སྒྱུ་རྩལ་དང་མི་གཤིས།

6345


རྩོམ་པ་པོ།   མང་བཟའ་པད་དཀར།
པད་མ་འབུམ་གྱིས་རྒྱ་ཡིག་ལས་བསྒྱུར།


སྒྱུ་རྩལ་ནི་སྔ་དཔུང་སྟེ། དེ་ནི་འདུ་ཤེས་ཀྱི་སྔོན་དུ་སྐྱོད་པ་ཞིག་ཡིན་འོས་པ་ལས་མི་དཀྱུས་མ་རྣམས་ཀྱི་མཛེས་འཛིན་གྱི་བློ་དང་བསྟུན་མི་འོས། དེ་མིན་ན་སྒྱུ་རྩལ་སྔོན་དུ་སྐྱོད་ཐབས་མེད། སྒྱུ་རྩལ་གྱིས་མི་དཀྱུས་མ་རྣམས་ཀྱི་མཛེས་འཛིན་གྱི་བློ་ལ་སྣེ་འཁྲིད་བྱེད་དགོས་ཏེ། དེ་ནི་འདུ་ཤེས་འཛིན་སྟངས་ལས་འཕགས་པ་ཞིག་དང་བརྒལ་བ་ཞིག་ཡིན། ཡིན་ན་ཡང་ངའི་བརྩམས་ཆོས་ལས་མཐོང་བ་ནི་དེ་ལས་ལྡོག་པ་ཡིན། ངའི་བརྩམས་ཆོས་རྣམས་སྐབས་འགར་ཡུ་རོབ་དུས་རབས་དཀྱིལ་མའི་དུས་ཀྱི་དུངས་ཞེན་དང་རེངས་པོའི་དུས་ལ་སྐྱར་ལོག་བྱས་པ་དང་མཚུངས་ལ། སྐབས་འགར་རེམ་འབེ་རེན་ཌིའི་(Rembrandt) སྐུ་ལ་འཁྲིལ་ནས་བསྡད་ཡོད་པ་དང་ཡང་མཚུངས། འདི་ནི་སྐྱར་ལོག་གམ་ཕྱིན་དྲན་ནམ།  སློབ་གྲ་ཆེན་མོ་ལ་ཡོད་སྐབས། ང་དུས་སྐབས་ཤིག་གི་རིང་ལ་དེང་རབས་ཀྱི་གསར་མཚོན་རིང་ལུགས་ཟེར་བའི་སྙན་ངག་སྟེ། སྦའུ་ཌེ་ལེ་ཡེའི་(Baudelaire) སྙན་ངག་གི་ནང་དུ་འཐིམས་ཏེ་བཟི་མྱོང་། འཇར་མན་གྱི་གསར་མཚོན་རིང་ལུགས་པའི་བརྩམས་ཆོས་རྣམས་ངའི་སེམས་ཁམས་ལ་འཇུག་པོ་བྱུང་བ་འདྲ། ངས་རི་མོ་བྲིས་མྱོང་ལ་སྙན་ངག་དེ་ལས་ཀྱང་མང་པོ་བྲིས་མྱོང་། ཡིན་ན་ཡང་དེ་དུང་ང་རང་གིས་རང་གཤིས་བཅིངས་འགྲོལ་དང་། མི་ཆོས་དང་སྲོལ་རྒྱུན་ལས་བརྒལ་བ་གཙུགས་སུ་འཛིན་སྟབས། རང་ཉིད་ཀུན་ལས་བརྒལ་ཏེ་ཐམས་ཅད་ལ་མར་ལྟ་ཞིང་། སྤྲིན་གྱི་ནང་དུ་འཕྱོ་བའི་ཚོར་སྣང་ཡོད། ང་རང་གིས་མང་དུ་ཚོར་བ་ནི་མི་གཤིས་ཀྱི་མུན་ནག་གི་ཕྱོགས་ཏེ། བློ་ཕམ་། ཡིད་མུག གྲོགས་མེད་ཁེར་རྐྱང་། འཇིགས་སྣང་། སྡོད་མི་བཟོད་པ་སོགས་ཡིན། ནམ་ཡང་བརྗོད་མི་ཚར་བའི་ཡུས་དང་། བཤད་མི་ཚར་བའི་ཚེ་སྲོག་གི་སྡུག་བསྔལ་དང་མི་ཚེ་ཡི་སྐྱོ་གར་ཞིག་ཡོད། དུས་མཚུངས་སུ་མི་ཚེ་ཡི་ཆང་སྐྱུར་མོ་ལ་ཞེན་ཆགས་ཤིག་ཡོད་ཅིང་། སྐྱོ་གདུང་གི་ཆང་སྐྱུར་དེ་རྔམ་འཐུང་བྱེད་པ་དང་ཡང་མཚུངས། རྗེས་སུ་ནང་ཆོས་རྙེད་ཅིང་། ནང་ཆོས་ཀྱི་སྙིང་རྗེ་དང་བཟོད་པས་ངའི་མི་ཚེའི་ལྟ་བ་བསྒྱུར། བཟོད་སྒམ་གྱིས་ང་དཀྱུས་མ་ཞིག་ཏུ་གྱུར་ཅིང་། དཀྱུས་མའི་ནང་ནས་སེམས་ཀྱི་ཞི་བདེ་བཙལ། སྙིང་རྗེ་ཡིས་ང་རང་སྒེར་སེམས་མེད་པ་ཞིག་ཏུ་གྱུར་ཅིང་། སྒེར་སེམས་མེད་པའི་ཁྲོད་ནས་ཚེ་སྲོག་གི་སྤྲོ་སྣང་བཙལ། གླུ་དབྱངས་གང་ཞིག་ཡིན་པ་མི་དྲན་ཡང་ཚིག་འདི་འདྲ་ཞིག་ཡོད་། སྔོན་ཆད་སོམ་ཉི་དང་མུན་པ་ཡང་དང་ཡང་དུ་འཁོར་བའི་ཁྲོད་དྲི་བརྟག་བྱས་མཐར། དཀྱུས་མ་དང་བག་ཕེབས་ནི་གཞི་ནས་ངོ་མ་ཡིན་པ་ཤེས། གླུ་འདི་དང་སེང་བླངས་ན་གཞི་ནས་བྲོ་བ་ཞིག་འདུག ལོ་ན་ཉེར་དགུ་ནི་ངའི་མི་ཚེ་ཡི་དཀྱོགས་མཚམས་ཆེན་པོ་ཞིག་ཡིན། ལོ་དྲུག་ལ་ནང་ཆོས་ལ་གུས་པ་དང་། ནང་ཆོས་ལ་དད་པ་བྱས་པ་བརྒྱུད་ནས་རང་བཞིན་ལས་ཤོར་དུ་སོང་བ་དང་། གཤིས་ཀ་རྭ་ལྟར་གྱོང་བའི་བུད་མེད་ང་གཞི་ནས་རང་རྒྱུད་སྨིན་ཅིང་བཞུས། ད་ལྟའི་ང་ནི་བྱིས་པའི་དུས་ཀྱི་རྨོ་མོའི་སྐུ་འཁྲིས་སུ་སླེབས་པ་དང་ཡང་འདྲ་ལ། དེ་ནི་དུས་རླབས་ཀྱི་ནང་དུ་བོར་བརླག་ཏུ་སོང་བའི་ངའི་རྨི་ལམ་ཡིན་ཡང་སྲིད།  འདིར་ང་རང་གི་སྒྱུ་རྩལ་ལ་ཕྱིར་མིག་ཅིག་སློག་ན། ངའི་སྒྱུ་རྩལ་ནི་ཤི་ལི་ཡེར་(Schiller) གྱི་འཕག་ཚགས་དང་མུན་ཁི་ཡི་སྨྲེ་ངག་དང་བར་ཐག་རིང་དུ་གྱེས་ཡོད། ངའི་མཛེས་འཛིན་གྱི་བློ་དེ་རིག་རྩལ་སྐྱར་དེར་ཞེས་པའི་དུས་དེའི་སྔ་ཕྱི་སྟེ། བོད་ཀྱི་དུས་རབས་བཅུ་གཅིག་བཅུ་གཉིས་ཀྱི་ཐང་ག་དང་། ལྡེབས་རིས་དང་། གནའ་རབས་སྒྱུ་རྩལ་ལ་ཕྱིར་ལྡོག་བྱས་ཡོད།  སྒྱུ་རྩལ་ནི་སྒྱུ་རྩལ་མཁན་པོའི་སེམས་ཁམས་ཀྱི་ཐོན་རྫས་ཡིན་ན། ངས་བལྟས་ན་བདེན་པ་དང་། དགེ་བ། མཛེས་པ་ནི་སྒྱུ་རྩལ་མཁན་པོས་འཚོལ་བའི་བརྗོད་སྙིང་ཡིན་འོས། སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཡང་ཡིན་འོས་ལ། དེ་ལྟར་ཡིན་ན་རིམ་པ་མི་འདྲ་བ་དང་། རིག་གཞུང་མི་འདྲ་བ། སེམས་ཁམས་མི་འདྲ་བ་བཅས་ཀྱི་དང་བ་འདྲེན་ཐུབ། སྒྱུ་རྩལ་གྱིས་བརྗེད་པར་གྱུར་བའི་མི་རྣམས་ལ་དེ་ལས་ཀྱང་དོ་སྣང་བྱེད་དགོས། མི་མང་པོས་སྒྱུ་རྩལ་ཟེར་བ་དེ་ལ་ཅི་ཡང་མི་ཚོར་ཞིང་། བྲོ་བ་མྱོང་མི་ཤེས་པར་འདུག མི་འདི་རྣམས་སྒྱུ་རྩལ་དང་ལས་འབྲེལ་རྩ་བ་ནས་མེད་པ་ཡིན་ནམ།  ཁོང་ཚོའི་གདོང་དུ་སྒྱུ་རྩལ་ཟེར་བ་དེ་ཅི་ཞིག་ཏུ་གྱུར་བ་རེད་། ཁོང་ཚོའི་སེམས་ན་ཁོང་ཚོ་ལ་དབང་བའི་སྒྱུ་རྩལ་ཞིག་མེད་པ་ཡིན་ནམ། ཁོང་ཚོ་རང་སྟེང་གི་ཁ་དོག་གི་ཚོར་བ་དང་། བཞེངས་གཟུགས་ཀྱི་དགའ་ཕྱོགས། དངོས་པོ་ལ་ལྟ་སྟངས་བཅས་བརྒྱུད་ནས་ཁོ་ཚོའི་སྒྱུ་རྩལ་དབྱུང་བའམ་སྒྱུ་རྩལ་མཁན་པོ་རྣམས་དང་འབྲེལ་མཐུད་བྱེད་ཐབས་མེད་དམ། ཇི་ལྟར་མི་ཚང་མས་ཟ་མ་ཟ་དགོས་པ་དང་། མི་རེ་ལ་དགའ་ཕྱོགས་གྱི་བྲོ་བ་ཡོད་པ་ནང་བཞིན། སྒྱུ་རྩལ་ནི་མི་རེ་རེའི་འཚོ་བའི་ཆ་ཤས་ཤིག་སྟེ། སེམས་ཁམས་ཀྱི་གསོ་སྨན་དང་། མིག་གི་ལོངས་སྤྱོད། བླ་སྲོག་གི་དགའ་སྟོན་དུ་འགྱུར་འོས་ཆེ་བ་ཡིན།

ངས་རྒྱུ་ཆ་འདེམས་པ་དང་མཚོན་ཐབས་ཀྱི་རྣམ་པའི་སྟེང་ནས་མང་ཆེ་བ་ཇི་བཞིན་འབྲི་བ་དང་གནའ་རབས་རིང་ལུགས་ཀྱི་ཐབས་ལམ་བཀོད་ཡོད། དེ་ལ་རྒྱུ་མཚན་གསུམ་ཡོད་པ་གཤམ་གསལ།

༡ བོད་པ་སྤྱི་ཡོངས་ཀྱི་མཛེས་འཛིན་གྱི་བློ་དེ་བརྗིད་བག་ཅན་དང་། བཀོད་པ་ལེགས་པ། གནའ་རབས་ཀྱི་སྟབས་བདེའི་གཤིས་ཀ་ཅན་ཡིན་པ་དེ། ནུབ་ཕྱོགས་པའི་གནའ་རབས་རིང་ལུགས་(ཕོ་བྲང་གི་བྲིས་ཅན་)དང་ཧ་ཅང་ཐག་ཉེ་བོ་ཡོད་།

༢ ནུབ་ཕྱོགས་པའི་རི་མོ་འཕེལ་བའི་ལོ་རྒྱུས་ལ་བལྟས་ན། དུས་རབས་དཀྱིལ་མ་ནས་རིག་རྩལ་སྐྱར་དེར་ཞེས་པའི་བར་གྱི་སྒྱུ་རྩལ་ནི་ཆོས་ལུགས་རིག་གནས་ཀྱི་རྟེན་དུ་གྱུར་ཡོད་ལ།

འདི་ནི་བོད་ཀྱི་སྒྱུ་རྩལ་གྱི་འཕེལ་རྒྱས་ནི་སངས་རྒྱས་ཆོས་ལུགས་དར་ཁྱབ་དང་འཕེལ་རྒྱས་སུ་སོང་བ་ལ་བརྟེན་ཡོད་པའི་སྤྱི་ཚོགས་ཁོར་ཡུག་དང་ཧ་ཅང་འདྲ་བོ་འདུག དེ་མ་ཟད་རིག་རྩལ་སྐྱར་དར་སྐབས་ཀྱི་སྒྱུ་རྩལ་པ་ཆེན་མོ་ད་ལྦན་ཅི་(Da Vinci) དང་། མའེ་ཁེལ་ཨན་ཇི་ལོ་(Michelangelo) སོགས་ནི་སྒྱུ་རྩལ་བ་ཡིན་པ་མཚུངས་སུ་གྲངས་རིག་དང་། སྐར་རྩིས། གསོ་རིག་བཅས་ལ་ནང་བྱན་ཆུང་པའི་ཚན་རིག་པ་ཡང་རེད། བོད་ཀྱི་ལོ་རྒྱུས་སྟེང་ལ་ཡང་སྐྱེས་ཆེན་དམ་པ་མང་པོ་བྱོན་པ་རྣམས་ཀྱིས་བོད་ཀྱི་རི་མོ་དང་། འབག་བཟོ་བཅས་ཀྱི་སྒྱུ་རྩལ་ཡར་རྒྱས་སུ་འགྲོ་བར་ཕྱག་རྗེས་བཞག་ཡོད་པ་རེད། ལོ་རྒྱུས་སུ་བཀོད་པ་ལྟར་ན། སྲོང་བཙན་སྒམ་པོས་རང་གི་ཤངས་ཁྲག་གིས་དཔལ་ལྡན་ལྷ་མོ་འབྲི་བཞེངས་གནང་བ་དང་། རྒྱལ་མཆོག་ལྔ་བ་ཆེན་མོས་བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་སྟེང་ལ་གསར་གཏོད་དང་ཐུགས་ཞིབ་གནང་ཡོད་པ་རེད།

༣ ངས་རི་མོ་འབྲི་ལྡེར་བཟོ་བྱེད་པར་དངོས་འབྲིའི་ཐབས་ལམ་བེད་སྤྱོད་བཏང་བ་ནི་བོད་པའི་བློ་བརྟན་འགྱུར་མེད་ཀྱི་ཚེ་སྲོག་གི་སྟོབས་ཤུགས་དང་། བོད་པའི་ཕྱི་ཐག་རིང་བ་དང་། གཞུང་དྲང་བ། བོད་པའི་འཇིག་རྟེན་གྱི་ཡོད་དགུ་ལ་གོ་བ་ལེན་ཚུལ། ཚེ་སྲོག་གི་ངོ་བོ་འཚོལ་བ་བཅས་མཚོན་ཆེད་ཡིན་ལ། སྲ་བརྟན་གྱི་བཞེངས་གཟུགས་དང་གཏིང་ཟབ་ཅིང་ཚ་འོད་འཕྲོ་བའི་མིག་མདངས་མ་ལུས་མཚོན་ཡོད། ཇི་སྐད་དུ། “བོད་ཀྱི་རི་མོ་པས་བསམ་གཟས་ནས་སྒྱུ་རྩལ་གྱི་རང་གཤིས་བསད་ནས་ཤེས་རབ་ཆེན་པོ་བསྟན་ཡོད་པ་དང་། སེམས་སྟེང་གི་ངར་འཛིན་བློས་བཏང་ནས་མི་རིགས་ཐུན་མོང་གི་སྤྱོད་ལམ་གྲུབ་པའི་ནང་དུ་ཞུགས།” ཞེས་པ་ལྟར། ངའི་ལྡེར་བཟོ་དང་རི་མོ་གང་མང་ནི་སེམས་ཁམས་འདི་ལ་བརྟེན་ནས་གྲུབ་པ་ཡིན། དེ་དག་ལས་ཉུང་ཤས་ཤིག་དེང་རབས་རིང་ལུགས་ཟེར་བའི་ཐབས་ལམ་སྤྱད་དེ་སྨྱུག་ཁ་བག་ཡངས་སུ་བསྒྱུར་ཡོད། འདིའི་སྐབས་སུ་རང་སྣང་ལ་རང་དབང་ཆ་ཚང་ཞིག་ཐོབ་ན་གཞི་ནས་བྲིས་ན་འགྲུབ་ཐུབ།  འདི་ནི་དེང་རབས་སྒྱུ་རྩལ་པ་རྣམས་ཀྱིས་རང་གཤིས་ཟེར་བ་དེ་ངེས་པར་དུ་ཡིན་ལས་ཆེ།

ཞོར་དུ་། འདིར་ངས་ང་རང་གི་རི་མོ་འགྲེམས་སྟོན་འདིའི་སྐོར་མདོར་བསྡུས་ཤིག་བརྗོད་པར་འདོད། ༡༩༩༥ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ང་རང་གནས་མེད་ཁྲོམ་འཁྱམས་པ་ཞིག་ཏུ་འགྱུར་ཉེའི་སྐབས་སུ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ལོ་རྒྱུས་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ནས་ང་བོས་སོང་། ཁོང་གིས་སྒྱུ་རྩལ་པ་ཞིག་འཕྲོ་བརླག་ཏུ་འགྲོ་གི་ཡོད་པའི་ཕངས་སེམས་ཀྱིས་ང་ལ་རི་མོ་འགྲེམས་སྟོན་བྱེད་རྒྱུའི་དགོངས་འཆར་དང་སྐུལ་མ་གནང་བ་མ་ཟད། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་ང་ལ་བདག་པོ་བརྒྱབ་ནས་ངའི་ཁང་གླ་དང་། འཚོ་བའི་འགྲོ་གྲོན། ངའི་རི་མོ་འགྲེམས་སྟོན་གྱི་འགྲོ་སོང་བཅས་ལ་སྦྱིན་བདག་གནང་། དེ་ལས་ཀྱང་བརྗེད་མི་ཐུབ་པ་ཞིག་ནི། ལོ་བཞིའི་རིང་གི་ནང་ཆོས་ལ་སློབ་སྦྱོང་དང་སྒྲིབ་སྦྱོང་དང་། ལས་ཀྱི་རྣམ་སྨིན་གྱིས་ང་རང་སྨྱོན་པའི་སྨན་ཁང་ལ་བསྐྱལ་ཞིང་། ཕྱིར་ངྷ་རམ་ས་ལར་ལོག་ནས་མི་ཁྱུ་ནས་བུད་ཅིང་ཁྱི་གྲལ་ལ་མ་ཚུད་པའི་སྐབས་དེར། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་གུས་འོས་པའི་གྲོགས་པོ་རྣམས་ཀྱིས་ཕྲན་ལ་བོང་བ་གསེར་གཟིགས་གནང་སྟེ་སྨྱོན་མ་ང་ཡང་སྐྱར་མི་གྲལ་དུ་ཚུད་པར་གྱུར། ད་ལྟ་འདིར་དགེ་བའི་སྨོན་སེམས་ཅན་གྱི་བོད་མོ་ངས་རང་གི་ཚེ་སྲོག་དང་། རང་གི་མི་རིགས། རང་གི་དགེ་རྒན། རང་གི་གྲོགས་པོ། རང་གི་ཕ་ཡུལ། འགྲོ་བ་མིའི་རིགས་ལ་འགན་ཁུར་ནས་བརྟན་ཅིང་གསར་བའི་གོམ་པ་དང་པོ་སྤོ་བའི་གོ་སྐབས་འདི་བྱུང་བ་རེད། འདིར་ཡང་སྐྱར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་རྒན་ལགས་བཀྲ་ཤིས་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། པད་མ་འབུམ་བཅས་དང་ལས་བྱེད་རྣམས་ཀྱིས་བོད་མོ་ཞིག་ལ་རྒྱབ་སྐྱོར་དང་མཛའ་བརྩེ་ལྷག་བསམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འཇམ་དབྱངས་ནོར་བུ་ལགས་ནས་སྒྱུ་རྩལ་གྱི་ཐད་ལ་མཛུབ་སྟོན་རོགས་རམ་གནང་བ། དེ་བཞིན་ང་རང་གི་ཁྱོ་གས་ང་ལ་རྒྱབ་སྐྱོར་དང་དྲོད་སྣང་ཅན་གྱི་ཁྱིམ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༡༩༩༩ཕྱི་ཟླ་༡༠རྡ་རབ་ས་ལར་བྲིས། 
  

 

མཆན།  ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་དུས་རླབས་ཀྱི་རྨི་ལམ་ཞུས་པའི་དེབ་ཆུང་ལས་བཤུས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།