དངུལ་གྱི་ལམ་ལུགས་ངོ་སྤྲོད།(བཞི་པ།)

4526

               རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

བཤད་མ་ཐག་པ་དེ་ལྟར་ཡིན་ན་འོ་ན་ཚོང་ལས་དངུལ་ཁང་རྣམས་ཀྱིས་དངུལ་གང་འདོད་གཡར་ཆོག་པ་ལས་དེ་ལ་སྟངས་འཛིན་བྱེད་ཐབས་རྩ་བ་ནས་མེད་པ་རེད་དམ་སྙམ་ན། ལྟ་གྲུབ་ཀྱི་དབང་དུ་བྱས་ན་དེ་ལ་སྟངས་འཛིན་བྱེད་པའི་ཆ་རྐྱེན་འགའ་ཤས་ཤིག་ཡོད། དང་པོ་ནི་མ་རྩ་ཅི་དགོས་དང་། གཉིས་པ་ནི་མཛོད་དངུལ་ཅི་དགོས། གསུམ་པ་ནི་སྐྱེད་ཀའི་ཚད་གཞི་བཅས་སོ།། དེ་དག་ལས་གལ་ཆེ་ཤོས་གཅིག་ནི་མ་རྩ་ཅི་དགོས་ཡིན་པ་སྟེ། ལམ་ལུགས་དེ་ལ(Basel Accord)རྦཱ་སེལ་གྲོད་ཆོད་ཅེས་ཟེར་ཞིང་ཐོག་མར་སྤྱི་ལོ་༡༩༨༠འི་ནང་དུ་བྱུང་། ད་ལྟའི་བར་Basel དང་པོ་དང་། གཉིས་པ། གསུམ་པ་བཅས་རིམ་པ་གསུམ་བྱུང་བ་ལས་འདི་ནི་གཙོ་བོ་དངུལ་ཁང་གིས་བུ་ལོན་གཡར་རྒྱུ་མང་དྲགས་པས་དངུལ་ཁང་མི་ཁ་ཤི་ཉེན་ཡོད་པ་དེ་ལས་སྐྱོབ་པའི་ཆེད་དུ་དངུལ་ཁང་རྣམས་ཀྱིས་བུ་ལོན་ཅི་ཙམ་གཡར་བ་དེ་ཙམ་གྱི་མ་རྩ་ཟུར་དུ་ཉར་དགོས་པའི་ལམ་ལུགས་ཤིག་རེད།

དཔེར་ན་དངུལ་ཁང་གིས་སྲིད་གཞུང་ལ་བུ་ལོན་གཡར་ན་སྲིད་གཞུང་གིས་བུ་ལོན་འཇལ་མི་ཐུབ་པའི་ཉེན་ཁ་ཕལ་ཆེར་མེད་པས་ན་དངུལ་ཁང་གིས་མ་རྩ་དེ་ཙམ་ཉར་མི་དགོས་ཤིང་། ཡང་དངུལ་ཁང་གིས་བཟོ་གྲྭ་གསར་པ་ཞིག་ལ་བུ་ལོན་གཡར་ན་བཟོ་གྲྭ་གསར་པ་དེས་བུ་ལོན་འཇལ་མི་ཐུབ་པའི་ཉེན་ཁ་ཆེ་བས་ན་མ་རྩ་མང་ཙམ་ཉར་དགོས་པ་ལྟ་བུ་བུ་རེད། འོན་ཀྱང་<<དངུལ་དེངས་རབས་ཅན་དུ་བསྒྱུར་བ་>>ཞེས་པའི་དེབ་གྲགས་ཅན་དེའི་ནང་དུ་རྒྱུ་མཚན་བཞིས་དབུས་དངུལ་ཁང་གིས་རྦཱ་སེལ་གྲོས་ཆོད་ཅེས་པའི་ཐབས་ལམ་འདི་བེད་སྤྱད་ཀྱང་ཚོང་ལས་དངུལ་ཁང་ཁག་གིས་དངུལ་ཡིད་རྟོན་དངུལ་བུན་གྱི་ཚུལ་དུ་གཡར་བ་ལ་བཀག་འགོག་བྱེད་མི་ཐུབ་ཚུལ་གསུངས་པ་ལས་རྒྱུ་མཚན་གཅིག་ནི་ཚོང་ལས་དངུལ་ཁང་གིས་དངུལ་གཡར་བའི་སྐབས་སུ་སྐྱེད་ཀ་ལེན་གྱི་ཡོད་པ་དེས་དངུལ་ཁང་ལ་ཁེ་བཟང་འཐོབ་ཀྱི་ཡོད་ཅིང་། ཁེ་བཟང་ཐོབ་པ་དེས་མ་དངུལ་འཛུགས་པ་པོའི་ཆེད་དུ་Equity 权益 ལྷག་སྐལ་འཕེལ་ཞིང་། དེ་ལ་བརྟེན་ནས་མ་རྩ་ཡང་འཕར་བ་དེས་ཚོང་ལས་དངུལ་ཁང་གིས་སླར་ཡང་མུ་མཐུད་དངུལ་གཡར་ཆོག་པར་གསུངས།

གཉིས་པ་ནི་མཛོད་དངུལ་གྱི་ཚད་གཞི་སྟེ། དཔལ་འབྱོར་རིག་པའི་སློབ་དེབ་རྣམས་ཀྱི་ནང་དུ་ཚོང་ལས་དངུལ་ཁང་ཁག་གིས་དབུས་དངུལ་ཁང་གི་ནང་དུ་མ་རྩའི་དོད་དུ་མཛོད་དངུལ་ཚད་ངེས་ཅན་ཞིག་གསོག་ཐུབ་མེད་ན་ཚོང་ལས་དངུལ་ཁང་དག་གིས་གཞན་ལ་བུ་ལོན་གཡར་མི་ཆོག་པའི་ཚུལ་འཁོད་ཡོད་ན་ཡང་དེང་དུས་ཀྱི་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་དེ་ལ་ཞིབ་འཇུག་ནན་པོ་བྱེད་སྐབས་ལག་ལེན་དངོས་ལ་དེ་འདྲ་མིན་པར་མཐོང་ཞིང་། དཔལ་འབྱོར་རིག་པ་བ་(Charles Goodhart)ཅར་ལེ་སི་རྒུཌ་ཧར་ཊི་སོགས་ཀྱིས་གསུངས་ན་དབུས་དངུལ་ཁང་གཙོ་བོར་གྱུར་པའི་དངུལ་ཁང་རང་ལ་ལས་ཀ་བྱེད་མྱོང་བ་རྣམས་ཀྱིས་ཀྱང་ཡོངས་གྲགས་ཀྱི་བསམ་ཚུལ་དེ་ནི་ནོར་བ་ཞིག་ཡིན་པར་འདོད་པ་རེད། དེ་ཡིན་པས་ན་དཔལ་འབྱོར་རིག་པའི་མཁས་པ་ཆེན་པོ་Holmes ཧོལ་མེ་སི་གིས་འཇིག་རྟེན་དངོས་ཀྱི་ནང་དུ། དངུལ་ཁང་རྣམས་ཀྱིས་ཡིད་རྟོན་དངུལ་བུན་རྒྱ་བསྐྱེད་ནས། བརྒྱུད་རིམ་དེའི་ཁྲོད་དུ་དངུལ་བཅོལ་འཇོག་བྱེད་པ་དང་། དེ་རྗེས་གཞི་ནས་མཛོད་དངུལ་འཚོལ་བར་བྱེད་ཅེས་གསུངས་པ་ལྟར། དངུལ་ཁང་དག་གིས་གཞན་ལ་ཡིད་རྟོན་དངུལ་བུན་གཡར་ཟིན་རྗེས་ད་གཟོད་དབུས་དངུལ་ཁང་གི་ནང་དུ་མཛོད་དངུལ་གྱི་ཚད་གཞི་དགོས་མཁོ་དང་འཚམས་པ་སྤར་གྱི་ཡོད་པ་རེད།

འོན་ཀྱང་དེ་འདྲ་བྱས་ན་འགྲོ་ལུགས་དངོས་དང་ཅུང་ཟད་མི་མཐུན་པས་དབུས་དངུལ་ཁང་གིས་ཚོང་ལས་དངུལ་མཁན་དེའི་རིགས་ལ་མཛོད་དངུལ་མི་གཡར་བ་སྲིད་དམ་སྙམ་ན། དཔལ་འབྱོར་རིག་པའི་མཁས་པ་རྣམས་ཀྱིས་གསུངས་ན་དབུས་དངུལ་ཁང་གིས་ཚོང་ལས་དངུལ་ཁང་རྣམས་ལ་མཛོད་དངུལ་མ་གཡར་རང་གཡར་ཐུག་ཡོད། རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་དབུས་དངུལ་ཁང་ལ་ཡོད་པའི་མཛོད་དངུལ་ནི་དངུལ་ཁང་ཕན་ཚུན་གྱི་བར་དུ་སྤྲོད་པའི་དངུལ་གྱི་རིགས་ཤིག་ཡིན་པ་ལ། དངུལ་ཁང་གང་ཡང་རུང་བར་མཛོད་དངུལ་འདང་ངེས་མེད་ན་དེས་རྐྱེན་པས་འབྲེལ་ཡོད་ཀྱི་དངུལ་ཁང་གཞན་མང་པོ་ལ་ཡང་ཤུགས་རྐྱེན་ཐེབས་ནས་དངུལ་ཁང་གི་ལམ་ལུགས་ཁྱོན་ཧྲིལ་པོ་ལ་དཀའ་ངལ་འཕྲད་སྲིད་ཅིང་། དབུས་དངུལ་ཁང་གི་ལས་འགན་གཙོ་བོ་ནི་དངུལ་ཁང་རྣམས་ཀྱི་དངུལ་ལས་ཀྱི་གནས་བབ་བརྟན་པོ་ཡོད་པ་བྱ་རྒྱུ་དེ་ཡིན་པས་ན་དེ་ལྟར་ཡོང་བར་ཚོང་ལས་དངུལ་ཁང་ལ་དབུས་དངུལ་ཁང་གིས་མཛོད་དངུལ་དུས་ཐོག་ཏུ་གཡར་དགོས་པ་ནི་ཚོང་ལས་དངུལ་ཁང་པ་བྱེ་བྲག་པ་ཞིག་གི་གནད་དོན་ཙམ་མིན་པར་ཚོང་ལས་དངུལ་ཁང་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད།

ད་དུང་མཛོད་དངུལ་གྱི་ཚད་གཞིས་ཚོང་ལས་དངུལ་ཁང་རྣམས་ཀྱིས་བུ་ལོན་གཡར་བ་འགོག་མི་ཐུབ་པའི་རྒྱུ་མཚན་གལ་ཆེ་བ་གཅིག་ནི་ཚོང་ལས་དངུལ་ཁང་ཕན་ཚུན་གྱི་བར་དུ་མཛོད་དངུལ་བརྗེ་ལེན་བྱེད་ཆོག་པ་དེས་ཚོང་ལས་དངུལ་ཁང་བྱེ་བྲག་པ་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་དབུས་དངུལ་ཁང་ལ་མཛོད་དངུལ་གྱི་ཆེད་དུ་འབོད་བསྐུལ་ཞུ་མི་དགོས་པ་རེད། དེ་ཡང་དཔེར་ན་ཚོང་ལས་དངུལ་ཁང་ཕན་ཚུན་དངུལ་སྤྲོད་ལེན་བྱེད་སྐབས་ཚོང་ལས་དངུལ་ཁང་ཀ་པ་ནས་མཛོད་དངུལ་ཕྱིར་འགྲོ་ན་ཡང་མཛོད་དངུལ་དེ་ནམ་ཞིག་ཚོང་ལས་དངུལ་ཁང་གཞན་ཞིག་སྟེ་དངུལ་ཁང་ཁ་པའི་ནང་དུ་འཛུལ་བས་ན། དངུལ་ཁང་ཕན་ཚུན་བར་དུ་དངུལ་སྤྲོད་ལེན་བྱེད་སྐབས་ཕན་ཚུན་གྱི་མཛོད་དངུལ་མང་པོ་ཞིག་ཕྱིར་འཐེན་བྱེད་འགྲོ་བ་དེས་མཐར་ཚོང་ལས་དངུལ་ཁང་རྣམས་ཀྱིས་དབུས་དངུལ་ཁང་ནས་མཛོད་དངུལ་ཐོལ་པ་སློང་མི་དགོས་པར་འགྱུར་གྱི་ཡོད། དེའི་ཐོག་ཏུ་སྟབས་བདེ་ཤོས་གཅིག་ནི་རྩ་བའི་ལས་ཁུངས་གཅིག་ཡིན་པའི་དངུལ་ཁང་རྣམས་ཀྱི་ནང་ཁུལ་དུ་མི་རྣམས་ཀྱིས་དངུལ་སྤྲོད་ལེན་བྱེད་སྐབས་དངུལ་ཁང་དེ་དག་གིས་མཛོད་དངུལ་བེད་སྤྱོད་གཏོང་མི་དགོས་པས་ན་དབུས་དངུལ་ཁང་གིས་མཛོད་དངུལ་ལ་སྟངས་འཛིན་བྱས་པ་ཙམ་གྱིས་ཚོང་ལས་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཡར་བ་ལ་སྟངས་འཛིན་བྱ་མི་ནུས་པ་ཞིག་ཡིན་པ་གསལ་པོར་གྱུར་ཡོད།

ཡིད་རྟོན་དངུལ་བུན་རྒྱ་བསྐྱེད་གཏོང་བ་ཚོད་འཛིན་བྱེད་ཐབས་ཀྱི་ཐབས་ལམ་གསུམ་པ་ནི་སྐྱེད་ཀའི་ཚད་གཞི་ཡིན་པ་ལ། དེ་ཡང་ཚོང་ལས་དངུལ་ཁང་མི་འདྲ་བ་རྣམས་ཀྱིས་ནང་ཁུལ་དུ་དངུལ་ཕན་ཚུན་སྤྲོད་པར་དབུས་དངུལ་ཁང་གི་མཛོད་དངོས་དགོས་པར་བརྟེན།  དབུས་དངུལ་ཁང་གི་ས་ནས་ཚོང་ལས་དངུལ་ཁང་རྣམས་ཀྱིས་མཛོད་དངུལ་གཡར་སྐབས་དབུས་དངུལ་ཁང་གིས་དེ་ལ་སྐྱེད་ཀའི་ཚད་གཞི་མཐོ་དམན་རང་འདོད་ལྟར་འཇོག་ཆོག དེ་ལྟར་ན་ཚོང་ལས་དངུལ་ཁང་གིས་དངུལ་གཡར་རྒྱུ་མང་དྲགས་པ་ལ་བརྟེན་ནས་ཚོང་རའི་ནང་དུ་ཅ་དངོས་དང་ཞབས་ཞུ་ཁྱོན་ཡོངས་ཀྱི་གོང་ཚད་འཕར་ན་དབུས་དངུལ་ཁང་གིས་ཚོང་ལས་དངུལ་ཁང་ལ་མཛོད་དངུལ་གཡར་སྐབས་སྐྱེད་ཀ་ཆེ་ཙམ་དགོས་པའི་ཆ་རྐྱེན་བཏོན་ནས་གཡར་བ་ལ། ཚོང་ལས་དངུལ་ཁང་གིས་ད་ཆ་རང་ཉིད་ཀྱིས་ཁེ་བཟང་འདོན་པའི་དོན་དུ་གཞན་ལ་དངུལ་གཡར་སྐབས་ཀྱང་སྐྱེད་ཀ་ཆེ་ཙམ་གྱི་ཐོག་ནས་གཡར་དགོས་ཤིང་། དེ་ལྟར་བྱས་པས་ཚོང་ལས་དངུལ་ཁང་གི་ས་ནས་དངུལ་གཡར་མཁན་ཇེ་ཉུང་དུ་འགྲོ་བ་དེས་དབུས་དངུལ་ཁང་གིས་སྐྱེད་ཀའི་ཚད་གཞི་སྟངས་འཛིན་བྱས་པའི་སྒོ་ནས་ཚོང་ལས་དངུལ་ཁང་རྣམས་ཀྱིས་དངུལ་བུན་ཅི་ཙམ་གཡར་མིན་ཐད་སྟངས་འཛིན་བྱེད་ཐུབ་པར་འདོད།

འོན་ཀྱང་<<དངུལ་དེང་རབས་ཅན་དུ་བསྒྱུར་བ་>>ཞེས་པའི་ནང་དུ་ཐབས་ལམ་དེས་ཀྱང་སྟངས་འཛིན་བྱེད་མི་ཐུབ་པའི་ཚུལ་ལ་རྒྱུ་མཚན་བཞི་བཀོད་པ་ལས་གལ་ཆེ་བ་གཅིག་ནི་དབུས་དངུལ་ཁང་གིས་ཚོང་ལས་དངུལ་ཁང་ལ་དངུལ་གཡར་སྐབས་སྐྱེད་ཀ་ཆེ་ཙམ་བླངས་ན་ཚོང་ལས་དངུལ་ཁང་གིས་ཚོང་པ་ཁག་ལ་དངུལ་གཡར་སྐབས་ཀྱང་སྐྱེད་ཀ་ཆེ་ཙམ་ལེན་པ་དེས་ཡང་ན་སྐྱེད་ཀ་དེས་ཚོང་པ་རྣམས་ཀྱི་ཁེ་སྐྱེད་ལ་ཕོག་ཐུག་གཏོང་བའམ། ཡང་ན་ཚོང་པ་རྣམས་ཀྱིས་ Customer 贵客 གླ་ཉོ་མཁན་རྣམས་ལ་ཅ་དངོས་དང་ཞབས་ཞུའི་རིན་གོང་ཆེ་རུ་བཏང་ནས་དེའི་ཁེ་སྐྱེད་འདོན་ཐབས་བྱེད་པ་གཉིས་ཀས་སྤྱི་ཚོགས་ལ་ཅ་དངོས་ཀྱི་རིན་གུང་ཆེ་རུ་བཏང་ཡོད་ཅིང་། དབུས་དངུལ་ཁང་གིས་དངུལ་གཡར་སྐབས་སྐྱེད་ཀ་སྤར་བའི་དམིགས་ཡུལ་གཙོ་བོ་ནི་ཚོང་ལས་དངུལ་ཁང་ཁག་གིས་ཡིད་རྟོན་དངུལ་བུན་གཡར་བའི་སྒོ་ནས་དངུལ་རྒྱ་བསྐྱེད་གཏོང་བ་དེས་སྤྱི་ཚོགས་ལ་ཅ་དངོས་དང་ཞབས་ཞུའི་རིན་གོང་འཕར་བ་དེ་འགོག་པའི་ཆེད་དུ་ཡིན་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་དེ་ལས་ལྡོག་སྟེ་དེས་རིན་གོང་ཆེ་རུ་གཏོང་གི་ཡོད་ཅེས་གསུངས།

མདོར་ན་ཁྲོམ་རའི་ནང་དུ་དངུལ་བུན་གཡར་བའི་སྒོ་ནས་དངུལ་གསར་བཟོ་བྱེད་མཁན་གཙོ་བོ་ནི་ཚོང་ལས་དངུལ་ཁང་རྣམས་ཡིན་པ་ལ། ཚོང་ལས་དངུལ་ཁང་རྣམས་ཀྱིས་དངུལ་བུན་ཅི་ཙམ་གཡར་མིན་ནི་ཚོང་ལས་དངུལ་ཁང་དེ་ལ་བུ་ལོན་གཡར་སའི་མི་ཡིས་བུ་ལོན་འཇལ་ཐུབ་མིན་གྱི་ཡིད་ཆེས་ཡོད་མེད་དང་། དངུལ་ཁང་ཐུན་མོང་ལ་བུ་ལོན་དེ་དག་ལ་དཔགས་པའི་དངུལ་སྒོར་དང་མ་རྩ་གཙོ་བོ་མཛོད་དངུལ་འདང་ངེས་ཡོད་མེད་དང་། སྤྱི་སྒེར་གང་ཡང་རུང་བས་བུ་ལོན་འཇལ་མ་ཐུབ་པའི་གནས་སྟངས་བྱུང་ཚེ་དངུལ་ཁང་ལ་དེའི་དཀའ་ངལ་སེལ་བའི་ནུས་པ་ཡོད་མེད་ལ་ཐུག་ཡོད་པ་རེད། སྟབས་བདེ་བོས་བཤད་ན་ཁོ་ཚོས་དངུལ་བུན་གཡར་ན་ཁེ་བཟང་ཡོད་མེད་དང་ཉེན་ཁ་ཅི་ཡོད་ཀྱི་ཚོད་དཔགས་དང་ཡིད་ཆེས་ཁོ་ནས་དངུལ་བུན་ཅི་ཙམ་གཡར་མིན་ཐག་གཅོད་པ་ལས་གཞན་གང་གིས་ཀྱང་སྟངས་འཛིན་དང་ཐག་གཅོད་ཐུབ་པ་ཞིག་མིན་པ་རེད།

ད་དུང་ཚོང་ལས་དངུལ་ཁང་རྣམས་ལ་དངུལ་གཡར་མཁན་གྱིས་བུ་ལོན་འཇལ་མ་ཐུབ་པའི་སྐབས་སུ་ཡང་དངུལ་ཁང་ལ་མཐའ་གཅིག་ཏུ་གྱོང་ལས་ཁེ་བཟང་མེད་པ་མ་ཡིན་པར་མི་ཞིག་གིས་བུ་ལོན་གཡར་སྐབས་ཁང་པ་དང་རླངས་འཁོར་ལ་སོགས་པའི་རྒྱུ་ནོར་རྩ་ཆེན་རྣམས་གཏའ་མར་འཇོག་གི་ཡོད་པ་དེས་གལ་སྲིད་མི་དེས་བུ་ལོན་འཇལ་མ་ཐུབ་ཚེ་དངུལ་ཁང་རྣམས་ཀྱིས་མི་དེས་གཏའ་མར་བཞག་པའི་རྒྱུ་ནོར་རྣམས་བཙོང་ནས་སླར་ཡང་ཁེ་བཟང་འདོན་ཆོག་པ་དང་། ད་དུང་དངུལ་ཁང་རྣམས་མི་ཁ་ཤི་ན་དངུལ་ཁང་ཙམ་མིན་པར་སྤྱི་ཚོགས་ཧྲིལ་པོར་དཀའ་ངལ་འཕྲད་ངེས་པ་ལ་བསམས་ནས་དངུལ་ཁང་ལ་དཀའ་ངལ་འཕྲད་སྐབས་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་དེས་ཚོང་ལས་དངུལ་ཁང་རྣམས་ཀྱིས་འཛེམས་ཟོན་དེ་ཙམ་མེད་པར་དངུལ་གཡར་གང་ཐུབ་བྱེད་ཀྱི་ཡོད་པའི་ཚུལ་དེང་རབས་ཀྱི་དཔལ་འབྱོར་རིག་པའི་མཁས་པ་རྣམས་ཀྱིས་དཔང་རྟགས་རྒྱུ་མཚན་དང་བཅས་པར་གསུངས།

འོ་ན་དངུལ་ཁང་རྣམས་ཀྱིས་དངུལ་ག་ཚོད་བཟོ་བཟོ་ཡིན་ནམ་སྙམ་ན། ཐོག་མར་ཤེས་དགོས་པ་གཅིག་ལ་དེའི་སྐོར་ལ་མཁས་པ་རྣམས་ཀྱིས་ལྟ་ཚུལ་མི་འདྲ་སྟེ། མཁས་པ་གཅིག་གིས་གསུངས་ན་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཡར་བའི་སྒོ་ནས་བུ་ལོན་གསར་པ་བཟོ་བ་ལས་དངུལ་གསར་པ་བཟོས་པ་ཞིག་མིན། གཞན་དུ་ན་དངུལ་གང་དགོས་བཟོ་ཆོག་པས་དངུལ་ཁང་ཞིག་མི་ཁ་གཏན་ནས་ཤི་མི་སྲིད་ཅེས་གསུངས། འོན་ཀྱང་སྤྱིར་ཡིད་རྟོན་དངུལ་བུན་ཞེས་པ་ནི་དངུལ་གང་ཞིག་དེ་མ་ཐག་ཏུ་ཕྱིར་སྤྲོད་མི་དགོས་པར་དུས་ཚོད་ངེས་ཅན་གྱི་རིང་བུ་ལོན་གྱི་ཚུལ་དུ་བེད་སྤྱོད་ཆོག་པ་ཡོངས་ལ་གོ་བས་ན། <<Where Does Money Come From དངུལ་གང་ནས་བྱུང་བ་རེད་དམ།>> ཞེས་པའི་ནང་དུ་ཡིད་རྟོན་དངུལ་བུན་གྱི་ལམ་ལུགས་ནི་ཉེ་ཆར་བྱུང་བ་ཞིག་མ་ཡིན་པར་གནའ་རྫས་སྔོག་འདོན་པས་རྙེད་སོན་བྱུང་བ་ལྟར་གསེར་དངུལ་སོགས་དངུལ་གྱི་དོད་དུ་བེད་སྤྱོད་པའི་ལུགས་སྲོལ་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་གོང་ནས་གནའ་བོའི་Babylon རྦེ་རྦི་ལོན་དང་Egypt ཨེ་རྗེབ་ཊི་སོགས་ལ་ཡོད་པའི་དངུལ་ཁང་དག་གིས་ལམ་ལུགས་དེ་ཉིད་བེད་སྤྱོད་བྱེད་ཀྱི་ཡོད་པར་གསུངས།

མ་ཟད་དེབ་དེའི་ནང་དུ་ང་ཚོས་ནམ་རྒྱུན་བེད་སྤྱོད་པའི་དངུལ་སྒོར་གྱི་ཐོག་ཏུ་ཡང་འཁྱེར་མཁན་འདི་ལ་ངས་དངུལ་འདི་ཙམ་སྤྲོད་པའི་ཁས་ལེན་ཡོད་ཅེས་གསལ་བ་ནི་དངུལ་སྒོར་དེ་ཉིད་དངུལ་ཡིན་པའི་དོན་མ་ཡིན་པར་དངུལ་སྒོར་དེ་བཟོ་མཁན་གྱིས་མ་འོངས་པར་འཁྱེར་མཁན་དེ་ལ་དངུལ་དེ་ཙམ་སྤྲོད་པའི་ཁས་ལེན་པའི་སྒོ་ནས་དེ་ལ་ཉོ་ཚོང་བྱེད་པའི་ནུས་པ་སྤྲད་པ་ཞིག་ཡིན་པས་ན་མདོར་ན་དངུལ་ནི་སྲིད་གཞུང་དང་མི་སེར་གྱི་བར་དང་། མི་སེར་དང་དེ་དག་གི་དངུལ་ཁང་གི་བར་དུ་ཡོད་པའི་ཡིད་རྟོན་དང་བུ་ལོན་གྱི་འབྲེལ་བ་ལས་བྱུང་བའི་ནུས་པ་ཞིག་ཡིན་པས་ན་སྟབས་བདེ་བོས་བཤད་ན་དངུལ་ཆ་ཚང་ཡིད་རྟོན་ཡིན་ན་ཡང་ཡིད་རྟོན་ཆ་ཚང་དངུལ་མིན་པའི་ཁྱད་པར་ཙམ་རེད་ཅེས་གསུངས། དེ་ལྟར་ཚོང་ལས་དངུལ་ཁང་གིས་གཡར་བའི་ཡིད་རྟོན་དངུལ་བུན་རྣམས་དངུལ་ཡིན་མིན་ནི་ལྟ་གྲུབ་ཀྱི་སྐད་ཆ་ཙམ་ལས་དོན་དུ་དེས་དངུལ་གྱི་བྱ་བ་བྱེད་ཀྱི་ཡོད་པ་ནི་ལག་ལེན་དང་ཉམས་མྱོང་ལས་དངོས་སུ་མཐོང་ཐུབ་པ་ཞིག་རེད།

དེ་ལྟར་ན་ཡང་ཚོང་ལས་དངུལ་ཁང་རྣམས་ཀྱིས་ཡིད་རྟོན་དངུལ་བུན་གྱི་དངུལ་རྒྱ་བསྐྱེད་གཏོང་ཐུབ་ན་ཡང་དངུལ་གྱི་མ་རྩ་གལ་ཆེ་ཤོས་གཉིས་ཏེ་དངུལ་སྒོར་དང་མཛོད་དངུལ་གཉིས་པོ་རྒྱ་བསྐྱེད་གཏོང་མི་ཐུབ་པས་ན་དངུལ་ཁང་རྣམས་ལ་ཡང་སྟབས་མ་ལེགས་ན་མ་ཁ་ཤི་རྒྱུ་ཡོད། དངུལ་ཁང་ཞིག་གི་མ་ཁ་ཤི་ཚུལ་ནི་འདི་འདྲ་སྟེ། དངུལ་ཁང་གི་གཞི་རྩའི་འགྲོ་སྟངས་ལ(Assset 资产)རྒྱུ་ནོར་གྱི་མ་རྩ་དང་། (Liablity 负责)སྤྲོད་འཇལ་གྱི་འགན་འཁྲི། (Equity 权益)ལྷག་མའི་ཁེ་སྐྱེད་བཅས་གསུམ་ཡོད་པ་ལས། གལ་སྲིད་བུ་ལོན་གཡར་མཁན་ཉུང་ཤས་ཞིག་གིས་བུ་ལོན་འཇལ་མ་ཐུབ་ན་དངུལ་ཁང་གིས་ལྷག་མའི་ཁེ་སྐྱེད་ཀྱིས་གསོས་བཏབ་ནས་དངུལ་ཁང་དུ་དངུལ་བཅོལ་མཁན་རྣམས་ལ་གྱོང་གུད་མི་ཡོང་བ་བཟོ་ཐུབ་ན་ཡང་གལ་སྲིད་བུ་ལོན་འཇལ་མི་ཐུབ་མཁན་མང་པོ་བྱུང་ན་དངུལ་ཁང་གི་རྒྱུ་ནོར་གྱི་མ་རྩའི་རིན་ཐང་དེ་སྤྲོད་འཇལ་གྱི་འགན་འཁྲི་ལས་ཆུང་བར་གྱུར་ཡོད་ཅིང་། དེ་གྱུར་པས་དངུལ་ཁང་དེའི་རྒྱུ་ནོར་གྱི་མ་རྩ་ཧྲིལ་པོ་བཙོང་ན་ཡང་དངུལ་ཁང་དུ་དངུལ་བཅོལ་མཁན་རྣམས་ཀྱི་དངུལ་ཕྱིར་སློག་མི་ཐུབ་པས་དེ་འདྲ་བྱུང་དུས་དངུལ་ཁང་དེ་ནི་དངུལ་ཁང་གི་བཤད་སྟངས་ལྟར་ན(Insolvency 破产)བུན་འཇལ་མི་ཐུབ་མཁན་དུ་གྱུར་ནས་དངུལ་ཁང་སྒོ་རྒྱག་དགོས་ས་ལ་ཐུག་ཡོད་པ་རེད། 

གལ་སྲིད་གནས་སྟངས་དེ་འདྲ་བྱུང་བའི་རྐྱེན་གྱིས་སེམས་ཁྲལ་གྱིས་མི་མང་པོས་དངུལ་ཁང་ནས་སོ་སོས་བཅོལ་བའི་དངུལ་རྣམས་ཕྱིར་འདོན་དགོས་པའི་ཆ་རྐྱེན་བཏོན་ན་དངུལ་ཁང་ལ་དངུལ་གྱི་རིགས་གཉིས་ཡོད་པ་ལས་གཅིག་ནི་ད་ལྟའི་ཆར་ཤོག་བུ་ལས་གྲུབ་པའི་དངུལ་ལོ་དང་ཊམ་ཀ་སོགས་དངུལ་སྒོར་གྱི་རིགས་ཡིན་པ་དང་། གཅིག་ནི་དབུས་དངུལ་ཁང་དུ་བསགས་པའི་མཛོད་དངུལ་ཏེ་གློག་ཆས་ཀྱི་བརྒྱུད་ནས་སྤྲོད་པའི་གློག་རྡུལ་གྱི་དངུལ་ཏེ་རིགས་གཉིས་ཡོད་པ་ལས། ཚོང་ལས་དངུལ་ཁང་ཞིག་ལ་མཚོན་ན་ཡིད་རྟོན་དངུལ་བུན་མང་པོ་ཡོད་ཀྱང་གོང་གསལ་དངུལ་གྱི་རིགས་དེ་གཉིས་ཚད་ངེས་ཅན་ལས་མེད་པས་ན་དཀའ་ངལ་འཕྲད་བཞིན་པའི་དངུལ་ཁང་གིས་དངུལ་ཕྱིར་འཐེན་བྱེད་མཁན་གྱི་མི་རྣམས་ལས་དངུལ་སྒོར་དགོས་ཟེར་མཁན་རྣམས་ལ་དངུལ་སྒོར་སྤྲད་ཅིང་། དངུལ་ཁང་གཞན་གྱི་བརྒྱུད་ནས་དངུལ་ཕྱིར་སློག་དགོས་ཟེར་མཁན་རྣམས་ལ་མཛོད་དངུལ་གང་ཡོད་རྣམས་སྤྲད་ཟིན་རྗེས་དངུལ་ཁང་དེའི་དངུལ་གྱི་རིགས་གཉིས་ཀ་རྫོགས་སྲིད།

དེ་ལྟར་བྱུང་རྗེས་ད་དུང་དངུལ་ཁང་དེ་ལ་ཐབས་ཤེས་ལྷག་མ་ཞིག་ཡོད་པ་ནི་དངུལ་ཁང་ལ་སྲིད་གཞུང་ལ་དངུལ་གཡར་བའི་བུ་ལོན་གྱི་འཛིན་དང་། དངུལ་ཁང་དེར་མ་རྩ་འཛུག་མཁན་རྣམས་ཀྱིས་བཞག་པའི་དངུལ་སོགས་ཡོད་ན་དེ་དག་ཀྱང་དངུལ་ཁང་གིས་གཞན་ལ་འཚོང་དགོས་ཁེལ་ཞིང་། ད་དུང་དེ་ལས་སྡུག་ན་དངུལ་ཁང་གིས་རང་ཉིད་ལ་བུ་ལོན་འཇལ་དགོས་མཁན་རྣམས་ཀྱི་ཐོའམ་ཡིག་ཆ་ཡང་བཙོང་ནས་དངུལ་ཁང་སྲུང་སྐྱོབ་བྱེད་ཐབས་བྱེད་པ་ལས་ཐབས་ཤེས་གཞན་མེད་པ་རེད། འོན་ཀྱང་དེ་འདྲ་བྱེད་སྐབས་དཀའ་ངལ་ཆེ་བ་ནི་དངུལ་ཁང་ཞིག་མུ་མཐུད་གནས་པར་དངུལ་སྒོར་དང་དབུས་དངུལ་ཁང་གི་མཛོད་དངུལ་གཉིས་པོ་ཉིན་ལྟར་འདང་ངེས་དགོས་པས་ན་དཀའ་ངལ་འཕྲད་པའི་ཉིན་མོ་དེ་རང་དུ་དེ་ཚོ་འདང་ངེས་ཡོང་བར་གོང་གསལ་མ་རྩའི་རྒྱུ་ནོར་དེ་དག་དངུལ་ཁང་གིས་གང་མགྱོགས་བཙོང་ན་མ་གཏོགས་མི་འགྲིགས་པ་དེས་དེ་དག་ལ་གོང་ཚད་ཀྱང་ཆུང་ངུ་ལས་མི་འཐོབ་ཅིང་། གལ་སྲིད་དེ་ལས་ཐོབ་པའི་གོང་ཚད་ཀྱིས་མ་དངུལ་འཛུག་པ་པོའི་ལྷག་མའི་ཁེ་སྐྱེད་ཀྱི་བརྒྱ་ཆའི་ཚད་ངེས་ཅན་ཞིག་ཟིན་གྱི་མེད་ན་དངུལ་ཁང་དེ་བུན་འཇལ་མི་ཐུབ་མཁན་དུ་གྱུར་ཏེ་བོང་གུ་ཐོན་པའམ་མི་ཁ་ཤི་བ་རེད།

དེ་རྗེས་གང་འབྱུང་མིན་ནི་རྒྱལ་ཁབ་དེའི་དཔལ་འབྱོར་སྲིད་ཇུས་ལ་རག་ལས་པ་སྟེ་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལྟ་བུར་མཚོན་ན་དངུལ་ཁང་ཞིག་མ་ཁ་ཤི་ན་དངུལ་ཁང་དེར་དངུལ་བཅོལ་མཁན་རྣམས་ལ་ཉེན་སྐྱོན་གྱི་གུན་གསབ་ཡོད་ཅིང་ཉེན་སྐྱོན་གུན་གསབ་ཅི་ཙམ་རག་མིན་ནི་དངུལ་བཅོལ་མཁན་སོ་སོའི་ཆ་རྐྱེན་ལ་རག་ལས་ན་ཡང་ཕལ་མོ་ཆེར་ཨ་སྒོར་ཉི་འབུམ་ལྔ་ཁྲི་ཡས་མས་བར་ཕྱིར་རག་གི་ཡོད་པ་རེད།  ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་ཕལ་མོ་ཆེར་ཉེན་སྐྱོན་གུན་གསབ་ཀྱི་སྲིད་ཇུས་ཡོད་ཀྱང་ཉེན་སྐྱོན་གུན་གསབ་སྤྲོད་པའི་ཚད་གཞི་མི་འདྲ་བ་ཅི་རིགས་པ་ཡོད། ཡང་ཉེན་སྐྱོན་གུན་གསབ་མེད་པའི་རྒྱལ་ཁབ་རྣམས་སུ་དངུལ་བཅོལ་མཁན་རྣམས་འབྲེལ་ཡོད་དངུལ་ཁང་གཞན་དུ་སོང་ན་རང་གིས་བཅོལ་བའི་སྒོར་མོ་རེའི་དོད་དུ་སྒོར་མོ་གཅིག་གི་ཕྱེད་ཀ་ཡས་མས་རག་སྲིད་པ་ཙམ་ཡིན་པར་བཤད། ཉེན་སྐྱོན་གུབ་གསབ་ཀྱི་སྲིད་ཇུས་དེ་ཉིད་ཐོག་མར་ཨ་རི་ལ་བྱུང་བ་སྟེ། དེ་ཡང་ཨ་རི་ལ་སྤྱི་ལོ་༡༩༣༠ ཡས་མས་ཀྱི་ནང་དུ་དངུལ་ཁང་མང་པོ་མ་ཁ་ཤི་ནས་དཔལ་འབྱོར་གྱི་དཀའ་ངལ་བློ་ཡུལ་ལས་འདས་པ་འཕྲད་པའི་རྗེས་སུ་དངུལ་ཁང་རྣམས་སླར་ཡང་བསྐྱར་གསོ་བྱུང་ན་ཡང་མི་སེར་རྣམས་ཀྱིས་དངུལ་ཁང་དུ་དངུལ་བཅོལ་བར་དཀའ་ངལ་དེ་འདྲ་བསྐྱར་དུ་འཕྲད་སྲིད་པའི་སེམས་ཁྲལ་ཡོད་པས་ན་དཀའ་ངལ་དེ་སེལ་བའི་ཆེད་དུ་ཨ་རིའི་སྲིད་གཞུང་གིས་སྲིད་ཇུས་དེ་ཉིད་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད།

དེ་ལྟར་དངུལ་ཁང་རྣམས་ལ་ཡང་མ་ཁ་ཤི་རྒྱུ་ཡོད་ན་ཡང་དངུལ་ཁང་ཞིག་མ་ཁ་ཤི་བ་ལས་སླ་པོ་མིན་པ་ནི་དངུལ་ཁང་ཞིག་མ་ཁ་ཤི་ན་དངུལ་ཁང་དེ་གང་ནས་ཡིན་པའི་རྒྱལ་ཁབ་དེའི་དཔལ་འབྱོར་དང་དངུལ་ཁང་གི་ལམ་ལུགས་ཧྲིལ་པོ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས་དཔལ་འབྱོར་རིག་པ་བ་འགའ་ཤས་ཀྱིས་དངུལ་ཁང་རྣམས་མ་ཁ་ཤི་བར་ཆེ་དྲགས་པ་རེད་ཅེས་གསུངས་སྲོལ་ཡོད། དེའི་རྒྱུ་མཚན་དངུལ་ཁང་གཅིག་མ་ཁ་ཤི་ན་དངུལ་ཁང་དེས་དངུལ་ཁང་གཞན་མང་པོར་བུ་ལོན་ཟུག་ཡོད་པ་ཡང་འཇལ་མི་ཐུབ་ཅིང་། དེའི་གནས་སྟངས་ཤེས་ན་མི་མང་པོར་དངངས་འཚབ་སྐྱེས་ནས་དངུལ་བཅོལ་མཁན་མང་པོས་དངུལ་ཁང་ཁག་ནས་དངུལ་ཡོད་ཚད་ཕྱིར་འདོན་བྱེད་སྲིད་ཅིང་། མ་འོངས་པར་ཡིད་ཆེས་མེད་པར་གྱུར་པས་དངུལ་གསར་དུ་མི་བཅོལ་བ་སོགས་ཀྱི་ཉེན་ཡོད་པས་དེ་ལ་བརྟེན་ནས་དངུལ་ཁང་གི་ལམ་ལུགས་ཧྲིལ་པོར་གནོད་ཚབས་ཤིན་ཏུ་ཆེ། དེ་ནི་དཔེར་ན་སྤྱི་ལོ་༢༠༠༨ ལོར་འཛམ་གླིང་གི་དངུལ་ཁང་མང་པོ་མི་ཁ་ཤི་ནས་འཛམ་གླིང་ཧྲིལ་པོར་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་པ་ལྟར་ཡིན་པས་ན་དེ་འདྲ་བྱུང་ན་དངུལ་ཁང་ཙམ་མིན་པར་སྤྱི་ཚོགས་སྤྱི་ལ་ཟིང་ཆའི་ཉེན་ཁ་ཆེ་བ་དེས་སྲིད་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་དེ་འདྲ་མི་ཡོང་བའི་ཐབས་ཤེས་བྱེད་སྲོལ་ཡོད།

མདོར་ན་དེ་ལྟར་ཞིབ་ཅིང་ཕྲ་བ་བཤད་པ་དེ་དག་གི་དོན་མདོར་བསྡུས་ན་ད་ལྟ་ང་ཚོས་དངུལ་དུ་ངོས་འཛིན་པའི་ཤོག་སྒོར་གྱི་དངུལ་གྱིས་བརྒྱ་ཆ་3% ལས་ཟིན་གྱི་མེད་པ་དང་། དེ་ནི་དབུས་དངུལ་ཁང་དང་དབུས་སྲིད་གཞུང་ཟུང་འབྲེལ་གྱིས་བཟོས་པ། ཁྲོམ་རའི་ནང་དུ་བེད་སྤྱོད་བཞིན་པའི་དངུལ་ཕལ་མོ་ཆེ་སྟེ་བརྒྱ་ཆ་97% ཙམ་གྱི་ཡོང་ཁུངས་གཙོ་བོ་ནི་སྲིད་གཞུང་དང་དབུས་དངུལ་ཁང་སོགས་མ་ཡིན་པར་ཚོང་ལས་དངུལ་ཁང་ཡིན་པ་དང་། ལོ་རྒྱུས་ཐོག་དངུལ་གྱི་རྣམ་པ་རབས་དང་རིམ་པ་གྲངས་མེད་པར་འགྱུར་ནས་གནའ་བོའི་དུས་སུ་རྩམ་པ་དང་། མགྲོན་བུ་སོགས་དངུལ་དུ་གྱུར་ཅིང་། དེ་རྗེས་གསེར་དང་དངུལ་སོགས་དངུལ་དུ་གྱུར། དེ་ནས་ཤོག་བུ་དང་ལྕགས་ཟངས་འདྲ་མིན་ལས་བཟོས་པའི་ཊམ་ཀ་རྣམས་དངུལ་དུ་གྱུར་པའི་རྗེས་སུ་ད་ལྟའི་ཆར་འཛམ་གླིང་འདིར་གལ་ཆེ་ཤོས་དང་ནུས་པ་ཆེ་ཤོས་སུ་གྲགས་པའི་དངུལ་ནི་དོན་དངོས་སུ་དངུལ་ཁང་གི་གློག་ཀླད་རྣམས་ཀྱི་ངོས་ལ་གསལ་བའི་ཨང་གྲངས་ཙམ་ཡིན་པ་རེད།

འདི་ནི་ཡིད་ཆེས་དཀའ་བས་བསམ་གྱིས་མི་ཁྱབ་པ་ལྟ་བུ་ཡིན་པས་ན་ཨ་རིའི་འཕྲུལ་འཁོར་གསར་བཟོ་པ་གྲགས་ཅན་Henry Ford ཧེན་རི་ཧྥོར་ཌི་གིས་རྒྱལ་ཁབ་ཀྱི་མི་སེར་ཚོས་དངུལ་ཁང་དང་དངུལ་གྱི་ལམ་ལུགས་ཀྱི་འགྲོ་སྟངས་མི་ཤེས་པ་ལས་ཤེས་ན་སང་ཉིན་ཞོགས་པ་རང་གསར་བརྗེའི་གྱེན་ལངས་ཡོང་སྲིད་ཅེས་གསུངས་མྱོང་ཡོད། ཁོང་གིས་གསུངས་པ་ལྟ་བུའི་དེ་ཙམ་ཛ་དྲག་ཡོད་པ་ཞིག་མིན་ལས་ཆེ་ན་ཡང་གང་ལྟར་དངུལ་གྱི་ལམ་ལུགས་ཀྱི་འགྲོ་སྟངས་ནི་ཞིབ་ཏུ་བསམས་ན་གོ་རྟོགས་ལོན་པ་ལས་ཀྱང་ཡིད་ཆེས་པ་དཀའ་བའི་ངོ་མཚན་ཅན་ཞིག་ཡིན་པ་གསལ་པོར་མཐོང་ཐུབ་ཅིང་། འགྲོ་བ་མི་ཡི་རིགས་ཀྱི་ཤེས་ཡོན་དང་། ལྟ་གྲུབ། ལམ་ལུགས་ཡོད་དོ་ཅོག་ཀྱང་མི་རབས་མང་པོའི་རིང་དུ་མི་མང་པོས་དཀའ་ངལ་རེ་འཕྲད་རིམ་བཞིན་ཐབས་ལམ་རེ་གསར་གཏོད་ཀྱིས་རང་བཞིན་གྱིས་གོམ་པ་གཅིག་སྤོས་གཉིས་སྤོས་ཀྱིས་ཡར་རྒྱས་བྱུང་བ་ཞིག་ཡིན་པ་ལས་གཞན་དུ་ན་རྣམ་དཔྱོད་ཤིན་ཏུ་ཆེ་བའི་མི་ཞིག་གིས་ཀྱང་དེ་འདྲ་གསར་གཏོད་ཐུབ་པ་ལྟ་ཞོག་མགོ་ཚོས་པ་ཡང་དཀའ་བའི་གནས་ཡིན་པའི་ལོ་རྒྱུས་ཀྱི་ངོ་མཚར་འདི་རྟོགས་ཐུབ་སྙམ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།