རྫོང་སར་མཁྱེན་བརྩེ་ལ་འབུལ་བ། 

18441


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

རིན་པོ་ཆེ་ལགས། སྐུ་ཁམས་བཟང་། ཐོག་མར་ངས་གུས་པ་དང་བཅས་ཞུ་དགོས་པ་ཞིག་ལ་ང་ནི་ཁྱེད་ཀྱི་སློབ་མ་མིན་ལ་ཁྱེད་ལ་དམིགས་བསལ་གྱི་དགའ་མོས་བྱེད་མཁན་ཞིག་ཀྱང་མིན། འོན་ཀྱང་བཤད་མ་དགོས་པར་ཁྱེད་ནི་དེང་དུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལས་འབུར་དུ་ཐོན་ཆེ་ཤོས་ཤིག་རེད་ལ། འབུར་དུ་ཐོན་པའི་རྒྱུ་མཚན་གཙོ་བོ་ནི་ཁྱེད་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཡོད་པའི་ཐོག གང་གསུངས་ཤིང་གང་གནང་ན་ཡང་བླ་སྤྲུལ་གཞན་དང་མི་འདྲ་བ་ཞིག་གནང་མཁན་ཡིན་པས་རེད། ཤར་ནུབ་ཀྱི་མི་མང་པོས་ཁྱེད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ན་ཡང་སྙན་གྲགས་ཅན་གྱི་མི་ཕལ་མོ་ཆེ་བཞིན་ཁྱེད་ཀྱང་ད་ཆ་སྐྱོན་བརྗོད་དང་བསྟོད་བསྔགས་གཉིས་ཀ་ལ་དེ་ཙམ་དོ་སྣང་མེད་པར་གྱུར་ཡོད་ངེས། འོན་ཀྱང་དེ་ནི་བཟང་ངན་གང་ལྟར་ཡང་ཁྱེད་སྐུ་སྒེར་གྱི་གཤིས་ཀ་ཞིག་ཡིན་པའི་ཐོག སུ་དང་གང་གིས་འགྱུར་བཅོས་གཏོང་ཐུབ་པ་ཞིག་ཀྱང་མིན་སྲིད་པས་དེའི་སྐོར་ལ་དམིགས་བསལ་བཤད་རྒྱུ་མེད། 

ངས་བཤད་འདོད་པ་ནི་ཁྱེད་ཀྱིས་ལོ་ཤས་སྔོན་ནས་འབར་མའི་ལྕམ་ཨང་སན་སུ་ཀྱི་ལ་བསྐུར་གནང་བའི་ཕྱག་བྲིས་དེའི་སྐོར་ལ་ཡིན། ཁྱེད་ཀྱིས་ཐོག་མར་དབྱིན་ཡིག་གི་ནང་དུ་བྲིས་ནས་སྤེལ་བའི་སྐབས་སུ་གནད་དོན་དེ་ནི་རྒྱལ་སྤྱིའི་ཐོག་ཛ་དྲག་ཆེ་ཞིང་ལབ་གླེང་མང་བའི་གནད་དོན་ཞིག་ཡིན་པས་ན་ངས་ཀྱང་ཆ་ཚང་བཀླག་རྒྱུ་བྱུང་ཞིང་། སྐབས་དེར་ཐོག་མར་ཁྱེད་ཀྱིས་གསུངས་པ་ལ་གནས་ལུགས་མང་པོ་འདུག་དྲན་ཀྱང་། རིམ་པས་ཅི་ཙམ་བསམ་གཞིགས་བྱས་ཀྱང་དེ་ཙམ་གནས་ལུགས་ཉུང་བར་མཐོང་ཞིང་ད་དུང་ཁྱེད་ལྟ་བུས་དེ་ལྟར་གསུངས་པ་ནི་ཕྱོགས་གང་ཐད་ནས་འོས་ཤིང་འཚམས་པ་ཞིག་ཏུ་ཡང་མ་མཐོང་། དེ་ལྟར་ན་ཡང་སྐབས་དེར་ཁྱེད་ཀྱིས་དབྱིན་ཡིག་ཐོག་སྤེལ་གནང་བའི་ཕྱག་བྲིས་དེའི་སྡིངས་ཆ་ནི་ནུབ་ཕྱོགས་པའི་སྤྱི་ཚོགས་ཡིན་ངེས་པས་ངས་དེ་ལ་ཇུས་གཏོགས་བྱ་དགོས་པ་ཡང་མ་རེད་ལ་བྱ་ཐུབ་པ་ཡང་མ་ཡིན་པས་ངས་དེའི་སྐོར་གང་ཡང་བཤད་རྒྱུ་མ་བྱུང་། འོན་ཀྱང་ཉེ་ཆར་ཁྱེད་ཀྱི་ཕྱག་བྲིས་དེ་ཉིད་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་གནང་སྟེ་བོད་ཀྱི་དྲ་ལམ་ཕལ་མོ་ཆེར་སྤེལ་གནང་བ་མ་ཟད་ངའི་ངོ་ཤེས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཀྱང་བསྟོད་བསྔགས་དང་བཅས་ང་ལ་སྒེར་ནས་བརྒྱུད་བསྐུར་གནང་བྱུང་། 

ངས་ཁོང་རྣམས་སུ་ལ་ཡང་ང་རང་སྒེར་གྱི་ལྟ་ཚུལ་བཤད་རྒྱུ་མ་བྱུང་ཞིང་། བཤད་ཀྱང་ཕྲག་དོག་དང་རང་ཉིད་ཀྱང་དེ་ལ་བརྟེན་ནས་སྐད་གྲགས་ཤིག་སྙམ་པ་ལྟ་བུ་ལས་བཟང་ཕྱོགས་ཀྱི་ཕན་འབྲས་གང་ཡང་མེད་སྲིད་པས་སླར་ཡང་མི་སྨྲ་བའི་བརྟུལ་ཞུགས་ལ་གནས། འོན་ཀྱང་ཞིབ་ཏུ་བསམ་དུས་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་ངོས་ནས་བསམས་ན་ཕྱོགས་གཅིག་ནས་ཁྱེད་ནི་ཆོས་ལུགས་ཀྱི་གལ་གནད་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་ཁྱེད་ནི་ཤར་ནུབ་གཉིས་ཀའི་རིག་གཞུང་དང་གནས་སྟངས་ཆ་ཚང་བ་དགོངས་མཁན་ཞིག་ཏུ་བོད་མི་ཕལ་མོ་ཆེས་ངོས་འཛིན་གྱི་ཡོད་པ་ལ་ཁྱེད་ཀྱིས་ཨང་སན་སུ་ཀྱིའི་མིང་ཐོག་ལ་སྤྲིངས་གནང་བའི་འཕྲིན་ཡིག་བོད་འགྱུར་དེའི་བརྒྱུད་ནས་བོད་མི་རིགས་ལ་ཆ་གང་ཞིག་སྐུར་བཞིན་པ་དེ་ནི་ངས་བསམས་ན་འཐད་པ་ལས་ཀྱང་མི་འཐད་པའི་ཆ་མང་ཞིང་ཕན་པ་ལས་ཀྱང་གནོད་ཆེ་བ་ཞིག་མིན་ནམ་སྙམ་པས། ང་ཡི་ཡི་གེ་འདི་ནི་ཁྱེད་ཀྱི་ཕྱག་བྲིས་དེ་ལ་རང་ངོས་ཀྱི་ལྟ་ཚུལ་བཤད་པ་ཙམ་ཡིན།


དང་པོ། 

དེ་ཡང་ཚང་མས་ཤེས་གསལ་ལྟར་ཨང་སན་སུ་ཀྱི་གིས་དབུ་ཁྲིད་པའི་འབར་མའི་སྲིད་གཞུང་གིས་རོ་ཧིན་རྗ་གི་མི་རིགས་ལ་གདུག་རྩུབ་ཆེན་པོ་བྱས་པ་འཛམ་བུའི་གླིང་གིས་མངོན་སུམ་དུ་མཐོང་བཞིན་དུ་རིན་པོ་ཆེ་ཁྱེད་ཀྱིས་ད་དུང་ཨང་སན་སུ་ཀྱི་ལ་ཁྱེད་ནི་ང་ཡི་སེམས་གཏིང་གི་དུས་རབས་ཀྱི་དཔའ་མོ་དངོས་གནས་ཡིན་པར་གསུངས་ན་ཡང་ཁྱེད་ཀྱིས་འབར་མའི་སྲིད་གཞུང་གིས་རོ་ཧིན་རྗ་གི་མི་རིགས་ལ་བཙན་གནོན་དྲག་པོ་བཏང་བའི་དོན་རྐྱེན་དེའི་འགན་ནི་འབར་མའི་དམག་གི་སྲིད་གཞུང་ལ་ཡོད་པ་ལས་ཨང་སན་སུ་ཀྱི་ལ་ཕལ་ཆེར་མེད་པ་ལྟ་བུར་གསུངས་ནས་ཐ་ན་གནད་དོན་དེའི་ཐད་ཞིབ་ཕྲ་མ་གསུངས་པར་གཡོལ་ཐབས་གནང་བའི་རྣམ་པ་ཡོད། དེར་བརྟེན་དེའི་ཐད་ལ་སྐྱོན་བརྗོད་བྱེད་མཁན་བྱུང་བ་དཔེར་ན་༢༠༡༨ ཟླ་བ་༡༡ ཚེས་ཉེར་བཞི་ཉིན་མོར་ The Buddhist Channel ཐོག་ཏུ་བཀོད་པའི་ཁྱེད་ཀྱི་ཕྱག་བྲིས་དེའི་ནང་དུ་མཆན་ཞིག་ལ། “མི་རིགས་གཙང་སེལ་དང་མི་རིགས་སྡེབ་གསོད་ཀྱིས་ང་ཚོའི་ཤར་ཕྱོགས་པའི་རླབས་ཆེན་གྱི་ཤེས་རབ་ཀྱི་ལུགས་སྲོལ་དང་ཤུལ་རྗེས་ཇི་ལྟར་བྱས་ནས་མཚོན་ཐུབ་བམ། རྫོང་གསར་མཁྱེན་བརྩེའི་རྩོད་པ་འདི་ལ་ཞན་ཆ་ཆེན་པོ་ཞིག་འདུག་”ཅེས་བྲིས་ཡོད་པ་ལྟར་རེད།

གང་ལྟར་འདས་པའི་དུས་སུ་ཨང་སན་སུ་ཀྱི་བཟང་པོ་ཡིན་པ་ནི་ནུབ་ཕྱོགས་པའི་སྤྱི་ཚོགས་དང་རིན་པོ་ཆེ་ཁྱེད་གཉིས་ཀས་འདོད་ཅིང་། ད་ལྟའི་དུས་སུ་འཛམ་གླིང་གཞན་ཕལ་མོ་ཆེས་ཨང་སན་སུ་ཀྱི་ཡག་པོ་མིན་པར་འདོད་པ་ལ་ཁྱེད་ཀྱིས་དེ་ལ་དགག་པ་ཤུགས་ཆེན་པོས་བརྒྱབ་ན་ཡང་ད་ལྟའི་ཆར་ཨང་སན་སུ་ཀྱི་ཡག་པོ་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད་པ་དེ་རེད། ཐད་ཀར་བལྟས་ན་ཁྱེད་ཀྱིས་ཨང་སན་སུ་ཀྱི་ཡག་པོ་ཡིན་པར་འདོད་པའི་རྒྱུ་མཚན་ནི་འདས་པའི་དུས་སུ་ཨང་སན་སུ་ཀྱི་ཡག་པོ་ཡིན་པའི་རྒྱུ་མཚན་དང་། དེ་ལས་ཀྱང་གལ་ཆེ་བར་ཨང་སན་སུ་ཀྱི་ཨེ་ཤ་ཡ་ནས་ཡིན་པ་དང་། ད་དུང་ནུབ་ཕྱོགས་ཀྱི་ལུང་པ་ཚོས་སྐྱོན་བརྗོད་ཅི་ཙམ་བྱས་ཀྱང་ཨང་སན་སུ་ཀྱི་གིས་དེ་ལ་མགོ་མ་བསྒུར་བ་དེ་ཉིད་ཡིན་པ་ཕལ་ཆེར་གསལ་པོར་མཐོང་ཐུབ།

མདོར་ན་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་གོང་དུ་འཚེ་མེད་ཞི་བའི་ལམ་གཞིར་བཟུང་ནས་མི་སེར་གྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ་རང་སྲོག་ཀྱང་བློས་བཏང་ནས་འཐབ་རྩོད་གནང་མཁན་གྱི་ལྕམ་ཨང་སན་སུ་ཀྱི་ད་ལྟའི་ཆར་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་ན་ནག་ཉེས་ཆེ་ཤོས་ཏེ་མི་རིགས་སྡེབ་གསོད་ཀྱི་སྐྱོན་འཛུགས་ཡོད་ས་ཞིག་ཏུ་གྱུར་ཡོད། དེར་བརྟེན་འཛམ་གླིང་གང་ས་ནས་ཐ་ན་ཆོས་ལུགས་རྩ་བ་ནས་ཁས་མི་ལེན་པའི་མི་མང་པོས་ཀྱང་ཨང་སན་སུ་ཀྱི་གི་བྱེད་སྟངས་ནི་ཡ་ང་སྙིང་རྗེ་མེད་པ་ཞིག་ཏུ་མཐོང་ནས་མོའི་བྱ་སྤྱོད་རྣམས་འགོག་མ་ཐུབ་ཀྱང་མ་མཐར་ཡང་མོའི་ཆེ་མཐོང་གི་གཟེངས་རྟགས་རྣམས་ཕྱིར་བསྡུ་བྱ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། ནང་པ་སངས་རྒྱས་པའི་བླ་མ་ཁྱེད་ལྟ་བུ་ཞིག་ཨང་སན་སུ་ཀྱི་གི་རྒྱབ་སྐྱོར་དུ་ལངས་ནས་འཛམ་གླིང་གི་མི་དེ་དག་གི་བྱེད་སྟངས་ནི་ཆབ་སྲིད་ཅིག་ཡིན་པར་གསུངས་ནས་སྐྱོན་བརྗོད་གནང་བས་ནི་ཤར་ཕྱོགས་པའི་ཞེན་ཁོག་མཚོན་པ་ཙམ་ལས་ནང་ཆོས་ཀྱི་ལྟ་སྤྱོད་མཚོན་པ་ཡང་མ་རེད་ལ་དེང་རབས་ཀྱི་བསམ་བློ་ནི་དེ་བས་ཀྱང་མཚོན་པ་མ་རེད་དྲན། ད་དུང་ཁྱེད་ཀྱིས་གསུངས་པ་ལྟ་བུའི་ང་ཚོའི་སྤོབས་པ་སྐྱེ་བར་འོས་པའི་ཤར་ཕྱོགས་ཀྱི་སྲོལ་རྒྱུན་ནི་རྒྱ་གར་གྱི་རྒྱལ་པོ་ཆོས་རྒྱལ་མྱ་ངན་མེད་ལྟ་བུ་འཛམ་གླིང་གི་ཤེས་རབ་ཅན་ཚང་མས་བསྟོད་བསྔགས་ཞུ་ས་དེ་འདྲ་ཞིག་ཡིན་པ་ལས་འཛམ་གླིང་གི་མི་རིགས་དང་ཆོས་ལུགས་རིས་མེད་ཚང་མས་སྐྱོན་བརྗོད་ས་ཞིག་ཡིན་མི་སྲིད་སྙམ། 

ཁྱེད་ཀྱིས་ཕྱག་བྲིས་དེའི་ནང་དུ་ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོས་དེ་སྔོན་ཨང་སན་སུ་ཀྱི་ལ་ཕུལ་བའི་གཟེངས་རྟགས་དང་ཆེ་མཐོང་རྣམས་ཕྱིར་འཐེན་བྱ་དགོས་པའི་འབོད་བསྐུལ་དང་ཁྱབ་བསྒྲགས་བྱས་པ་ནི་ནུབ་ཕྱོགས་པའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་ཞིག་རེད་ཅེས་གསུངས་པ་ནི་ངས་ཅི་ཙམ་བསམ་མནོ་བཏང་ཡང་དེ་ལ་འབྲེལ་བ་གང་ཡང་མ་མཐོང་ཞིང་ངའི་ངོས་ནས་བསམས་ན་དེ་ནི་ཁྱེད་ཀྱིས་ཐུགས་བསམ་བཞེས་རྒྱུ་མང་དྲགས་པས་རེད་སྙམ། ཨང་སན་སུ་ཀྱི་ལ་འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་གཟེངས་རྟགས་འདྲ་མིན་ཕུལ་བ་ལ་གཟེངས་རྟགས་འདྲ་མིན་དེ་དག་འཛམ་གླིང་གང་ས་ནས་ཡིན་པའི་རླབས་ཆེན་གྱི་མི་སྣ་རྣམས་ལ་ཕུལ་བ་ལས་ནུབ་ཕྱོགས་པས་ཨེ་ཤ་ཡ་གི་མི་རིགས་གཅིག་པུ་ལ་སྤྲད་པ་ཞིག་མིན་ཅིང་། གལ་སྲིད་ནུབ་ཕྱོགས་པས་ཨེ་ཤ་ཡ་ནས་ཡིན་པའི་ཕུལ་བྱུང་མི་སྣ་རྣམས་ལ་གཟེངས་རྟགས་སྤྲད་པ་དེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་ཇུས་ཡིན་ན་ནོ་རྦེལ་གྱི་གཟེངས་རྟགས་ལྟ་བུར་མཚོན་ན་ཀོ་རི་ཡ་ལས་ཀྱང་ཉི་ཧོང་གི་མི་ལ་ཐོབ་པ་མང་བས་ཁྱེད་ཀྱིས་གསུངས་ན་དེ་ཡང་ཉི་ཧོང་གི་ཕུལ་བྱུང་མི་སྣ་བྱས་རྗེས་ཅན་མང་བས་མ་ཡིན་པར་ནོ་རྦེལ་གཟེངས་རྟགས་ཚོགས་པས་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་ཇུས་ཀོ་རི་ཡ་ལས་ཀྱང་ཉི་ཧོང་ལ་ལག་བསྟར་བྱས་པ་མང་བའི་གནད་དོན་ཞིག་རེད་དམ།

མི་དམངས་ཀྱིས་ནོ་རྦེལ་གཟེངས་རྟགས་ཕྱིར་འཐེན་དགོས་པའི་འབོད་བསྐུལ་བྱས་པའི་ཁྲོད་ནས་ཤར་ཕྱོགས་ནས་ཡིན་པའི་གྲས་ལ་ཨང་སན་སུ་ཀྱི་ཙམ་ལས་མེད་པ་དེ་ཨང་སན་སུ་ཀྱི་རང་གི་བྱེད་སྟངས་མ་འགྲིག་པ་ཞིག་རེད་དམ་ནུབ་ཕྱོགས་པའི་བྱེད་སྟངས་མ་འགྲིག་པ་ཞིག་རེད། ཁྱེད་ཀྱིས་ཨང་སན་སུ་ཀྱི་ལས་ཨོ་བྷ་མ་ལ་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་འབོད་བསྐུལ་བྱེད་མཁན་“སུ་ཡང་མ་བྱུང་”ཞེས་གསུངས་པ་ནི་ཐལ་དྲགས་པ་ཞིག་སྟེ། ཨོ་བྷ་མ་ལ་ནོ་རྦེལ་ཞི་བདེའི་གཟེངས་རྟགས་སྤྲད་པར་ནུབ་ཕྱོགས་ལུང་པ་ཚང་མས་ཁྲེལ་དགོད་བྱས་པས་ནོ་རྦེལ་གི་དྲུང་ཆེ་Geir Lundestad གིས་རང་བརྩམས་མི་ཚེའི་ལོ་རྒྱུས་ནང་དུ་ད་ལྟའི་བར་ཨོ་བྷ་མ་ལ་གཟེངས་རྟགས་སྤྲད་པ་ལས་ལྷག་པའི་གླེང་སློང་མ་བྱུང་ཞིང་། ཐ་ན་ཨོ་བྷ་མ་རང་ལ་དགའ་མཁན་ཚོས་ཀྱང་ཨོ་བྷ་མ་ལ་གཟེངས་རྟགས་སྤྲད་པར་དགའ་བོ་བྱས་མེད་པ་སོགས་ཀྱིས་ཨོ་བྷ་མ་ལ་ནོ་རྦེལ་གཟེངས་རྟགས་སྤྲད་པར་སྙིང་ཐག་པ་ནས་གནོང་འགྱོད་ཡོད་ཅེས་གསུངས་ཡོད། དེ་བཞིན་ཨོ་རུ་སུ་གི་ཆབ་སྲིད་དཔོན་པོ་ Vladimir Zhirinovsky དང་། ཨ་རི་མངའ་སྡེ་Iowa གི་ཆབ་སྲིད་ཚོགས་པ་བཅས་ཀྱིས་ཨོ་བྷ་མ་ཡི་གཟེངས་རྟགས་ཕྱིར་བསྡུ་བྱ་དགོས་ཚུལ་བཤད་ཅིང་། ལས་འགུལ་སྤེལ་སའི་དྲ་གནས་གྲགས་ཅན་ RootsAction.org ཞེས་པའི་ནང་དུ་མི་ཉི་ཁྲི་བཞི་སྟོང་ལྷག་གིས་ཨོ་བྷ་མའི་ནོ་རྦེལ་གཟེངས་རྟགས་ཕྱིར་འཐེན་བྱ་དགོས་པའི་སྙན་ཞུ་ཕུལ་ཡོད་པ་ལྟ་བུ་རེད།

རོ་ཧིན་རྗ་གི་གནད་དོན་ཛ་དྲག་ཆེ་བའི་སྐབས་དེར་དེ་སྔོན་ཨང་སན་སུ་ཀྱི་ལ་དགའ་མོས་དང་གུས་ཞབས་ཆེ་བའི་མི་མང་པོ་ཞིག་ཀྱང་མོའི་བྱེད་སྟངས་ལ་ཞེན་པ་ལོག་ཡོད་ཅིང་། མོའི་གཟེངས་རྟགས་ཕྱིར་བསྡུ་དགོས་ཞེས་འབོད་བསྐུལ་བྱེད་མཁན་ཡང་ཤར་ནུབ་གཉིས་ཀའི་སྤྱི་ཚོགས་ནས་བྱུང་བ་ལས་ནུབ་ཕྱོགས་པའི་སྤྱི་ཚོགས་ཁོ་ན་ནས་བྱུང་བ་ག་ལ་ཡིན། འོན་ཀྱང་སྐབས་དེར་ནོ་རྦེལ་གཟེངས་རྟགས་ཚོགས་པ་སྟེ། Norweigian Nobel Committee གི་དྲུང་ཆེ་ Olav Njoelstad གིས་“བརྗེད་མི་རུང་བ་གལ་ཆེན་ཞིག་ནི་ནོ་རྦེལ་གཟེངས་རྟགས་ནི་དངོས་ཁམས་རིག་པ་དང་། རྩོམ་རིག ཞི་བདེ་གང་གི་ཆེད་དུ་ཕུལ་བ་ཡིན་ན་ཡང་འདས་པའི་དུས་སུ་གཟེངས་རྟགས་དེ་ཉིད་སྤྲོད་འོས་པའི་[མི་དེས་]འབད་བརྩོན་བྱས་པའམ་གྲུབ་འབྲས་ཐོན་པས་ཕུལ་བ་ཞིག་ཡིན་ཅིང་། ཨང་སན་སུ་ཀྱི་ལ་ནོ་རྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནི་ཁོང་ལ་གཟེངས་རྟགས་དེ་ཉིད་ཐོབ་པའི་ལོ་སྟེ་༡༩༩༡ ལོ་ཡི་བར་དུ་ཁོང་གིས་དམངས་གཙོ་དང་རང་དབང་གི་ཆེད་དུ་འཐབ་རྩོད་གནང་བ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པས་ནོ་རྦེལ་གཟེངས་རྟགས་ཀྱི་འགྲོ་སྟངས་ལྟར་ན་སྤྲད་ཟིན་པའི་གཟེངས་རྟགས་ཕྱིར་བསྡུ་བྱ་མི་ཆོག” ཅེས་གསུངས་ནས་ནོ་རྦེལ་ཚོགས་པས་ཨང་སན་སུ་ཀྱི་གི་གཟེངས་རྟགས་ཕྱིར་བསྡུ་བྱེད་པའི་འབོད་བསྐུལ་ལ་དང་ལེན་བྱས་མེད། 

སྤྱི་ལོ་༡༩༧༣་ལོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Henry Kissinger ལ་ནོ་རྦེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་ན་ནོ་རྦེལ་གཟེངས་རྟགས་སྤྲོད་པའི་ཚོགས་པའི་ནང་ནས་སི་པེན་ནས་ཡིན་པ་དང་ཅི་ལི་ནས་ཡིན་པའི་ཚོགས་མི་གཉིས་ཀྱིས་ངོ་རྒོལ་གྱི་ཚུལ་དུ་ཚོགས་པ་ནས་རྩ་དགོངས་ཞུས་པ་ནི་ནོ་རྦེལ་གཟེངས་རྟགས་སྤྲོད་པའི་ཚོགས་པ་ནས་མོས་མཐུན་མེད་པའི་རྒྱུ་མཚན་གྱིས་རྩ་དགོངས་ཞུས་པ་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པར་གྲགས། དེར་བརྟེན་ནོ་རྦེལ་གྱི་གཟེངས་རྟགས་སྤྲད་པར་དགའ་བོ་མི་བྱེད་ས་དང་། ངོ་རྒོལ་བྱས་པ། ཕྱིར་བསྡུ་དགོས་པར་འབོད་བསྐུལ་བྱ་ས་ནུབ་ཕྱོགས་རང་གི་ཁྲོད་དུ་ཡང་བྱུང་བ་ལས་ཤར་ཕྱོགས་ཁོ་ན་དང་ཨང་སན་སུ་ཀྱི་ཁོ་ན་ལ་བྱུང་བ་ཞིག་མ་རེད། ཀེ་ན་ཌ་སོགས་གཞན་གྱིས་དེ་སྔོན་གུས་བཀུར་མཚོན་བྱེད་དུ་ཨང་སན་སུ་ཀྱི་ལ་གཟེངས་རྟགས་མི་ཉུང་བ་ཕུལ་བ་ནི་སྐབས་དེར་ཨང་སན་སུ་ཀྱི་ལ་གཟེངས་རྟགས་དེ་དག་ཕུལ་བའི་ཆ་རྐྱེན་མཐོང་བས་རེད་ལ། ཕྱིས་སུ་ཕྱིར་བསྡུའི་གནད་དོན་བྱུང་བ་ཡང་མོའི་ད་ལྟའི་གནས་སྟངས་ཀྱིས་རྒྱལ་ཁབ་དང་ཚོགས་པ་དེས་མོས་ལ་ཡོད་པའི་ལྟ་བ་དང་འགལ་གྱི་ཡོད་པས་རེད། མི་ཞིག་གིས་བྱ་བ་བཟང་པོ་བྱེད་སྐབས་བསྟོད་བསྔགས་བརྗོད་ཅིང་བྱ་དགའ་སྟེར་བ་དང་། ཕྱིས་སུ་མི་དེ་འགྱུར་ནས་བྱ་བ་ངན་པ་བྱེད་པའི་སྐབས་སུ་སྐྱོན་བརྗོད་བྱེད་ཅིང་སྔོན་ཆད་ཀྱི་འབྲེལ་བ་གཅོད་པ་ནི་སྤྱི་ཚོགས་གང་ལ་ཡང་འབྱུང་སྲིད་པ་ལས་ནུབ་ཕྱོགས་གཅིག་པུའི་ཆབ་སྲིད་ལ་བྱུང་བ་ཞིག་ག་ལ་ཡིན། 


གཉིས་པ། 

ངས་བསམས་ན་ཁྱེད་ཀྱི་འཕྲིན་ཡིག་འདི་བོད་ཀྱི་སྤྱི་ཚོགས་ནང་དུ་ཉེ་ཆར་མི་མང་པོས་དགའ་མོས་བྱས་པ་ཡང་གཙོ་བོ་གཅིག་ནི་ཁོང་རྣམས་ཀྱིས་ཁྱེད་ལ་ཡིད་ཆེས་དང་གུས་བཀུར་ཆེ་བས་རེད་ལ། ཕྱོགས་གཅིག་ནས་ཁྱེད་ཀྱིས་འདིའི་ནང་དུ་ནུབ་ཕྱོགས་པས་ལོ་རྒྱུས་ཐོག་བསགས་པའི་ནག་ཉེས་མང་པོ་ཞིག་ཕྱོགས་བསྒྲིགས་གནང་བ་ལས་བྱུང་བའི་རྒྱུན་ཤེས་ཀྱི་བློ་སྐྱེད་ཐོབ་པས་ཀྱང་རེད་སྙམ། འོན་ཀྱང་དོན་དམ་དུ་ང་ཚོས་ཤེས་དགོས་པ་ཞིག་ལ་ནུབ་ཕྱོགས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཡང་ལོ་རྒྱུས་ཐོག་བཞག་པའི་ལེགས་སྐྱེས་ཀྱང་ཆེ་ཞིང་། ཤར་ཕྱོགས་པའི་ལོ་རྒྱུས་ཀྱི་ནག་ཐིག་ཀྱང་ཆུང་ཞིང་ལོ་རྒྱུས་ཐོག་བཞག་པའི་ལེགས་སྐྱེས་ཀྱང་ཆུང་བ་གསལ་པོ་རེད། གལ་ཆེ་ཤོས་ཡུ་རོབ་ཀྱི་མི་རིགས་ཀྱིས་ཨ་རིའི་གདོད་མའི་མི་རིགས་དང་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོའི་མི་རིགས་སྡེབ་གསོད་བཏང་བ་དང་། གཉའ་གནོན་བཤུ་གཞོག་བྱས་པ་སོགས་ནི་འདས་ཟིན་པའི་ལོ་རྒྱུས་ཡིན་ཅིང་། དེ་དག་གི་ནག་ཉེས་ནི་ད་ལྟ་དང་མ་འོངས་པའི་ནུབ་ཕྱོགས་ཀྱི་མི་རྣམས་ལ་བཀལ་ན་ག་ལ་འགྲིག། ནུབ་ཕྱོགས་པ་རྣམས་ཀྱི་ཁྲོད་དུ་ཡང་རང་ཉིད་ཀྱི་མི་རིགས་ཀྱི་ལོ་རྒྱུས་ལ་ངོ་གནོང་ཡོད་མཁན་ཧ་ཅང་མང་བ་ལས་ཚང་མ་ནུབ་ཕྱོགས་མི་རིགས་ཀྱི་ལོ་རྒྱུས་ཐོག་ནག་ཉེས་མེད་པར་བསམས་ནས་སྤོབས་པ་བྱེད་མཁན་མ་ཡིན་པ་དང་། ཁོ་ཚོ་འགའ་ཞིག་གིས་ཤར་ཕྱོགས་ཀྱི་རིག་གཞུང་དང་ལོ་རྒྱུས་ལ་སྐྱོན་བཙལ་ནས་སྐྱོན་བརྗོད་པ་ཡང་རྐྱེན་གཙོ་བོ་ཞིག་ནི་ང་ཚོ་མང་པོ་ཞིག་གིས་ང་ཚོའི་ལུགས་སྲོལ་དང་ང་ཚོའི་ཆོས་ལུགས་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་པ་ལྟ་བུ་ཁས་ལེན་ཅིང་ཕྱོགས་ཀུན་ཏུ་སྒྲོགས་པའི་ང་རྒྱལ་དང་འུད་ཤོབས་འདི་དག་ལ་ཡང་ཐུག་ཡོད། 

བཟང་ངན་གང་ལྟར་ཡང་ནུབ་ཕྱོགས་པས་སྲོལ་རྒྱུན་དང་རྨོངས་དད་ཁོ་ནའི་དབང་དུ་མ་ལུས་པར་རིག་གནས་དང་ཚན་རིག་ཡར་རྒྱས་བཏང་བའི་འབྲས་བུར་ནུབ་ཕྱོགས་པ་ཙམ་མིན་པར་འགྲོ་བ་མི་ཡི་རིགས་སྤྱིའི་ཆེད་དུ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད་ཅིང་། ནུབ་ཕྱོགས་པས་ཤར་ཕྱོགས་དང་མི་རིགས་ནག་པོ་སོགས་ལ་འོས་ཤིང་འཚམས་པ་བྱས་མེད་པ་བདེན་ན་ཡང་། སྐབས་དེར་ཤར་ཕྱོགས་ཀྱི་ལུང་པ་རྣམས་ལ་མཚོན་ན་ནུབ་ཕྱོགས་ཀྱི་མི་རིགས་ལ་མནར་གཅོད་དང་གཉའ་གནོན་གཤུ་གཞོག་བྱེད་ཐུབ་པའི་ནུས་པ་མེད་པ་ཙམ་ལས་ནུས་པ་ཡོད་ན་ཤར་ཕྱོགས་ཀྱི་ཡུལ་གྲུ་རྣམས་ཀྱིས་བཟང་ངན་གང་འདྲ་ཞིག་བྱེད་མིན་བཤད་དཀའ། དཔེར་ན་ཇིང་གེར་ཧན་གྱི་དམག་མི་ནུབ་ཕྱོགས་ཀྱི་བར་དུ་བསྐྱོད་སྐབས་གྲོང་ཁྱེར་མང་པོའི་མི་དང་སེམས་ཅན་ཡོད་ཚད་བསད་པའི་ལོ་རྒྱུས་ཡོད་ཅིང་། འཛམ་གླིང་གང་ས་ནས་བུད་མེད་མང་པོ་ཞིག་བཙན་གཡེམས་བཏང་བ་སོགས་ཀྱིས་ད་ལྟ་འཛམ་བུའི་གླིང་གི་མི་ཉིས་བརྒྱ་ཡི་ནང་ནས་མི་གཅིག་ཇིང་གེར་ཧན་གྱི་བརྒྱུད་པ་ཡིན་པར་གྲགས་པ་ལྟར་རེད། ཕྱིས་སུ་དུས་རབས་ཉི་ཤུ་པའི་ནང་དུ་འཛམ་བུའི་གླིང་ཧྲིལ་པོ་སྨྱོ་བཞིན་པའི་སྐབས་སུ་ཤར་ཕྱོགས་ཀྱི་ལུང་པ་རྣམས་ལས་ནུབ་ཕྱོགས་ཀྱི་ལུང་པ་ལ་དོ་ཟླ་ནུས་པ་གཅིག་རང་ཡོད་པ་ནི་ཉི་ཧོང་ཡིན་པ་ལ་དེས་རྒྱ་ནག་དང་ཀོ་རི་ཡ་སོགས་ཀྱི་མི་རིགས་རྣམས་ལ་ཡུ་རོབ་ཀྱིས་མི་རིགས་ནག་པོ་དང་ཤར་ཕྱོགས་ཀྱི་མི་རིགས་ལ་བྱས་པ་ལྟ་བུའི་མནར་གཅོད་ཚད་མེད་པ་བཏང་ཡོད་པ་ཡོངས་གྲགས་རེད། 

དེས་ན་ཤར་ཕྱོགས་ཡིན་པས་བཟང་བའི་ངེས་པ་མེད་ཅིང་། ནུབ་ཕྱོགས་ཡིན་པས་ངན་པའི་ངེས་པ་ཡང་མེད་པར་གཙོ་བོ་དབང་ཤུགས་ཆེ་ཆུང་ལ་ཐུག་ཡོད། དབང་ཤུགས་མེད་ན་སུ་ཡང་གཉོམ་ཆུང་ཞིང་དབང་ཤུགས་ཆེ་ན་སུ་ཡང་གདུག་རྩུབ་ཆེ་བས་དབང་ཤུགས་མ་ཐོབ་ཀྱི་བར་དུ་སྤྱི་སྒེར་གང་ཡིན་ཀྱང་བཟང་པོ་ཅི་ཙམ་ཡིན་མིན་ཚོད་དཔག་བྱ་ནུས་པ་ཞིག་མ་རེད། མ་གཞི་ནས་སུ་ཞིག་གིས་ང་ཚོ་ལ་ཡག་པོ་བྱས་མ་སོང་། སུ་ཞིག་གིས་ང་ཚོ་ལ་ཐུབ་ཚོད་བཏང་སོང་བས་ཡག་པོ་མ་རེད་ཅེས་རང་གིས་རང་ལ་སྡུག་གཏམ་ཤོད་ཅིང་གཞན་ལ་འཁང་ར་བྱེད་པ་འདི་ནི་མི་འཇོན་ནུས་མེད་མཁན་དང་། ཕམ་ཁ་རག་མཁན། གནོད་འཚེ་ཕོག་ཡུལ་རིགས་ཀྱི་བྱེད་སྟངས་དཀྱུས་མ་བ་ཞིག་ཡིན་པ་ལས་མི་སྤྱང་པོ་དང་འཇོན་པོའི་རིགས་ཀྱི་བྱེད་སྟངས་ཤིག་རེད་མི་དྲན་ལ། གཞན་རྣམ་པར་རྒྱལ་ཚུལ་གྱི་བསླབ་བྱ་བླངས་ནས་རང་ཉིད་རྣམ་པར་རྒྱལ་ཐབས་ལ་འབད་བརྩོན་བྱེད་པའི་ཚབ་ལ་རྟག་ཏུ་གཞན་ལ་འཁང་ར་དང་སྐྱོན་བརྗོད་ཀྱང་བྱེད་པ་འདི་ལ་ངས་ནི་སྙིང་པོ་ཡང་མ་མཐོང་། ད་དུང་གལ་ཆེ་ཤོས་ད་ལྟ་ང་ཚོས་འཁང་ར་བྱེད་ས་དང་འདས་པའི་ལོ་རྒྱུས་ཐོག་ནོར་འཁྲུལ་བྱེད་མཁན་གཉིས་མི་རྦད་དེ་ཐ་དད་ཡིན་པ་ཡང་བརྗེད་མི་རུང་སྟེ་མང་པོ་ཞིག་གིས་རང་ཉིད་ལ་ཡོན་ཏན་དང་བྱས་རྗེས་མེད་ཀྱང་རང་ཉིད་ཀྱི་མི་རབས་སྔ་མས་ཐོབ་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཙམ་ལ་བསམས་ནས་རློམ་སེམས་ཀྱི་སྤོབས་པ་ཆེན་པོ་རེ་བྱས་ནས་ཡོད་ཅིང་། གཞན་དག་གིས་དམིགས་བསལ་སྡུག་ཅག་བྱས་པ་མེད་ན་ཡང་དེའི་མི་རབས་སྔོན་མས་བསགས་པའི་ནོར་འཁྲུལ་ཞིག་ལ་བརྟེན་ནས་དེ་དག་ལ་སྡང་ཟུག་བྱེད་སྲོལ་ཡོད། འོན་ཀྱང་བསམ་སྤྱོད་འདི་འདྲ་ཡོད་ཀྱི་རིང་བཟོད་སྒོམ་དང་བསམ་ཡངས་ཀྱི་ས་ཆ་མེད་ལ། མདུན་བསྐྱོད་དང་འཆམ་མཐུན་ཡོང་བའི་ལམ་ཁ་དེ་བས་ཀྱང་མེད། སྤྱི་ཚོགས་མང་པོ་ཞིག་གི་དགོས་མེད་ཀྱི་འགལ་ཟླ་ཡང་འདི་འདྲ་ཁོ་ན་ལ་བརྟེན་ནས་ཡོང་བཞིན་ཡོད།

ད་ལྟའི་ཆར་ནུབ་ཕྱོགས་པའི་རིག་གཞུང་གཙོ་བོ་དར་ཁྱབ་ཆེ་བ་ལ་ཡང་རྒྱུ་མཚན་མང་པོ་ཞིག་ཡོད་པ་ལས་ནུབ་ཕྱོགས་པས་ང་ཚོ་ཤར་ཕྱོགས་པ་ལ་བཙན་གནོན་དང་ང་ཚོའི་ཀླད་པ་ཆུ་བཀྲུས་བྱས་པ་ཁོ་ནས་བྱུང་བ་ཞིག་ག་ལ་ཡིན། དེ་ཡང་དཔེར་ན་འདས་པའི་དུས་སུ་ཤར་ནུབ་ཀྱི་བུ་དང་བུ་མོ་རིས་སུ་མ་ཆད་པས་སྨད་གཡོག་གམ་ཕྱུ་པ་གྱོན་གྱི་ཡོད་ན་ཡང་། ད་ལྟའི་ཆར་ཕོ་མོ་ཕལ་མོ་ཆེས་དོར་མ་གྱོན་པ་ནི་རིག་གཞུང་གང་ཡང་རུང་བས་བཙན་གནོན་བྱས་པ་ཞིག་མ་ཡིན་པར་མི་རྣམས་ཀྱིས་རང་བཞིན་གྱིས་དོར་མ་གྱོན་ན་སྟབས་བདེ་བ་ཉམས་མྱོང་གིས་གྲུབ་པས་རེད། དེ་བཞིན་ཕ་མ་གཉིས་ཀ་ཤར་ཕྱོགས་ཡིན་པའི་ཕྲུ་གུ་ཞིག་ཡིན་ཀྱང་མར་སྤགས་རྡོག་རྡོག་ཅིག་དང་འགྱིག་བྱེ་རིལ་གཉིས་ལས་ཕྲུ་གུ་དེས་རང་བཞིན་གྱིས་འགྱིག་བྱེ་རིལ་ལ་དགའ་ཆེ་བ་ཡང་ལྷན་སྐྱེས་ཀྱི་གྲུབ་ཚུལ་ཞིག་ཡིན་པ་ལས་ཕྲུ་གུ་ཆུང་ངུས་འགྱིག་བྱེ་རིལ་འདེམས་པ་དེ་ལ་ནུབ་ཕྱོགས་པའི་སྐྱོན་གང་ཡང་མེད། དེས་ན་ཁྱེད་ཀྱིས་ནུབ་ཕྱོགས་ལུང་པ་ནས་དར་བའི་ངོ་དེབ་དང་། ཨེ་མ་རྫོན་ལ་སོགས་པ་ཕལ་ཆེར་འཛམ་གླིང་རང་བཞིན་གྱི་ཐོན་རྫས་ཕལ་མོ་ཆེ་ནུབ་ཕྱོགས་པའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལག་ཆ་ཞིག་ཡིན་པར་གསུངས་པ་ནི་ཐལ་དྲགས་པ་ཞིག་རེད་སྙམ་ལ་དེ་ནི་ཁྱེད་ཀྱིས་ཅ་དངོས་དེ་དག་གིས་ཤར་ནུབ་རིས་སུ་མ་ཆད་པའི་མི་ག་ཚོད་ཅིག་གི་དགོས་མཁོ་སྐོང་ཞིང་དགའ་མོས་ཐོབ་ཀྱི་ཡོད་པའི་གནས་ལུགས་ལ་མཐོང་ཆུང་བྱས་པ་ཞིག་ཀྱང་རེད་སྙམ། 

མཐར་གཏུགས་ན་ནུབ་ཕྱོགས་པའི་རིག་གཞུང་དར་ཞིང་ཤར་ཕྱོགས་པའི་རིག་གཞུང་ཉམས་འགྲོ་བའི་རྒྱུ་མཚན་ཡང་ནུབ་ཕྱོགས་པས་མིའི་དགོས་མཁོ་སྐོང་ཐུབ་པར་སེམས་ཁམས་དང་འཚམས་པ་ཡོང་ཐབས་ཀྱིས་དུས་རབས་དང་མཐུན་པར་བསྒྱུར་བཅོས་དང་ལེགས་བཅོས་གཏོང་བཞིན་ཡོང་བས་དེ་དག་གི་རིག་གཞུང་མང་པོ་ཞིག་དར་འཕེལ་བྱུང་ཡོད་ལ། ཤར་ཕྱོགས་པ་རྣམས་ཀྱིས་རིག་གཞུང་ཕལ་མོ་ཆེ་སྔ་མོ་གང་འདྲ་ཡིན་པ་དེ་རང་རྒྱུན་སྐྱོང་ལས་དེ་ལ་ལེགས་བཅོས་གཏོང་སྲོལ་ཧ་ཅང་དཀོན་པས་དེ་དག་གི་ལུགས་སྲོལ་མང་པོ་ཞིག་དུས་རབས་ཀྱི་ཆ་ལ་གོམ་པ་མཉམ་སྤོ་བྱས་ནས་འགྲོ་མ་ཐུབ་པས་ཐ་ན་ཤར་ཕྱོགས་པ་རང་ཉིད་ཀྱིས་ཀྱང་འདོར་དགོས་ཁེལ་གྱི་ཡོད་ཅིང་། ད་ཆ་ཤར་ཕྱོགས་གཙོ་བོར་གྱུར་པས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་སོ་སོའི་རིག་གཞུང་ཡིན་པའི་རྒྱུ་མཚན་ལས་གཞན་ཕལ་ཆེར་བཤད་རྒྱུ་མེད་པར་གྱུར་ཡོད། ཤར་ཕྱོགས་པས་ད་ལྟའི་བར་ནུབ་ཕྱོགས་ཀྱི་རིག་གཞུང་ལ་འགོག་རྒོལ་མ་བྱས་པ་མ་ཡིན་པར་ནུབ་ཕྱོགས་ཀྱི་རིག་གཞུང་ཤར་ཕྱོགས་ལ་དར་ནས་བཟུང་རྒྱ་གར་གཙོ་བོར་གྱུར་པའི་ཤར་ཕྱོགས་ལུང་པའི་མཁས་པ་མང་པོས་ཚན་རིག་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་རིག་གནས་དང་རིག་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་ན་ཡང་དེས་ནུབ་ཕྱོགས་ཀྱི་རིག་གནས་ཤར་ཕྱོགས་ལུང་པ་རྣམས་སུ་དར་བར་འགོག་རྐྱེན་ཕྲན་བུ་ཙམ་ཡང་བཟོ་མ་ཐུབ་པ་ནི་ནུབ་ཕྱོགས་ཀྱི་རིག་གནས་དེ་དག་གིས་དུས་རབས་གསར་པའི་མི་ཡི་ཡིད་སེམས་འཕྲོགས་ཐུབ་ཅིང་དགོས་མཁོ་སྐོང་ཐུབ་པས་རེད། 

དེ་ཡིན་པས་ན་རྒྱ་གར་གྱི་ཡོ་ག་དང་ཨཱ་ཡུརྦེད། རྒྱ་ནག་གི་ཇ་དང་ཐུག་པ། ཉི་ཧོང་གི་སུ་ཤི། བོད་ཀྱི་ནང་ཆོས་བཅས་ཤར་ཕྱོགས་ཀྱི་རིག་གཞུང་ཡིན་ཀྱང་འཛམ་གླིང་གང་སར་དར་བཞིན་པ་ནི་དེ་དག་གིས་མི་རྣམས་ཀྱི་དགའ་མོས་ཐོབ་ཅིང་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པས་རེད། གཞན་ནུབ་ཕྱོགས་པའི་རིག་གཞུང་རྙིང་པ་མང་པོ་ཞིག་ཀྱང་ནུབ་ཟིན་ཡོད་ཅིང་། ཤར་ཕྱོགས་ཀྱི་རིག་གཞུང་མང་པོ་ཞིག་ཀྱང་ད་ཆ་འཛམ་གླིང་རང་བཞིན་དུ་དར་ནས་ཡོད་པ་དཔེར་ན་ད་ལྟའི་ཆར་རྒྱ་གར་གྱི་ཆོས་དང་མཚན་ཉིད་རིག་པ་ནི་འགྲོ་བ་མི་ཡི་རིགས་ཀྱི་རིག་གནས་གལ་ཆེ་ཤོས་ཤིག་ཡིན་པས་འཛམ་གླིང་གང་ས་ནས་དེ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་ཀྱི་ཡོད་ཅིང་། ཤོག་བུ་དང་། མེ་མདའ། ཤོག་དངུལ་སོགས་མང་པོ་ཞིག་གནའ་བོའི་རྒྱ་ནག་ནས་དར་བས་ནུབ་ཕྱོགས་ཀྱི་མཁས་པ་ཞིག་གིས་ནུབ་ཕྱོགས་ཀྱིས་གང་དང་གང་གསར་བཟོ་བྱས་ན་ཡང་དེའི་ཁུངས་རེ་ཤར་ཕྱོགས་ལ་ཐུག་ཡོད་ཅེས་གསུངས་མྱོང་ཡོད་པ་ལྟ་བུ་རེད། མདོར་ན་མི་རྣམས་ཀྱི་དགའ་མོས་ཐོབ་ཅིང་དགོས་མཁོ་སྐོང་ཐུབ་ན་རིག་གཞུང་གང་ཡིན་ན་ཡང་དར་ཞིང་དེ་མི་ཐུབ་ན་རིག་གཞུང་གང་ཡིན་ཀྱང་ཉམས་འགྲོ་བས་ཕྱོགས་རིས་དང་ཞེན་ཁོག་གིས་བསྟོད་སྨད་གང་བྱས་ཀྱང་གནས་སྐབས་ཀྱི་ང་རྒྱལ་དང་སྡང་སེམས་སྐྱེད་བྱེད་ཙམ་ལས་རིག་གཞུང་དེ་དར་རྒུད་ཡོང་བར་ཕན་གནོད་ཡོད་པ་ནི་ཧ་ཅང་དཀའ། 

ལྷག་པར་དུ་འཛམ་གླིང་འདིའི་ཡར་རྒྱས་ཕལ་མོ་ཆེ་མི་རིགས་དང་ཡུལ་གྲུ་དུ་མ་འདུས་པ་ལ་བརྟེན་ནས་ཐོག་མར་གསར་གཏོད། བར་དུ་ཡར་རྒྱས། མཐར་དར་ཁྱབ་བྱུང་བས་ན། དཔེར་ན་ང་ཚོའི་ལག་འདོགས་ཆུ་ཚོད་ལྟ་བུར་མཚོན་ན་ཡང་བརྒྱུད་རིམ་དེ་འདྲ་ཞིག་ནས་ཡོང་བས།བོད་པས་ཆུ་ཚོད་ཟེར་བ་ནི་གནའ་བོའི་རྒྱ་གར་དང་རྒྱ་ནག་གིས་ཆུ་བེད་སྤྱད་ནས་དུས་ཚོད་ཀྱི་ཚད་ངོས་འཛིན་པའི་ལུགས་སྲོལ་ཡོད་པ་ལས་བྱུང་བ་དང་། འཕྲུལ་ཆས་ཀྱི་ཆུ་ཚོད་ནི་ཡུ་རོབ་ཀྱིས་བཟོས་ཤིང་། ལག་ཏུ་འདོགས་རྒྱུ་ཡོད་པ་ནི་ཡུ་རོབ་ཀྱི་ལུང་པ་རྗེར་མི་ནི་ནས་བྱུང་། ཆུ་ཚོད་བཅུ་གཉིས་ལ་བགོ་བ་དང་། ཆུ་ཚོད་རེ་ལ་སྐར་མ་དྲུག་ཅུ་བགྲང་སྲོལ་ཡོད་པ་སོགས་དུས་ཚོད་ཀྱི་གྲངས་ཀ་རྣམས་བཅུ་དང་བརྒྱ་ལས་ཀྱང་བཅུ་གཉིས་དང་དྲུག་ཅུ་སོགས་སུ་འདྲེན་སྲོལ་ཡོད་པ་ནི་གནའ་བོའི་སུ་མེ་རི་ནས་བྱུང་། ཆུ་ཚོད་ཐོག་གི་ཨང་གྲངས་ཀྱི་གཟུགས་འདི་དག་ཀྱང་ཐོག་མར་རྒྱ་གར་ནས་བྱུང་ཞིང་། དེ་ནས་དཀྱིལ་ཤར་ཡུལ་གྲུ་ལ་དར། དཀྱིལ་ཤར་ཡུལ་གྲུ་ནས་ཡུ་རོབ་ལ་དར་ནས་ཡུ་རོབ་ནས་སླར་ཡང་འཛམ་གླིང་གང་སར་ཁྱབ་པ་ཞིག་གོ། དེས་ན་རིག་གཞུང་གང་ཡིན་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་ཤུགས་རྐྱེན་མ་ཐེབས་པ་ཕལ་ཆེར་མེད་པས་ན།དེང་རབས་ལོ་རྒྱུས་སྨྲ་བ་པོ་Yuval Noah Harari གིས་རིག་གཞུང་གཙང་མ་གཙང་རྐྱང་ཟེར་བ་ཞིག་གཞི་གཏན་ནས་མ་གྲུབ་ཅེས་གསུངས། བདེན་པ་ཡང་ཡིན་ཏེ་ད་ལྟའི་ཆར་ང་ཚོས་ཟ་ཁང་འབྲིང་ཙམ་ཞིག་ལ་སོང་ནས་ཟ་མ་ཟ་སྐབས་ཤར་ནུབ་ཀྱི་ཡུལ་གྲུ་མི་འདྲ་བ་བཅུ་ཕྲག་ལྷག་ནས་ཐོན་པའི་ཅ་དངོས་བེད་སྤྱོད་གཏོང་གི་ཡོད། ཤར་ནུབ་ཀྱི་ཡུལ་གྲུ་དང་མི་རིགས་མང་པོའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ལེགས་ཆ་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་ང་ཚོའི་མི་རབས་ཀྱི་བསོད་ནམས་རེད་ལ། རིག་གཞུང་མང་པོ་ཞིག་མི་རིགས་དང་ས་ཆའི་མཚམས་ལས་བརྒལ་ནས་འཛམ་གླིང་རང་བཞིན་དུ་འགྱུར་བ་འདི་ནི་ལོ་རྒྱུས་ཀྱི་ངོ་མཚར་དང་། དེང་རབས་རིག་གནས་ཀྱི་མཛེས་སྡུག་ཀྱང་རེད། དེས་ན་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ན་རིག་གཞུང་ཕན་ཚུན་འདྲེས་ན་ཡང་ཡོན་ཏན་ལས་སྐྱོན་མེད་ཅིང་། སྤྱི་ཚོགས་ཀྱི་དགོས་མཁོ་ཡག་པོ་སྐོང་མ་ཐུབ་ན་རིག་གཞུང་དེ་གཙང་མ་གཙང་རྐྱང་ཡིན་ཀྱང་ཕན་ཐོགས་དེ་ཙམ་མེད་པ་བཤད་ཅི་དགོས། 

གཞན་ཡང་ཁྱེད་ཀྱིས་ནུབ་ཕྱོགས་པས་རྩལ་དུ་འདོན་བཞིན་པའི་ཡར་རྒྱས་ནི་ཕྱི་དངོས་པོའི་ཡར་རྒྱས་ལ་གོ་བར་དགོངས་ནས་ཐ་ན་ཡར་རྒྱས་ཟེར་བ་དེ་ཡང་ནུབ་ཕྱོགས་པས་ང་ཚོ་ལ་བཙན་འགེལ་བྱས་པའི་ཐ་སྙད་ཅིག་རེད་ཅེས་གསུངས་པ་ལ། ནུབ་ཕྱོགས་པས་ཡར་རྒྱས་ཀྱི་ཚད་གཞི་གཙོ་བོ་ཞིག་ནི་ཕྱི་དངོས་པོའི་ཡར་རྒྱས་ལ་ངོས་འཛིན་པ་ཡང་། ཕྱི་དངོས་པོའི་ཡར་རྒྱས་ནི་གཞི་རྩའི་ཡར་རྒྱས་ཡིན་པས་རེད། དཔེར་ན་རླངས་འཁོར་དང་། གློག དྲ་ལམ་སོགས་མེད་ན་དཀའ་ངལ་ཅི་ཙམ་ཡོད་པ་ནི་གསལ་པོར་མཐོང་ཐུབ་པས་འཚོ་བའི་ཆ་རྐྱེན་གལ་ཆེ་ཤོས་དེ་དག་ཡོད་མེད་ཀྱིས་ཡར་རྒྱས་ཡོད་མེད་བཤད་པ་ནི་འོས་ཤིང་འཚམས་པའི་སྐད་ཆ་ལས་ཐལ་དྲགས་པ་ག་ལ་ཡིན། ཁྱེད་ཀྱིས་ནུབ་ཕྱོགས་ནས་དར་བའི་དམངས་གཙོ་དང་འགྲོ་བ་མི་ཡི་ཐོབ་ཐང་སོགས་ནི་མི་ཉུང་ཤས་ཤིག་གི་ཁེ་ཕན་སྒྲུབ་བྱེད་ཡིན་པར་གསུངས་ན་ཡང་། གནའ་བོའི་དུས་ཀྱི་ཤར་ནུབ་ཀྱི་རྒྱལ་པོ་རྣམས་ཀྱང་ཉུང་ཤས་ཤིག་གི་ཁེ་ཕན་སྒྲུབ་མཁན་ཤ་སྟག་ཡིན་པ་དང་། སྔར་བོད་དུ་ཡང་དགོན་སྡེ་ཁག་གིས་དེ་དང་ཆ་མཚུངས་པ་བྱས་པས་ན་མི་སྟོབས་ཤུགས་ཅན་རྣམས་ཀྱིས་མི་གཉོམ་ཆུང་མང་པོ་བེད་སྤྱོད་པ་ནི་ནུབ་ཕྱོགས་པ་ཁོ་ནའི་རིག་གཞུང་མ་ཡིན་པར་འགྲོ་བ་མི་ཡི་ལྷན་སྐྱེས་ཀྱི་རང་གཤིས་ཤིག་རེད། མ་ཟད་ཁྱེད་ཀྱིས་དུས་རབས་འདི་ཡི་དཔའ་མོ་ཞེས་བསྔགས་པའི་ཨང་སན་སུ་ཀྱི་འཛམ་གླིང་ཐོག་སྙན་གྲགས་རྒྱས་པ་ཡང་ཁོང་གིས་དམངས་གཙོའི་ཆེད་དུ་འཐབ་རྩོད་གནང་བས་རེད་ལ། དེ་འདྲའི་དམངས་གཙོ་ནི་ནུབ་ཕྱོགས་ནས་དར་བ་ཞིག་ཡིན་པར་ཡོངས་སུ་གྲགས།

ད་དུང་ཁྱེད་ཀྱིས་ནུབ་ཕྱོགས་པ་རྣམས་ཀྱིས་ཤར་ཕྱོགས་ཀྱི་རིག་གནས་གྲགས་ཆེ་བ་ཡོ་ག་དང་ཞི་ལྷག་གི་སྒོམ་རིམ་སོགས་ལ་རང་རང་སོ་སོའི་ལུགས་རེ་བཟོ་བ་ལས་ཁུངས་དངོས་ཤར་ཕྱོགས་ལ་མི་སྐྱེལ་བའི་ཚུལ་གསུངས་ནས་སྐྱོན་བརྗོད་ན་ཡང་ཧིན་དྷུ་དང་ནང་པ་གཉིས་གཙོ་བོར་