ་ཞིག་རེད། བྱས་ཙང་སྔོན་དུས་ཀྱི་འཇིག་རྟེན་ནང་དུ་བུ་ལོན་གཡར་ཐུབ་པ་ནི་ཧ་ཅང་དཀའ་ཞིང་། གལ་སྲིད་ཁྱོད་ཀྱིས་བུ་ལོན་ཞིག་ལེན་ཐུབ་ན་ཡང་ནམ་རྒྱུན་བུ་ལོན་དེ་ནི་ཆུང་ཆུང་དང་། དུས་ཚོད་ཐུང་ངུར་འཇལ་དགོས་པ་དང་སྐྱེད་ཀ་ཆེན་པོ་སྤྲོད་དགོས་པ་ཞིག་རེད། མགོ་བཙུགས་མ་ཐག་པའི་ཁེ་ལས་པ་རྣམས་ལ་མཚོན་ན་བག་ཟན་ཁང་གསར་པ་འཛུགས་པར་དཀའ་ལས་ཡོད་ཅིང་། རླབས་ཆེན་གྱི་རྒྱལ་པོ་རྣམས་ཀྱིས་ཕོ་བྲང་གསར་བཟོ་བྱ་དགོས་པའམ་དམག་འཁྲུག་བྱ་དགོས་ཚེ་འགྲོ་གྲོན་བསྡུ་བའི་ཐབས་ཤེས་གཅིག་རང་ཡོད་པ་ནི་ནང་ཁྲལ་དང་སྒོ་ཁྲལ་ཆེན་པོ་འགེལ་བ་ལས་ཐབས་གཞན་མེད། རྒྱལ་པོ་རྣམས་ལ་མཚོན་ན་དེ་ཉིད་(མི་སེར་རྣམས་ཁ་ལ་ཉན་པོ་ཡོད་ཀྱི་རིང་)འགྲིག་གི་ཡོད་ཀྱང་། ཐབ་ཚང་ནང་གི་གཡོག་མོ་ཞིག་ལ་བག་ཟན་བཟོ་བའི་རིག་པ་དམིགས་བསལ་ཡོད་ཅིང་། འཇིག་རྟེན་འདིར་ཡར་རྒྱས་ཀྱི་གོམ་པ་སྤོ་འདོད་ཡོད་ཀྱང་སྤྱིར་བཏང་གི་ཆ་ནས་བཤད་ན་མོ་ལ་མཚོན་ན་རྒྱུ་ནོར་ནི་ཕོ་བྲང་ནང་གི་གསོལ་ཐབ་ཀྱི་ཞ་ལ་འཕུར་བརྡར་གཏོང་བའི་སྐབས་སུ་སྣང་བའི་ཉིན་མོའི་རྨི་ལམ་ལས་མ་འདས།

དེ་ནི་ཕྱོགས་གཉིས་ཀར་གྱོང་ཡོད་པ་ཞིག་སྟེ། ཡིད་རྟོན་དངུལ་བུན་ནི་ཚད་བཀག་ཆེ་བས་མི་རྣམས་ཀྱིས་ཚོང་ལས་གསར་པའི་ཆེད་དུ་འགྲོ་སོང་གཏོང་བར་དཀའ་ལས་ཡོད་ཅིང་། ཚོང་ལས་གསར་པ་ཉུང་ཤས་ལས་མེད་པ་དེས་དཔལ་འབྱོར་ལ་གོང་འཕེལ་མེད། གོང་འཕེལ་མེད་པ་དེས་མི་རྣམས་ཀྱིས་ནམ་ཡང་གོང་འཕེལ་མི་འགྲོ་བར་ཡིད་ཆེས་བྱེད་ཅིང་། མ་རྩ་ཡོད་པ་རྣམས་ཀྱང་ཡིད་རྟོན་དངུལ་བུན་གཡར་བ་ལ་དོགས་ཟོན་བྱེད་ཀྱི་ཡོད། དེ་ལྟར་རང་སོར་འགག་པའི་སྔོན་དཔགས་བྱས་པ་ལ་བརྟེན་ནས་རང་སར་འགག་པའི་གྲུབ་འབྲས་བྱུང་།

དེ་རྗེས་ཚན་རིག་གི་གསར་བརྗེ་དང་ཡར་རྒྱས་ཀྱི་ལྟ་བ་བྱུང་། ཡར་རྒྱས་ཀྱི་ལྟ་བ་ནི་གལ་སྲིད་ང་ཚོས་ང་རང་ཚོའི་མ་རིག་པ་ལ་ངོས་ལེན་བྱས་ཤིང་། ཐོན་ཁུངས་རྣམས་ཞིབ་འཇུག་གི་མ་རྩའི་ཆེད་དུ་བཏང་ན་ཡར་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་ཀྱི་ཐོག་ལ་གཞི་ཚུགས་པ་ཞིག་རེད། ལྟ་བ་དེ་ཉིད་རིང་མིན་དཔལ་འབྱོར་གྱི་ཐ་སྙད་དང་སྦྱར་ནས་འགྲེལ་བརྗོད་བྱས། ཡར་རྒྱས་ལ་ཡིད་ཆེས་མཁན་ཞིག་ཡིན་ནས་བཟུང་སྟེ་ཡུལ་ཁམས་གསར་རྙེད་དང་། འཕྲུལ་ཆས་གསར་གཏོད། ཚོགས་སྡེའི་ཡར་རྒྱས་བཅས་ཀྱིས་འགྲོ་བ་མི་ཡི་ཐོན་སྐྱེད་དང་། ཚོང་ལས། རྒྱུ་ནོར་བཅས་ཁྱོན་བསྡོམས་གོང་འཕེལ་གཏོང་ཐུབ་པར་ཡིད་ཆེས་ཀྱི་ཡོད། རྒྱ་གར་རྒྱ་མཚོའི་ལམ་རྙིང་ལ་གནོད་མ་སྐྱེལ་བར་Atlantic ཨེཊ་ལེན་ཊིཀ་གི་ཚོང་ལམ་དར་འཕེལ་ཡོང་ཆོག་ཅིང་། ཅ་དངོས་རྙིང་པའི་བཟོ་སྐྲུན་ཉུང་དུ་མ་བཏང་བར་ཅ་དངོས་གསར་པ་བཟོ་སྐྲུན་བྱ་ཆོག དཔེར་ན་མི་ཞིག་གིས་བག་ལེབ་རང་ལ་རྩལ་དུ་འདོན་པའི་ཚོང་གི་མ་ཁ་ཤི་མ་བཅུག་པར་ chocolate ཅོཀ་ལེ་ཊི་དང་ croissant ཟླ་གམ་བག་ལེབ་རྩལ་དུ་བཏོན་པའི་བག་ཟན་ཚོང་ཁང་ཕྱེ་ཆོག དེ་འདྲ་བྱས་པས་མི་རྣམས་ཀྱིས་བྲོ་བ་གསར་པ་མྱོང་ཆོག་ཅིང་མང་ཙམ་ཟ་ཆོག ཁྱོད་རང་དབུལ་དུ་མ་སོང་བར་ང་ཕྱུག་ཏུ་འགྲོ་ཆོག་ཅིང་། ཁྱོད་རང་ལྟོགས་ནས་མ་ཤི་བར་ང་རྒྱག་པ་ཆགས་ཆོག དེ་ལྟར་འཛམ་གླིང་ཧྲིལ་པོའི་ཁུར་ར་བག་སྲེག་འཕེལ་ཆོག

འདས་པའི་ལོ་ངོ་ལྔ་བརྒྱའི་ནང་དུ་ཡར་རྒྱས་ཀྱི་བསམ་བློས་མི་རྣམས་ལ་མ་འོངས་པར་ཡིད་ཆེས་ཆེ་ནས་ཆེ་རུ་བཏང་ཡོད་ཅིང་། དེས་ཡིད་རྟོན་དངུལ་བུན་བཟོས། ཡིད་རྟོན་དངུལ་བུན་གྱིས་དཔལ་འབྱོར་གྱི་འཕེལ་རྒྱས་དངོས་བཏང་ཞིང་། འཕེལ་རྒྱས་དེས་མ་འོངས་པ་ལ་ཡིད་ཆེས་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་དངུལ་བུན་དེ་ལས་མང་བ་བཟོ་བའི་ལམ་ཁ་ཕྱེས་ཡོད། དེ་ནི་མཚན་མོ་གཅིག་ལ་བྱུང་བ་ཞིག་མ་ཡིན་པར་དཔལ་འབྱོར་ནི་roller coaster གནམ་སྐོར་རྩེད་མོ་ལྟ་བུ་མ་ཡིན་པར་སྒང་ཕུག་ཅིག་དང་འདྲ། འོན་ཀྱང་ཕུགས་རྒྱང་རིང་པོ་ལ་བསམས་ན་འབར་འབུར་རྣམས་ཁོད་སྙོམས་པོ་བཟོས་པ་དེས་སྤྱིར་བཏང་གི་ཁ་ཕྱོགས་ནི་ནོར་བ་མེད་པ་ཞིག་རེད། ད་ལྟའི་ཆར་འཛམ་གླིང་འདིར་ཡིད་རྟོན་དངུལ་བུན་ཧ་ཅང་མང་བས་ན་སྲིད་གཞུང་དང་། མཉམ་འབྲེལ་ཚོང་ལས། མི་སྒེར་པ་རྣམས་ཀྱིས་ད་ལྟའི་ཡོང་སྒོ་ལས་ལྷག་པའི་ཡིད་རྟོན་དངུལ་བུན་འབོར་ཆེན་དང་། དུས་ཡུན་རིང་པོ། སྐྱེད་ཀ་ཆུང་ངུ་བྱས་ནས་ལས་སླ་པོས་འཐོབ་ནུས་ཀྱི་ཡོད།

འཛམ་གླིང་རང་བཞིན་གྱི་ཁུར་ར་བག་སྲེག་འཕེལ་རྒྱས་འགྲོ་བར་ཡིད་ཆེས་པ་དེ་ཉིད་མཐར་གསར་བརྗེའི་རང་བཞིན་དུ་གྱུར། ༡༧༧༦ ལོར་Scotland སི་ཀོ་ཊི་ལེན་ཌི་གི་དཔལ་འབྱོར་རིག་པ་བ་Adam Smith ཨེ་ཌམ་སི་མི་ཐ་གིས་<<རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་>>ཞེས་པ་པར་སྐྲུན་བྱས་པ་ནི་ཕལ་ཆེར་འདས་མ་ད་གསུམ་གར་དཔལ་འབྱོར་རིག་པའི་བསྒྲགས་གཏམ་གལ་ཆེ་ཤོས་དེ་ཡིན་སྲིད། དེའི་པོད་དང་པོའི་ལེའུ་བརྒྱད་པའི་ནང་དུ་སི་མི་ཐ་གིས་གཤམ་གྱི་རྩོད་པ་གསར་པ་འདི་ཉིད་བཀོད་གནང་ཡོད། ནམ་ཞིག་ཁང་བདག་དང་། ཐ་ག་པ། ལྷམ་བཟོ་བ་ཞིག་ལ་རང་ཉིད་ཀྱི་ཁྱིམ་ཚང་གསོ་སྐྱོང་ལས་ལྷག་པའི་ཁེ་ཕན་ཡོད་ན་ཁོ་པས་ཁེ་ཕན་སྔར་ལས་ལྷག་པའི་གོང་འཕེལ་གཏོང་བའི་དོན་དུ་ཁེ་སྐྱེད་ལྷག་མས་རོགས་རམ་པ་མང་ཙམ་གླ་བར་བྱེད་ཅིང་། ཁོ་ལ་ཁེ་ཕན་ཅི་ཙམ་ཡོད་པ་དེ་ཙམ་གྱིས་ཁོ་པས་དེ་ཙམ་རོགས་རམ་པ་གླ་ཐུབ། དེ་ལྟར་བྱས་པས་སྒེར་གྱི་ཁེ་ལས་པ་ཞིག་གི་ཁེ་ཕན་ཅི་ཙམ་འཕེལ་བ་ནི་ཐུན་མོང་གི་རྒྱུ་ནོར་དང་འཕེལ་རྒྱས་གོང་འཕེལ་འགྲོ་བའི་རྨང་གཞིར་གྱུར་ཡོད།

སྐད་ཆ་དེ་ནི་ཁྱོད་ལ་མཚོན་ན་ཧ་ཅང་གསར་པ་ཞིག་མིན་སྲིད་པ་ནི་ང་ཚོ་ཚང་མ་སི་མི་ཐ་གི་རྩོད་པ་ཡིན་ཤག་ཤག་བྱེད་པའི་མ་རྩ་རིང་ལུགས་ཀྱི་འཇིག་རྟེན་གྱི་ནང་དུ་གནས་ཡོད་པས་རེད། ང་ཚོའི་གནད་དོན་འདིའི་ཐད་ལ་རིགས་མི་འདྲ་བ་རེ་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ནས་ཐོས་ཀྱི་ཡོད། འོན་ཀྱང་སི་མི་ཐ་གིས་བཤད་པ་སྟེ་སྒེར་གྱི་ཁེ་ཕན་གོང་འཕེལ་གཏོང་བའི་འགྲོ་བ་མི་ཡི་རང་འདོད་ཀྱི་སྐུལ་ཤུགས་ཀྱིས་ཐུན་མོང་གི་རྒྱུ་ནོར་གོང་འཕེལ་གཏོང་བ་ནི་མི་ཡི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་གསར་བརྗེ་ཆེ་ཤོས་ཀྱི་རིག་པ་ཞིག་ཡིན་པ་དང་། དེ་ཡང་དཔལ་འབྱོར་རིག་པའི་ངོས་གཅིག་པུ་ནས་གསར་བརྗེ་ཡིན་པ་ཞིག་མ་ཡིན་པར། ཀུན་སྤྱོད་དང་ཆབ་སྲིད་ཀྱི་ངོས་ནས་དེ་བས་ཀྱང་གསར་བརྗེ་རེད། སི་མི་ཐ་གིས་གང་བཤད་བཞིན་པ་ནི་དོན་དངོས་སུ་འདོད་རྔམས་ནི་ཡག་པོ་རེད་ཅེས་པ་སྟེ། ང་ཕྱུག་ཏུ་འགྲོ་བས་ང་གཅིག་པུ་ལ་ཕན་ཐོགས་པ་མ་ཡིན་པར་རང་གཞན་ཆ་ཚང་ལ་ཕན་ཐོགས་པའི་དོན་ནོ། མདོར་ན་རང་དོན་ནི་གཞན་དོན་ནོ། །

སི་མི་ཐ་གིས་མི་རྣམས་ལ་དཔལ་འབྱོར་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་སྟེ་ངའི་ཁེ་ཕན་ནི་ཁྱོད་ཀྱི་ཁེ་ཕན་ཡང་ཡིན་པར་བསམ་དགོས་ཚུལ་བསླབས་ཡོད། དེ་ཡང་ང་ཚོ་ཕྱོགས་གཉིས་ཀས་དུས་གཅིག་ཏུ་ཁུར་ར་བག་སྲེག་ཆེ་ཙམ་ཞིག་ལ་ལོངས་སུ་སྤྱོད་ཆོག་པ་ཙམ་མིན་པར་ཁྱོད་ལ་དུམ་བུ་ཆེ་ཙམ་རག་རྒྱུ་ཡང་ང་ལ་དུམ་བུ་ཆེ་ཙམ་ཡོད་པ་ལ་རག་ལས་ཡོད། གལ་སྲིད་ང་སྤྲང་པོ་ཡིན་ན་ཁྱོད་ཀྱང་སྤྲང་པོར་འགྱུར་བ་ནི་ངས་ཁྱོད་ཀྱི་ཅ་དངོས་དང་ཞབས་ཞུ་ཉོ་མི་ཐུབ་པས་རེད་ལ། གལ་སྲིད་ང་ཕྱུག་པོ་ཡིན་ན་ཁྱོད་ཀྱང་ཕྱུག་ཏུ་འགྱུར་བ་ནི་ཁྱོད་ཀྱིས་ད་ཆ་ང་ལ་གང་ཡིན་ཀྱང་གཅིག་འཚོང་ཐུབ་པས་རེད། དེ་བཞིན་སི་མི་ཐ་གིས་རྒྱུ་ནོར་དང་ཀུན་སྤྱོད་གཉིས་པོའི་བར་དུ་ཡོད་པའི་སྲོལ་རྒྱུན་གྱི་འགལ་ཟླ་དེ་ལ་ཁས་ལེན་མ་གནང་བར་མི་ཕྱུག་པོ་རྣམས་ཀྱང་ཞིང་ཁམས་ལ་འགྲོ་ཆོག་པའི་སྒོ་ཕྱེས་ཡོད། དེ་ཡང་ཕྱུག་པོ་ནི་ཀུན་སྤྱོད་ཅན་སྟེ། སི་མི་ཐ་གི་སྒྲུང་ལྟར་ན་མི་རྣམས་ཀྱིས་རང་གི་ཁྱིམ་མཚེས་འཕྲོག་བཅོམ་བྱས་པ་ལས་ཕྱུག་ཏུ་འགྲོ་བ་ཞིག་མིན་པར་ཁྱོན་ཡོངས་ཀྱི་ཁུར་ར་བག་སྲེག་ཆེ་རུ་བཏང་བ་ལས་ཕྱུག་ཏུ་འགྲོ་བ་ཞིག་རེད། ཁུར་ར་བག་སྲེག་ཆེ་རུ་སོང་ན་ཚང་མ་ལ་ཕན་ཐོགས་ཡོད། ལུགས་དང་མཐུན་པར་ཕྱུག་པོ་རྣམས་ནི་སྤྱི་ཚོགས་ཀྱི་ནང་དུ་བེད་སྤྱོད་ཆེ་ཤོས་དང་གཞན་ཕན་ཆེ་ཤོས་ཡིན་པ་ཡང་ཁོ་ཚོས་འཕེལ་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ཚང་མ་ལ་ཁེ་བཟང་སྤྲོད་ཀྱི་ཡོད་པས་རེད།

འོན་ཀྱང་དེ་ཆ་ཚང་ཕྱུག་པོ་རྣམས་ཀྱིས་དེ་དག་གི་ཁེ་ཕན་ཐོན་སྐྱེད་མེད་པའི་བྱ་བར་འཕྲོ་བརླགས་གཏོང་བ་མ་ཡིན་པར་བཟོ་གྲྭ་གསར་པ་ཕྱེས་ཏེ་ལས་མི་གསར་པ་གླ་བ་ལ་རག་ལས་ཡོད། དེར་བརྟེན་སི་མི་ཐ་གིས་བདེན་དོན་འདི་ཉིད་གཟུངས་སྔགས་ནང་བཞིན་བསྐྱར་ནས་ཡང་དུ་བགྲང་གནང་བ་སྟེ། ‘ནམ་ཞིག་ཁེ་ཕན་གོང་འཕེལ་ཕྱིན་ན་ཁང་བདག་གམ་ཐ་ག་པས་རོགས་རམ་པ་མང་ཙམ་གླ་བར་བྱེད་’ཅེས་པ་ལས། ‘ནམ་ཞིག་ཁེ་ཕན་གོང་འཕེལ་ཕྱིན་ན་སེལ་སྣ་ཅན་གྱིས་རང་གི་དངུལ་རྣམས་སྒམ་ཞིག་གི་ནང་དུ་བསྡུས་ནས་དངུལ་ཊམ་རྣམས་གྲངས་ཀ་བརྩི་བའི་ཁོ་ནའི་ཆེད་དུ་ཕྱིར་འདོན་པ་’དེ་འདྲ་མ་རེད། དེས་ན་དེང་རབས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གནད་འགག་ཆེ་ཤོས་ནི་ཁེ་སྐྱེད་སླར་ཡང་ཐོན་སྐྱེད་ཀྱི་མ་རྩར་འཇོག་དགོས་པར་འདོད་པའི་ལྟ་སྤྱོད་འབུར་དུ་ཐོན་པ་ལས་བྱུང་། དེ་འདྲ་བྱས་པས་ཁེ་སྐྱེད་མང་ཙམ་འབྱུང་ཞིང་དེ་སླར་ཡང་མ་རྩར་བཞག་པས་དེས་སླར་ཡང་ཁེ་སྐྱེད་སྤྲོད་པ་ལ་སོགས་པ་རྫོགས་མཐའ་མེད། མ་རྩར་འཇོག་པ་ལ་ཡང་ཐབས་ལམ་མང་པོ་ཡོད་པ་སྟེ། བཟོ་གྲྭ་རྒྱ་བསྐྱེད་པ། ཚན་རིག་གི་ཞིབ་འཇུག་བྱེད་པ། ཐོན་སྐྱེད་གསར་པ་གོང་འཕེལ་གཏོང་བ་བཅས་སོ། འོན་ཀྱང་དེ་དག་ཐམས་ཅད་ཀྱིས་ཐོན་སྐྱེད་གོང་འཕེལ་གཏོང་དགོས་ཤིང་ཁེ་ཕན་ཆེ་རུ་འགྱུར་བར་བྱ་དགོས། མ་རྩ་རིང་ལུགས་ཀྱི་གསུང་རབ་ཀྱི་ནང་དུ་ཆོས་ཀྱི་སྡོམ་ཐོག་མ་དང་གལ་ཆེ་ཤོས་ནི། ‘ཐོན་སྐྱེད་ཀྱི་ཁེ་སྐྱེད་ཐོན་སྐྱེད་སླར་ཡང་གོང་འཕེལ་གཏོང་ཐབས་ཀྱི་མ་རྩར་འཇོག་དགོས་’ཞེས་པ་དེ་རེད།

རྒྱུ་མཚན་དེས་མ་རྩ་རིང་ལུགས་ལ་‘མ་རྩ་རིང་ལུགས་’ཞེས་འབོད། མ་རྩ་རིང་ལུགས་ཀྱིས་‘རྒྱུ་ནོར་’ལས་‘མ་རྩ་’ལོགས་སུ་འབྱེད། མ་རྩ་ལ་དངུལ་དང་། ཅ་དངོས། ཐོན་ཁུངས་སོགས་ཐོན་སྐྱེད་ཀྱི་མ་རྩར་འཇོག་ཆོག་པ་རྣམས་ཡོད་ཅིང་། དེ་ལས་གཞན་རྒྱུ་ནོར་ནི་ས་འོག་ལ་སྦ་བའམ་ཐོན་སྐྱེད་མེད་པའི་ལས་འགུལ་རིགས་ལ་འཕྲོ་བརླགས་གཏོང་བ་ཞིག་གོ། ཐོན་སྐྱེད་མེད་པའི་སུམ་ཟུར་མཆོད་རྟེན་བཞེངས་པར་ཐོན་ཁུངས་འགྲོ་སོང་གཏོང་མཁན་གྱི་ཕཱ་རོ་ཨྷ་རྣམས་མ་རྩ་རིང་ལུགས་པ་མ་རེད་ལ། རྩ་ཆེའི་རྒྱུ་ནོར་ཁུར་བའི་སི་པན་གི་གྲུའི་ཁྱུ་བཅོམ་འཕྲོགས་བྱས་ཏེ་འོད་འཚེར་བའི་ཊམ་ཀས་གང་བའི་སྒམ་རྣམས་ Caribbean པོ་ཀེ་རི་རྦེན་གི་མཚོ་འགྲམ་དུ་སྦ་བར་བྱེད་པའི་མཚོ་ཇག་རྣམས་ཀྱང་མ་རྩ་རིང་ལུགས་པ་མ་རེད། འོན་ཀྱང་དཀའ་ལས་ཆེན་པོ་རྒྱག་ཐུབ་མཁན་བཟོ་གྲྭའི་ངལ་རྩོལ་བ་གང་ཞིག་རང་གི་ཡོང་སྒོ་ལས་ཆ་ཤས་ཞིག་stock market ཤེར་འབབ་ཁྲོམ་རར་བསྐྱར་དུ་མ་རྩར་འཇོག་མཁན་ནི་རེད།

ཐོན་སྐྱེད་ཀྱི་ཁེ་ཕན་ནི་ཐོན་སྐྱེད་གོང་འཕེལ་གཏོང་བའི་དོན་དུ་ངེས་པར་དུ་སླར་ཡང་མ་རྩར་འཇོག་དགོས་པའི་རིག་པ་འདི་དེ་ཙམ་གལ་ཆེན་མིན་པ་ལྟར་སྣང་ཡང་ལོ་རྒྱུས་ཐོག་མི་ཕལ་མོ་ཆེ་ལ་མཚོན་ན་དེ་ནི་ལྐོག་གྱུར་ཡིན་པ་རེད། དེང་རབས་ཀྱི་སྔོན་གྱི་དུས་སུ་ཐོན་སྐྱེད་ཀྱི་ཚད་ནི་ཕལ་ཆེར་རྒྱུན་འཇགས་ཡིན་པར་ཡིད་ཆེས་ཀྱི་ཡོད། བྱས་ཙང་ཁྱོད་ཀྱིས་གང་བྱས་ན་ཡང་ཐོན་སྐྱེད་ལ་འཕེལ་རྒྱས་འགྲོ་རྒྱུ་དེ་ཙམ་མེད་ན་ཁྱོད་ཀྱི་ཁེ་སྐྱེད་བསྐྱར་དུ་མ་རྩ་བཞག་ནས་གང་བྱེད། དུས་སྐབས་བར་མའི་སྐུ་དྲག་རྣམས་ཀྱིས་སྦྱིན་པ་གཏོང་བ་དང་འབྱོར་ལྡན་གྱི་འཚོ་བ་སྐྱེལ་བའི་ལྟ་སྤྱོད་ལ་དགའ་མོས་བྱས། དེ་དག་གིས་ཡོང་སྒོ་རྣམས་རྩེད་མོའི་འགྲན་བསྡུར་དང་། གསོལ་སྟོན་རྒྱས་པ། ཕོ་བྲང་དང་དམག་འཁྲུགས། དེ་བཞིན་སྦྱིན་གཏོང་ཐེབས་རྩ་དང་དྲན་རྟེན་རང་བཞིན་གྱི་ལྷ་ཁང་རིགས་བཞེངས་པར་འགྲོ་སོང་གཏོང་སྲོལ་ཡོད། དེ་དུས་སྒེར་གཞིས་ཀྱི་ཐོན་འབབ་གོང་འཕེལ་གཏོང་བའམ། གྲོ་སྤུས་ཀ་བཟང་དུ་གཏོང་ཐབས་དང་། ཁྲོམ་ར་གསར་པ་འཚོལ་བ་སོགས་ཀྱི་ཆེད་དུ་ཁེ་སྐྱེད་བསྐྱར་དུ་མ་རྩར་འཇོག་མཁན་ནི་མི་ཉུང་ཤས་ཤིག་རེད།

དེང་རབས་ཀྱི་དུས་སྐབས་འདིར་སྐུ་དྲག་གི་ལམ་ལུགས་ནི་མ་རྩ་རིང་ལུགས་ཀྱི་ཆོས་ལ་ཡིད་ཆེས་ཡང་དག་པ་བྱེད་པའི་མཐོ་རིམ་མི་སྣ་ཡི་ཁྱུ་དག་གིས་བཟུང་ཟིན་ཡོད། མ་རྩ་རིང་ལུགས་ཀྱི་མཐོ་རིམ་མི་སྣ་གསར་པ་དེ་དག་ནི་གུའི་གུང་པའམ་གུའི་གུང་པའི་ལྕམ་རྣམས་མ་ཡིན་པར་ཚོགས་གཙོའི་ལྷན་ཚོགས་སམ། stock traders ཤེར་འབབ་ཉོ་ཚོང་པ་རྣམས་དང་བཟོ་གྲྭའི་བདག་པོ་རྣམས་རེད། འབྱོར་ལྡན་འདི་དག་ནི་དུས་སྐབས་བར་མའི་སྐུ་དྲག་རྣམས་ལས་ཀྱང་ཕྱུག་ན་ཡང་ཁོ་ཚོ་དགོས་མེད་རྒྱས་སྤྲོའི་འཛད་སྤྱོད་ལ་དགའ་བོ་མེད་ཅིང་། ཁོང་རྣམས་ཀྱིས་ཐོན་སྐྱེད་མེད་པའི་ལས་འགུལ་གྱི་རིགས་ལ་ཁོ་ཚོའི་ཁེ་ཕན་གྱི་ཆ་ཤས་ཉུང་ཟད་ལས་གཏོང་སྲོལ་མེད།

དུས་སྐབས་བར་མའི་སྐུ་དྲག་རྣམས་ཀྱིས་གསེར་དང་དངུལ་ལས་གྲུབ་པའི་གོས་ཚོན་མདངས་འདྲ་མིན་ཅན་གྱོན་སྲོལ་ཡོད་ཅིང་། དེ་དག་གི་དུས་ཚོད་ཕལ་མོ་ཆེ་གསོལ་སྟོན་རྒྱས་པ་དང་། ཆོས་ལུགས་ཀྱི་མཛད་སྒོ། ངོ་མཚར་འོས་པའི་རྩེད་མོའི་འགྲན་བསྡུར་རིགས་ལ་གཏོང་སྲོལ་ཡོད། དེ་དང་བསྡུར་ན་CEO རྣམས་ཀྱིས་ suit ནུབ་གོས་རེ་གྱོན་ནས་ཆེ་ཉམས་སྟོན་པར་བྱེད་ཅིང་། ཁོ་ཚོ་ལ་དུས་ཆེན་འདྲ་མིན་ལ་གཏོང་བའི་དུས་ཚོད་དེ་ཙམ་མེད། མ་རྩ་རིང་ལུགས་པ་ཡིན་པའི་སྤྱིར་བཏང་གི་ཚོང་དོན་ཁེ་ལས་པ་རྣམས་ནི་ཚོང་ལས་ཀྱི་ཚོགས་འདུ་གཅིག་ནས་གཞན་དུ་བཅར་ནས་རང་ཉིད་ཀྱི་མ་རྩ་གང་དུ་བཞག་ན་བཟང་མིན་ཤེས་ཐབས་བྱེད་ཅིང་། རང་ལ་དབང་བའི་ཤེར་འབབ་དང་ bond བུན་འཛིན་རྣམས་ཀྱི་རིན་པ་ཡར་འཕར་མར་ཟག་གི་གནས་བབ་ལ་ལྟ་བཞིན་ཡོད། ཁོས་གྱོན་པའི་ནུབ་གོས་ནི་Versace ཝེར་སཱ་ཅེ་ཡིན་པ་དང་། སྒེར་གྱི་གནམ་གྲུའི་ནང་དུ་ཁོ་པ་འགྲུལ་བཞུད་བྱེད་སྲིད་པ་བདེན་ན་ཡང་ཁོ་པས་མི་ཡི་རིགས་ཀྱི་ཐོན་སྐྱེད་གོང་འཕེལ་གྱི་ཆེད་དུ་མ་རྩ་ཅི་ཙམ་བཞག་ཡོད་པ་དང་བསྡུར་ན་འགྲོ་སོང་དེ་དག་ནི་གང་ཡང་མ་རེད།

ཐོན་སྐྱེད་གོང་འཕེལ་གཏོང་བར་མ་རྩ་འཇོག་མཁན་ནི་Versace ཝེར་སཱ་ཅེ་གཟབ་འཆོར་གྱིས་སྤྲས་པའི་ཚོང་པ་མཐོ་རིམ་མི་སྣ་རྣམས་ཙམ་མིན་པར་མི་དཀྱུས་མ་དང་སྲིད་གཞུང་གི་ཚོགས་པ་རྣམས་ཀྱི་བསམ་བློ་གཏོང་ཚུལ་ཡང་དེ་དང་ཆ་འདྲ། ཁྱིམ་མཚེས་འབྲིང་ཙམ་དག་གི་དགོང་མོའི་ཞལ་ལག་གི་འདུ་འཛོམས་ག་ཚོད་ཅིག་སྔ་ཕྱི་མ་གཏོགས་རྫོགས་རྒྱུ་མེད་པའི་རྩོད་པ་སྟེ་རང་ཉིད་ཀྱི་བསགས་དངུལ་རྣམས་stock market, bond རྒྱུ་ཟོག་གང་གི་མ་རྩར་བཞག་ན་ཡག་མིན་ཐད་འགག་འགྲོ་ཡི་ཡོད་དམ། སྲིད་གཞུང་དག་གིས་ཀྱང་མ་འོངས་པའི་ཡོང་སྒོ་ཆེ་རུ་གཏོང་བའི་ཆེད་དུ་ཁྲལ་གྱི་ཐོན་འབབ་རྣམས་ཐོན་སྐྱེད་རང་བཞིན་གྱི་ཁེ་ལས་ཀྱི་མ་རྩར་འཇོག་སྲོལ་ཡོད། དཔེར་ན་གྲུ་ཡི་འབབ་ཚུགས་གསར་པ་ཞིག་བཟོས་ན་བཟོ་གྲྭ་ཁག་ལ་ཐོན་ཟོག་ཕྱིར་འདྲེན་བྱེད་པར་སྟབས་བདེ་རུ་འགྲོ་ཞིང་ཁྲལ་འགེལ་ཆོག་པའི་ཡོང་སྒོ་མང་ཙམ་བཟོ་རུ་བཅུག་ཐུབ་པ་དང་། དེ་ལྟར་བྱས་པས་སྲིད་གཞུང་གི་མ་འོངས་པའི་ཡོང་འབབ་གོང་འཕེལ་གཏོང་ཆོག ཡང་སྲིད་གཞུང་གཞན་ཞིག་གིས་ཤེས་ཡོན་གྱི་སློབ་སྦྱོང་གི་ཆེད་དུ་མ་རྩ་འཇོག་སྲིད་པ་སྟེ། དེ་ཡང་ཤེས་ཡོན་ཅན་གྱི་མི་ཡོད་ན་ཁེ་ཕན་ཆེ་བའི་ཚད་མཐོའི་འཕྲུལ་ཆས་བཟོ་གྲྭ་འཛུགས་ཐུབ་པ་དང་། དེ་ཐུབ་ན་གྲུ་གཟིངས་འབབ་ཚུགས་རྒྱ་ཆེན་པོ་བཟོ་མ་དགོས་པར་ཁྲལ་འབོར་ཆེན་འཇལ་ཐུབ་ཀྱི་ཡོད་པ་རེད།

ཐོག་མའི་ཆར་མ་རྩ་རིང་ལུགས་ནི་དཔལ་འབྱོར་གྱི་འགྲོ་སྟངས་གང་འདྲ་ཡིན་པའི་ལྟ་གྲུབ་ཀྱི་རྣམ་པར་དབུ་བརྙེས་ཤིང་། དེ་ནི་འགྲེལ་བརྗོད་དང་ལམ་སྟོན་གཉིས་ཀ་ཡིན་པ་ཡང་། དེས་དངུལ་གྱི་འགྲོ་སྟངས་གང་འདྲ་ཡིན་པའི་ཚུལ་འགྲེལ་བརྗོད་བྱས་པ་དང་འབྲེལ། ཁེ་ཕན་བསྐྱར་དུ་ཐོན་སྐྱེད་ཀྱི་མ་རྩར་བཞག་ན་དཔལ་འབྱོར་ཡར་རྒྱས་མགྱོགས་པོ་ཡོང་བའི་རིག་པ་དར་སྤེལ་བྱས་ཡོད། འོན་ཀྱང་རིམ་པས་མ་རྩ་རིང་ལུགས་ཀྱིས་དཔལ་འབྱོར་རིག་པའི་ལྟ་གྲུབ་ལས་བརྒལ་ནས། ད་ལྟའི་ཆར་འདི་ཉིད་ཀྱིས་ལྟ་སྤྱོད་གང་དག་སྟོན་པ་ནི། མི་རྣམས་ཀྱིས་སྤྱོད་ལམ་གང་འདྲ་བསྟེན་དགོས་པ་དང་། ཕྲུ་གུ་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་དང་ཐ་ན་བསམ་མནོ་གཏོང་ཚུལ་བཅས་ཀྱི་ཐད་ལ་ཡང་གདམས་ངག་གནང་ཡོད། དེའི་གྲུབ་མཐའ་གཙོ་བོ་ནི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་བླ་ན་མེད་པའི་འཕེལ་རྒྱས་བཟང་པོའམ། མ་མཐར་ཡང་བླ་ན་མེད་པའི་འཕེལ་རྒྱས་བཟང་པོའི་ངོ་ཚབ་ཅིག་སྟེ། རྒྱུ་མཚན་ནི་བཀའ་ཁྲིམས་དྲང་པོ་དང་། རང་དབང་། ཐ་ན་བདེ་སྐྱིད་དང་བཅས་པ་ཐམས་ཅད་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རག་ཡོད་པས་རེད།

གསལ་བཤད། ཉེ་ཆར་ཁོ་བོས་དངུལ་གྱི་ལམ་ལུགས་ཞེས་པའི་རྩོམ་གྱི་ལེ་ཚན་ཁ་ཤས་ཤིག་སྤེལ་བའི་ནང་དུ་ཡིད་རྟོན་དངུལ་བུན་གྱིས་ད་ལྟའི་ཆར་དངུལ་གྱི་བརྒྱ་ཆ་གོ་བདུན་ནས་གོ་བརྒྱད་ཡས་མས་ཟིན་གྱི་ཡོད་ཚུལ་དང་། དེ་ལ་སྲིད་གཞུང་དང་དབུས་དངུལ་ཁང་གིས་ཚོད་འཛིན་བྱེད་པ་ཧ་ཅང་དཀའ་ཚུལ་སོགས་བཤད་པས་ཀློག་པ་པོ་ཁ་ཤས་ལ་དེ་འདྲ་ཡིན་ན་ཡིད་རྟོན་དངུལ་བུན་ནི་ཡག་པོ་མིན་པའི་བསམ་ཚུལ་སྐྱེ་སྲིད་པས་དེ་ལ་ཡང་བཟང་ངན་གྱི་ཕྱོགས་གཉིས་ཀ་ཡོད་པ་ཤེས་བྱེད་དང་། ཡང་མ་རྩ་རིང་ལུགས་ཀྱི་རིག་པ་ནི་དེང་རབས་ཀྱི་ཚོང་ལས་ཀྱི་རིག་པ་ཞིག་ཡིན་པས་ན་མིག་སྔར་བོད་ཀྱི་སྤྱི་ཚོགས་ལ་འདི་འདྲའི་རིག་པ་དང་འཆར་གཞི་ཡོད་མཁན་ཧ་ཅང་དཀོན་པས་ན་གོ་ཐོས་ལྟར་ན་འདས་པའི་ལོ་བཅུ་ཕྲག་གི་སྔོན་ཙམ་དུ་བོད་ཁྱིའི་ཚོང་ཆེ་བའི་སྐབས་སུ་བོད་པ་ཁ་ཤས་ཀྱིས་ཁྱི་བཙོང་ནས་གནས་སྐབས་རིང་ཕྱུག་པོ་འབྱོར་ལྡན་དུ་གྱུར་ཀྱང་རིང་པོ་མ་ལོན་པར་སྤྲང་པོ་སྤྲང་ནག་ཏུ་གྱུར་པའི་དོན་རྐྱེན་མི་ཉུང་བ་ཞིག་འཕྲད་ཡོད་པ་ཡང་མ་རྩ་འཇོག་པའི་རིག་པ་མེད་པའི་རྐྱེན་གྱིས་ཡིན་པས་ན་ཚོང་ལས་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གཏོང་བར་རིག་པ་འདི་ཡང་མི་ཤེས་སུ་མི་རུང་བའི་རྒྱུན་ཤེས་གལ་ཆེན་ཞིག་ཏུ་མཐོང་ནས་ཁོ་བོས་ཨི་སི་རིལ་ནས་ཡིན་པའི་དེང་རབས་ལོ་རྒྱུས་སྨྲ་བ་པོ་དང་རྩོམ་པ་པོ་གྲགས་ཅན་ Yuval Noah Harari ཡུ་ཝལ་་ནོ་ཨ་་ཧ་ར་རི་གིས་བརྩམས་པ་Sapiens ཞེས་པ་སྟེ་འགྲོ་བ་མི་ཡི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་དེའི་ནང་ནས་ཟུར་དུ་བཀོལ་ནས་དངུལ་གྱི་ལམ་ལུགས་ཀྱི་ངོ་སྤྲོད་ཀྱི་ཆ་ཤས་སུ་བསྒྱུར་ནས་སྤེལ་བ་ལགས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།