བོད་ཀྱི་སྤྲུལ་སྐུ། ནུབ་ཀྱི་སྐར་ཆེན།

7472


རྩོམ་པ་པོ། ཨ་འདུས་སྐལ་བཟང་རྒྱ་མཚོ།

དྲུང་པ་ཆོས་རྒྱམ། ཕྱི་ལོ་ ༡༩༤༠ འཁྲུངས། ཕྱི་ལོ་ ༡༩༨༧ གཤེགས།

སྔ་ལོར་དགུན་དུས་སུ་གནས་མཆོག་རྡོ་རྗེ་གདན་ལ་གནས་སྐོར་དུ་བསྐྱོད། དེ་དུས་ཀྱི་གནམ་གཤིས་ནི་དགུན་དུས་རྒྱ་གར་བྱང་ཤར་གྱི་རྒྱུན་ལྡན་གནམ་གཤིས་དང་འདྲ་བར་གང་སར་སྨུག་ཞགས་འཐིབ་ནས་ཡོད་པས་མགྲོན་ཁང་དུ་ཅུང་ངལ་གསོ་བྱས་རྗེས་མདུན་ཕྱོགས་ཀྱི་ལམ་ཆུང་དེ་ནས་ཡར་མར་སྡོད་གནས་འཚོལ་ཕྱིར་བྲེལ་ནས་ཡོད་པའི་མི་ཚོགས་ལ་མིག་ཅེར་ནས་བསྡད། མགྲོན་ཁང་གི་གཡས་ཕྱོགས་སུ་ཟ་ཁང་སྟབས་བདེ་ཞིག་ཡོད་ལ། དེའི་ནང་དུ་མགྲོན་པོ་དབྱིན་ཇི་བ་གཅིག་མ་གཏོགས་གཞན་མཐོང་རྒྱུ་མི་འདུག ངས་མུ་མཐུད་སྒོ་འགྲམ་ནས་འགྲུལ་བ་ཚོའི་འགུལ་སྐྱོད་ལ་མིག་གིས་འཚོས་ནས་ཡོད་དུས། གློ་བུར་དུ་རྒྱབ་ཕྱོགས་ནས། ཧ་ལོ། ཞེས་པའི་འབོད་བརྡ་ཞིག་གོ་བྱུང་།

ཕྱིར་བལྟ་སྐབས་དེ་ནི་དབྱིན་ཇི་བ་གཟུགས་རིང་ཞིང་གདོང་མདོག་སྐྱ་སེང་ངེ་བ། མིག་འབྲས་སྔོ་རིལ་ལེ་ཡོད་པ་ཞིག་རེད། ཁོང་གི་ལག་ཏུ་ཤོག་ལེབ་ཅིག་ཁྱེར་ནས་འཛུམ་མདངས་དང་བཅས། ཁྱེད་ཀྱིས་ང་ལ་རོགས་པ་ཞིག་བྱེད་ཐུབ་བམ། ཞེས་གུས་ཉམས་དང་བཅས་དྲིས་བྱུང་། ངས་དེ་མ་ཐག་ལོས་ཡིན་ཞེས་ལན་བཏབ་པ་ཡིན། ཁོང་གིས་ཤོག་དྲིལ་སྟེང་བཀོད་པའི་མིང་ཚིག་མང་པོ་ཞིག་བསྟན་བྱུང་། ངས་ཞིབ་ཏུ་བལྟས་པས་མགོ་ནས་མཇུག་བར་ཤེས་ཐུབ་པ་གཅིག་ཀྱང་མ་བྱུང་བས། དགོངས་དག་ངས་ཁྱེད་ལ་རོགས་པ་བྱེད་ཐུབ་པ་མི་འདུག་ཀྱང་། གཅིག་བྱས་ན་ངའི་གྲོགས་པོའི་དབྱིན་ཇིའི་ཤེས་ཚད་ཡག་པོ་ཡོད་པས་ཁྱེད་ལ་ཕན་ཐོག་སྲིད་པ་རེད་ཅེས་བཤད་པ་ཡིན།

དེ་ལྟར་ངེད་གཉིས་ཟ་ཁང་གི་སྣེ་ལེན་ཁང་དུ་བསྡད་དེ་ཕ་ཡུལ་གང་ནས་ཡིན་པ་དང་མིང་ལ་ཅི་ཟེར་སོགས་ཕན་ཚུན་མཚམས་སྦྱོར་རགས་ཙམ་རེ་བྱས་པ་ན། ཁོང་ནི་ཡུ་རོབ་དབྱིན་ལན་ནས་རེད་འདུག ཁོང་གི་གློག་ཀླད་ཀྱི་འཆར་ཡོལ་ངོས་སུ་དབྱིན་ཇི་བ་རྒད་པོ་ཨག་ཚོམ་རིང་པོ་ཅན་ཞིག་དང་། ཕར་བལྟས་ན་ཉི་ཧོང་པ་ཞིག་ལོས་ཡིན་ཨང་སྙམ་པའི་སྐྱེས་པ་ལོ་བཞི་བཅུ་ཙམ་ལོན་པ་ཞིག་གི་བརྙན་པར་མདོག་སྐྱ་སེང་ངེ་བ་ཞིག་བཤམས་འདུག ངས་འདི་སུ་རེད་ཅེས་དྲིས་པ་ན། ཁོང་གིས་འདི་ངའི་བླ་མ་རེད། ཁོང་གི་མཚན་ལ་དྲུང་པ་ཆོས་རྒྱམ་རིན་པོ་ཆེ་ཞུ་བ་རེད། ཁོང་བོད་ནས་རེད་ཅེས་འགྲེལ་བཤད་གནང་བྱུང་།

ངས་དྲུང་པ་རིན་པོ་ཆེ་ཟེར་བ་ཞིག་གཏན་ནས་གོ་མྱོང་མི་འདུག་ཅེས་བཤད་པར། ཁོང་གིས་བཤད་རྒྱུར། དྲུང་པ་ཆོས་རྒྱམ་ནི་ནུབ་ཕྱོགས་སུ་མཚན་སྙན་ཆེན་པོ་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་ཆེས་ཐོག་མ་ཡིན་ཚུལ་སོགས་དེ་སྔོན་ཟུར་ཙམ་ཡང་གོ་མ་མྱོང་བའི་གཏམ་གསར་པ་འགའ་བཤད་པས། དེ་ནས་བཟུང་དྲུང་པ་ཆོས་རྒྱམ་ཟེར་བའི་བོད་མི་རླབས་ཆེན་ཞིག་ནུབ་ཕྱོགས་སུ་བྱུང་མྱོང་བའི་གནས་ཚུལ་གྱི་ས་བོན་ཙམ་ངའི་ཡིད་ལ་འབུས་ཐུབ་པ་བྱུང་། རྡོར་གདན་དུ་སྡོད་རིང་གཡས་གཡོན་གྱི་ཆོས་ཞུ་བ་འགར་དེའི་སྐོར་དྲིས་ཀྱང་གནས་ཚུལ་དེ་ཤེས་མཁན་སུ་ཡང་མི་འདུག གསུང་ཆོས་གྲོལ་བ་དང་ས་སྐྱ་མཐོ་སློབ་ཏུ་ཆོས་སྟོན་གྱི་མཛད་སྒོ་ཞིག་ཡོད་པས་ང་ཐད་ཀར་དེར་སོང་བ་ཡིན།

མཐོ་སློབ་ཏུ་སྡོད་རིང་ང་ཚོའི་དགེ་བའི་བཤེས་གཉེན་ཆེན་མོ། ས་སྐྱ་མཐོ་སློབ་ཀྱི་མཁན་ཆེན་བསོད་ནམས་རྒྱ་མཚོར་ཡང་ཡང་མཇལ་རྒྱུ་བྱུང་ཞིང་། ཉིན་ཞིག་ལམ་འགྲམ་དུ་གསོལ་ཇ་མཆོད་ནས་བཞུགས་སྐབས་ཁོང་ལ་དྲུང་པ་ཆོས་རྒྱམ་གྱི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་དྲུང་པ་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཆེ་ཚུལ་དང་། དབྱིན་ཇི་སོགས་སུ་སློབ་སྦྱོང་བྱས་རབས། ཨ་རི་ནས་ཆང་བཏུང་སྟེ་སྐྱིད་ཉལ་བྱས་ཚུལ། རྗེས་སུ་ནང་ཆོས་འཆད་སྤེལ་གྱི་ཆོས་ཚོགས་མང་པོ་ནུབ་ཕྱོགས་སུ་བཙུགས་ཏེ་སྔ་ཕྱིར་བོད་ཀྱི་བླ་ཆེན་མང་པོ་གདན་ཞུ་བྱས་པ་སོགས་སྤྲུལ་སྐུ་ཞིག་གི་བྱེད་དགོས་པའི་མཛད་པ་མང་པོ་ཞིག་ཚ་ཚ་འུར་འུར་གྱིས་གནང་བའི་སྐོར་ནས་བཀའ་ལན་ལྷུག་པོ་གནང་བྱུང་། དེ་ནས་བཟུང་ངས་དུས་ཚོད་གང་ཡོད་ལ་ youtube ཡུས་ཀྲོབ་དང་། google གྷོ་གྷུལ་དྲ་ལམ་དུ་དྲུང་པ་ཆོས་རྒྱམ་གྱི་མཛད་སྤྱོད་སྣ་ཚོགས་ཀྱི་པར་རིས་དང་། གློག་བརྙན་མང་པོ་ཞིག་མཇལ་རྒྱུ་བྱུང་ཞིང་། ཁོང་ནི་བོད་རིགས་བླ་མ་དག་གི་ཁྲོད་ནས་ནང་ཆོས་སྤེལ་སྟངས་ཐད་དམིགས་བསལ་གྱི་ཁྱད་ཆོས་ཅན་ཞིག་ཡིན་པ་ཤེས་རྟོགས་གང་མཚམས་བྱུང་། དེར་བརྟེན་ངས་ཁོང་གི་པར་རིས་ངོ་མཚར་ཅན་འགའ་ངོ་དེབ་དང་། རང་གི་འཕྲིན་ཕྲན་གྱི་བར་སྟོང་དུ་བཤམས་ཏེ་དྲུང་པའི་ལོ་རྒྱུས་སྔར་བས་ཀྱང་ཞིབ་ཕྲར་ཤེས་འདོད་ཀྱིས་དྲི་བ་འགའ་བཀོད་པས། ཨ་རི་ནས་ཨ་ལགས་ཀླུ་སྨྱོན་ཧེ་རུ་ཀ་དང་། ཐེ་ཝན་ནས་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་སོགས་དུས་རྒྱུན་དྲ་ལམ་ལ་དོ་གལ་གནང་བཞིན་པའི་དཔྱོད་ལྡན་འགས་འབྲེལ་ཡོད་དྲ་ཚིག་འགའ་རེ་ངོ་སྤྲོད་གནང་པ་ནི་ཕན་ཐོག་ཆེན་པོར་གྱུར།

མདོར་ན། དྲུང་པ་ཆོས་རྒྱམ་རིན་པོ་ཆེ་ནི། བོད་ཤར་ཕྱོགས་སུ་སྐུ་འཁྲུངས་ཤིང་། སྨུག་པོ་ལྡོང་གི་རུས་སུ་གཏོགས། ཀརྨ་པ་རིག་པའི་རྡོ་རྗེས་སྤྲུལ་སྐུ་ལྔ་བཅུ་ཙམ་ངོས་འཛིན་གནང་བའི་ཁྲོད་ནས་ཆེས་དམིགས་བསལ་བ་ཞིག་ཡིན་ཞིང་། ཁོང་ནི་དྲུང་པ་སྐུ་ཕྲེང་བཅུ་གཅིག་པ་དེ་ཡིན། འདི་བ་བཀའ་བརྒྱུད་དང་། རྙིང་མ་འདྲིས་མ་ཡིན་པས་བཀའ་རྙིང་གཉིས་ཀའི་བརྒྱུད་འཛིན་དུ་ངོས་འཛིན་ཆོག་པ་འདྲ། བོད་དུ་བཞུགས་སྐབས་མཁན་པོ་གང་ཤར་ _ཞེས་པའི་རྟོགས་ལྡན་དེའི་མདུན་ནས་གསུང་ཆོས་མང་པོ་ཞུས། དུས་འགྱུར་སྐབས་བོད་ནས་རྒྱ་གར་དུ་བྱོན། ཕྱི་ལོ་ ༡༩༦༠ ལོ་ནས་དབྱིན་ཡུལ་ཏུ་ཕེབས་ཏེ་ Oxford University ཨོ་སི་ཕྷོར་ཌི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བྱས། ཕྱི་ལོ་ ༡༩༦༧ ལོར་ནུབ་ཕྱོགས་ Scotland སི་ཁོ་ལན་ཌིར་བོད་ཀྱི་ཆོས་ཚོགས་ཐོག་མ་བསམ་ཡས་གླིང་གླིང་གསར་འཛུགས་གནང་། དབྱིན་ལན་དུ་བཞུགས་རིང་རླངས་འཁོར་བརྡབ་སྐྱོན་ཤོར་ཏེ་སྐུ་གཟུགས་ལ་ཉམས་ཉེས་ཆེན་པོ་ཐེབ། དབྱིན་ལན་དུ་སྡོད་རིང་དབྱིན་ཇིའི་བུ་མོ་ལོ་ཆུང་ཞིག་དང་ཕན་ཚུན་མཛའ་བརྩེ་ཆགས་པས། ཕྱི་ལོ་ ༡༩༦༩ ལོར་གཉེན་སྒྲིག་བྱས། དེ་རྗེས་ཨ་རིར་ཕེབས་ཏེ་ཝི་ཏི་ནེམ་དམག་འཁྲུགས་ལ་རྒོལ་བའི་ཨ་རིའི་ Hippie སྐྱིད་ཉལ་རིང་ལུགས་པ་ཚོ་དང་ལྷན་དུ་འཚོ་བ་བསྐྱལ་ཞིང་། དེ་ནི་ཁོང་ལ་མཚོན་ན་ཨ་རིའི་དམངས་ཁྲོད་རིག་གནས་དང་། མི་དམངས་དཀྱུས་མའི་བསམ་བློ་ཞིབ་འཇུག་བྱེད་པའི་གོ་སྐབས་ལེགས་ཤོས་སུ་གྱུར། འདི་བ་བོད་པ་ནུབ་ཕྱོགས་སུ་འབྱོར་མཁན་ཐོག་མའི་གྲས་ཡིན། ཨ་རི་དང་། ཝི་ཏི་ནམ་གྱི་དམག་འཁྲུགས་མཇུག་སྒྲིལ་བ་དང་ཁོང་གིས་སྐྱིད་སྣང་རིང་ལུགས་པ་ཚོའི་བསམ་བློའི་སྣེ་ཁྲིད་བྱས་ཏེ་ནང་ཆོས་ཀྱི་བསམ་བློར་སློབ་སྦྱོང་བྱ་བཅུགས་ཤིང་། དེ་ནི་ཁོང་གིས་ཨ་རིའི་ནང་ཆོས་ཚོགས་གསར་འཛུགས་ཀྱི་རྨང་གཞི་གལ་ཆེན་དུ་གྱུར། ཕྱི་ལོ་ ༡༩༨༦ ལོར་ Colorado ཁོ་ལོ་ར་ཌར་སྒོམ་ཁྲིད་སློབ་གཉེར་ལྟེ་གནས་ཁང་གསར་འཛུགས་གནང་། ཆོས་ཉན་དུ་ཡོང་སྐབས་ངེས་པར་ནུབ་ལུགས་ཀྱི་གཙང་སྤྲ་ལྡན་པའི་ལྭ་བ་གྱོན་དགོས་པའི་ཁྲིམས་བཙུགས་ཤིང་། ཤམ་བྷ་ལའི་རྒྱལ་ཕྲན་བཙུགས་ཤིང་། ཆོས་ཀྱི་འབྲེལ་འཇོག་སླད་ནུབ་ཕྱོགས་ཀྱི་མིའི་བསམ་བློ་དང་འཚམས་པའི་སློབ་ཚན་ཤམ་བྷ་ལའི་སྦྱོར་བརྡར་ཞེས་པའི་སློབ་ཚན་བཙུགས། དཔེར་ན། ཉི་ཧོང་གི་མདའ་རྩལ། ཡིག་གཟུགས་འབྲི་བ་སོགས་རི་མོའི་སྒྱུ་རྩལ། མེ་ཏོག་གི་མཆོད་པ་འབུལ་བ། གླུ་དབྱངས། ཞབས་བྲོ། ཇ་སྟོན། སྙན་ངག གཏམ་བཤད་སྤེལ་སྟངས། སྒྲ་སྒྱུར། གཟུགས་པོའི་འཕྲོད་བསྟེན། ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་སོགས་མི་རྣམས་ཀྱི་སེམས་ཁམས་ལ་འཕྲོད་པའི་བྱེད་སྒོ་སྣ་མང་གསར་བཟོ་གནང་བས། ཤམ་བྷ་ལས་ནུབ་ཕྱོགས་ཀྱི་མི་རབས་གསར་པའི་ཚོའི་སེམས་པ་དབང་མེད་དུ་འགུགས་ཐུབ་པ་བྱུང་ཡོད། དམིགས་བསལ་དྲི་བ་དང་། བགྲོ་གླེང་གི་ལམ་ནས་ནང་ཆོས་ཀྱི་ལྟ་བ་ཧ་ཅང་གུ་ཡངས་མོའི་སྒོ་ནས་ཁྱབ་སྤེལ་བྱས། ཁོང་གིས་སྔ་ཕྱིར་ << བོད་དུ་སྐྱེས་པ་ >> << སངས་རྒྱས་ཀྱི་ཐུགས། >>  << སྒོམ་སྒྲུབ་དང་། ལག་ལེན། >> << སེམས་ཀྱི་ཟླ་བ། >> << ཤེས་རབ་སྨྱོན་པ། _>>  སོགས་རང་གི་ལོ་རྒྱུས་དང་། གཞུང་ཆེན་ཁག་གིས་མཚོན་པའི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་བཅུ་ཕྲག་ལྷག་བརྩམས་ཏེ་མཁས་པའི་སྙན་གྲགས་ཀྱི་སྐར་ཆེན་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ངང་གིས་འཚེར་བར་གྱུར་ཏོ། ། 

ཕྱི་ལོ་ ༡༠༨༧ ལོར་དྲུང་པ་སྐུ་གཤེགས་ནའང་། རྒྱལ་སྤྱིའི་ཤམ་བྷ་ལ་ཆོས་ཚོགས་དང་། ཉི་གདུགས་ཚོགས་པ་སོགས་ཀྱིས་ཁོང་གི་མཛད་འཕྲིན་གྱི་རྒྱུན་རྒྱལ་སྤྱིའི་ཁྲོད་སྤེལ་མུས་ཡིན། ཁོང་གི་བརྩམས་ཆོས་དང་། གསུངས་ཆོས་གནང་བ་དེ་དག་བོད་ཀྱི་བླ་མ་གཞན་གྱིས་གསུང་ཆོས་དང་མི་འདྲ་བར་ནུབ་ཕྱོགས་པའི་སེམས་ཁམས་ལ་འགྲོ་ཆེ་བ་བྱུང་དོན་གཙོ་བོ་ཡང་། ཁོང་གིས་ནུབ་ཕྱོགས་ཀྱི་གཞི་རིམ་མང་ཚོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་པས་ཡིན་པར་བཤད། ཆེས་ཐོག་མར་ཨ་རིའི་འབྱོར་སྐབས་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱི་འཚོ་བ་དཀྱུས་མ་ཡིན་མོད་ཀྱང་། དྲུང་པའི་རྣམ་དཔྱོད་ཀྱི་རྩལ་ལ་ནུབ་ཕྱོགས་ནས་ངོས་འཛིན་ཤུགས་ཆེན་ཐོབ་པ་ནས་བཟུང་ཤམ་བྷ་ལའི་རྒྱལ་ཕྲན་དུ་དམག་དང་། དངུལ། རྒྱལ་དར། མེ་སྒྱོགས་སོགས་ཀྱང་བཙུགས་ཏེ་རྒྱས་སྤྲོས་ཆེ་བའི་འཚོ་བ་བསྐྱལ་བས། གྲོང་པ་རང་གིས་ཀྱང་། གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི། ཞེས་པའི་གཏམ་བཤད་གནང་མྱོང་བ་འདྲ། 

དྲུང་པ་ནི་ཤེས་རབ་ཀྱི་རྩ་མདུད་གྲོལ་བའི་ངག་རིག་སྨྲ་བའི་དབང་པོ་ཞིག་སྟེ། ཁོང་གིས་གཏམ་བཤད་མཛད་པའི་ཚིག་འགའ་ཨ་རིར་ཡོངས་གྲགས་ཀྱི་ལེགས་བཤད་ལྟ་བུར་གྱུར་ཏེ་མི་རྣམས་ཀྱིས་ལུང་འདྲེན་བྱ་རྒྱུ་ལྟ་བུའི་ཆེ་མཐོང་ཐོབ་ཅིང་། བྲིས་པའི་སྙན་ངག་འགའ་རེས་ཨ་རིའི་སྙན་ངག་པ་གྲགས་ཅན་ཞིག་ཡིད་འཕྲོག་ཏེ་དྲུང་པར་ཐུག་ཕྲད་དུ་ཡོང་བའི་ལོ་རྒྱུས་ཡོད།

མཐའ་དོན་ང་ཚོས་ཆོས་དྲུང་པ་ཆོས་རྒྱམ་དང་། དྲུང་པ་ཆོས་རྒྱམ་གྱི་ཕྱིའི་མཛད་སྤྱོད་ཀྱི་བརྙན་ཙམ་ལ་འཐོམས་ནས་ཡོད་པའི་བོད་ཀྱི་ཆོས་ལུགས་མི་སྣའི་མིང་ཅན་སྐྱིད་སྣང་རིང་ལུགས་པ་ཚོར་ཤན་འབྱེད་ལེགས་པོ་ཞིག་དང་། རང་གི་ཁེ་གྲགས་ཀྱི་དོན་དུ་ཡ་མ་བརླར་གྱུར་པའི་སྤྲུལ་གཟུགས་འཛིན་པ་ཚོར་སྐད་གསེང་མཐོན་པོས་ཐ་ཚིག་ཅིག་མི་བསྒྲགས་ག་མེད་བྱུང་། རྒྱུ་མཚན་ནི། ཁྱེད་ཚོས་ནང་བསྟན་གཙང་མ་ཞིག་དར་སྤེལ་བྱེད་འདོད་ན། དྲུང་པའི་དྲང་ཚུགས་ཀྱི་མི་གཤིས་དང་། སྤ་གསང་མེད་པའི་གྲུབ་སྤྱོད། གཏིང་ཟབ་ཅིང་རྩལ་མྱུར་པའི་ཤེས་རབ་བཅས་ལ་མིག་དཔེ་གཟིགས་དགོས་པར་གདའ་འོ། །

མདོར་ན། དྲུང་པའི་ལོ་རྒྱུས་ནང་རང་གི་ཆུང་མར་འཆད་མྱོང་ཞིང་དེ་ལྟར་ལག་ལེན་དུ་བསྟར་མྱོང་བའི་རླབས་ཆེན་གྱི་སྐད་ཆ་ཞིག་སྟེ། ‘’ གལ་སྲིད། ནང་ཆོས་འཇིག་རྟེན་འདིར་སྤེལ་མ་ཐུབ་ན། ང་འཇིག་རྟེན་འདིར་བསྡད་ནས་དོན་ཡོད་མ་རེད ,,ཅེས་པའི་ཚིག་དེར་དྲུང་པ་རང་ངོས་ནས་ཤེས་རྟོགས་དང་། ལག་ལེན་ཅི་འདྲ་ཞིག་མཛད་ཡོད་མེད་ཤེས་དགོས་པ་ལས། ཁ་བཤད་ཆུ་ཡི་ལྤུ་བས་ནང་ཆོས་བཤད། ལག་ལེན་གསེར་གྱི་ཐིག་པས་རང་དོན་འབའ་ཞིག་སྒྲུབ་མཁན་ཚོས་ཤེས་རབ་ཀྱིས་མི་བསྙོབ་ནའང་དྲུང་པའི་བྱ་སྤྱོད་ཙམ་པོ་བར་ཁ་གཡར་ནས་ནང་བསྟན་གྱི་ངོ་གདོང་ལ་བསུབ་དཀའ་བའི་ནག་ཐིག་མ་བྱུགས་རོགས་ཞུ་རྒྱུ་ཡིན།

དེས་ན། དྲུང་པ་ཆོས་རྒྱམ་ནི། ནང་བསྟན་ཆོས་ལུགས་པ་ཤེས་རབ་ཅན་ཞིག་ཡིན་པར་མ་ཟད། སྙན་ངག་པ་གྲུབ་སྤྱོད་ཅན་ཞིག་ཀྱང་ཡིན། གསར་གཏོད་ལ་དགའ་བའི་སྒྱུ་རྩལ་བ་བློ་སྟོབས་ཅན་ཞིག་ཡིན་ལ། བདུད་རྩིས་སྨྱོས་པའི་བསམ་གཏན་པ་ངོ་མཚར་ཅན་ཞིག་ཀྱང་ཡིན། ཅི་དགར་ལོངས་སུ་སྤྱོད་ཅིང་སྦ་གསང་བྲལ་བའི་མི་བུ་གཤིས་འཇམ་ཞིག་ཡིན་ལ། ཆོས་བརྒྱད་རྡུལ་དུ་བརླགས་ཏེ་སེམས་ཀྱི་གཤིས་ལུགས་རྙེད་པའི་སྙིང་རྗེའི་རིང་ལུགས་པ་ཞིག་ཀྱང་ཡིན་པར་མ་ཟད། མང་པོའི་ཁྲོད་མཛེས་མར་འཁྱུད་སྤོབས་པའི་རྟོགས་ལྡན་སྨྱོ་སྤྱོད་ཅན་ཞིག་ཀྱང་ཡིན་པས། ད་གཟོད་དྲུང་པ་ཞེས་བརྗོད་དུས་ནུབ་ཕྱོགས་ཀྱི་ནང་བསྟན་པ་ཚོའི་སེམས་ན་སྐྱོ་ངལ་གྱི་གྲིབ་མ་གསོད་པའི་ཟླ་འོད་དང་། སྐོམ་པའི་གདུང་བ་སེལ་བའི་མཐོ་སྒང་གི་རྫ་ཆུ་བསིལ་མ་ཞིག་ཏུ་གྲུབ་པར་སྣང་ངོ་། །

མཐའ་དོན་རིག་པའི་དཔའ་བོ། བོད་ཀྱི་སྤྲུལ་སྐུ། ལོ་རབས་དྲུག་ཅུ་བའི་ནང་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་བོད་བརྒྱུད་ནང་བསྟན་གྱི་འོད་སྣང་འགྱེད་པའི་སྐར་ཆེན་དུ་འབོད་ཆོག་པའི་སྐུ་ཞབས་དྲུང་པ་ཉིད་ཀྱི་ཞལ་ནས། ’’ ནང་བསྟན་ཆོས་ལུགས་ནི་སེམས་ཁམས་རིག་པའི་ངོ་བོའི་ཐོག་ནས་ནུབ་ཕྱོགས་སུ་དར་བར་འགྱུར་རོ ,,ཞེས་སྐད་གསེང་མཐོན་པོའི་བསྒྲགས་མྱོང་བ་ལྟར། མི་རིགས་ཀྱི་ལོ་རྒྱུས་ཁྲོད་གསར་གཏོད་ལ་དགའ་ཞིང་། ཆོས་ཉིད་ཀྱི་བདེན་དོན་རྟོགས་པའི་རླབས་ཆེན་གྱི་སྟོན་པ་མཉམ་མེད་སྲས་གཙང་སྲས་པོའི་འཚེ་མེད་ཞི་བའི་ལྟ་གྲུབ། རྟེན་ཅིང་འབྲེལ་འབྱུང་གི་ཞི་བའི་ལམ་བཟང་རླབས་པོ་ཆེ་འདི་ཉིད་དཔལ་ལྡན་ས་ཆེན་པོའི་མཛེས་རྒྱན་དུ་ཇི་སྲིད་ནས་སྲིད་བར་འཚོ་ཐུབ་པའི་སྨོན་འདུན་ཞུའོ། ། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།