དངུལ་གྱི་ལམ་ལུགས་ངོ་སྤྲོད། (གསུམ་པ།)

2207

                  རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

          རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ(JwahalalNehru)ཇ་བཱ་ཧར་ལཱལ་ནེཧ་རུ་གིས་<<འཛམ་གླིང་གི་ལོ་རྒྱུས་ལ་རོབ་ཙམ་ལྟ་བ་>>ཞེས་པའི་ནང་དུ་ང་ཚོས་དོ་སྣང་ཡོད་ཀྱང་འདྲ། མེད་ཀྱང་འདྲ། ང་ཚོ་རྒྱལ་ཁབ་ཀྱི་ངོས་ནས་བསམས་ཀྱང་འདྲ། སྒེར་གྱི་ངོས་ནས་བསམས་ཀྱང་འདྲ། གང་ལྟར་ང་ཚོར་དངུལ་གྱི་བྱ་གཞག་གི་ཤུགས་རྐྱེན་ཧ་ཅང་ཆེ་བས་ན་ང་ཚོའི་ད་ལྟ་དང་མ་འོངས་པར་གཉིས་ཀ་བཟོ་བཅོས་གཏོང་བྱེད་འདི་ཉིད་ཀྱི་སྐོར་ལ་ང་ཚོར་གོ་རྟོགས་ཡོད་པ་གལ་ཆེ་ཞེས་གསུངས་པ་བཞིན། ང་ཚོ་སུ་ལ་ཡིན་ཀྱང་དཔལ་འབྱོར་རིག་པའི་སྐོར་ལ་མ་མཐར་ཡང་གཞི་རྩའི་གོ་རྟོགས་ཙམ་ཡོད་པ་གལ་ཆེ་ཡང་ཕངས་པ་ཞིག་ལ་དཔལ་འབྱོར་རིག་པའི་དེབ་ཐེར་གྲགས་ཅན་དང་སློབ་དེབ་ཕལ་མོ་ཆེ་ལ་ཡང་ནོར་འཁྲུལ་དང་བཤད་སྲོལ་རྙིང་པས་གང་ནས་ཡོད་པར་གྲགས།

    ལྷག་པར་གལ་ཆེ་ཤོས་ད་ལྟ་སྤྱོད་སྒོ་ཆེ་ཤོས་ཀྱི་དངུལ་ཏེ་གློག་རྡུལ་གྱི་དངུལ་གང་འདྲ་བྱས་ནས་ཡོང་མིན་ཐད་གཞན་ལྟ་ཞོག་དཔལ་འབྱོར་རིག་པའི་མཁས་པ་མང་པོ་ལ་ཡང་གོ་རྟོགས་གསལ་པོ་མེད་པར་གྲགས་པས་ན། འདིར་ཁོ་བོས་ད་ཆ་རྒྱལ་སྤྱི་མཁས་པ་རྣམས་ཀྱིས་ཁུངས་ལྡན་དང་ཚད་ལྡན་དུ་ངོས་འཛིན་པའི་དེབ་ <<Where Does Money Come From དངུལ་གང་ནས་བྱུང་བ་རེད་དམ་>>ཞེས་པ་དང་། <<From Modernizing Money དངུལ་དེང་རབས་ཅན་དུ་བསྒྱུར་བ་>>ཞེས་པ་གཉིས་གཞིར་བཞག་ནས་ད་ལྟའི་དུས་སུ་ང་ཚོའི་དངུལ་གཙོ་བོ་གང་ཡིན་པ་དང་། དེ་དག་གང་ནས་བྱུང་བ། དེའི་འགྲོ་སྟངས་གང་འདྲ་ཡིན་པའི་སྐོར་བཤད་ཀྱི་ཡིན།

    དེ་ལ་ཐོག་མར་ང་ཚོས་དངུལ་གྱི་སྐོར་ལ་ཤེས་པར་དངུལ་ཁང་གི་འགྲོ་སྟངས་ཤེས་དགོས། དངུལ་ཁང་གི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཡོངས་གྲགས་སུ་ཐོག་མར་དངུལ་སྒོར་རྣམས་བྱུང་ཞིང་དེ་ནས་དངུལ་ཁང་བྱུང་བར་གྲགས་ན་ཡང་གནའ་རྫས་སྔོག་འདོན་པས་སྤྱི་ལོའི་སྔོན་གྱི་ལོ་༡༧༠༠ ནང་དུ་བྱུང་བ(Hammurabi)ཧམ་མུ་ར་རྦི་ཞེས་པ(Babylon) རྦེ་རྦི་ལོན་གི་རྒྱལ་པོ་དེའི་ཁྲིམས་ཡིག་གི་ནང་དུ་དངུལ་ཁང་དང་འབྲེལ་བའི་གནས་ཚུལ་མི་ཉུང་བ་གསལ་བས་ཞིབ་འཇུག་པ་རྣམས་ཀྱིས་བཤད་ན་གསེར་ཊམ་དང་དངུལ་ཊམ་སོགས་མ་བྱུང་གོང་གི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་ནས་དངུལ་ཁང་བྱུང་ཟིན་ཡོད་ཅིང་། དངུལ་ཁང་དེ་དག་གིས་ཀྱང་རྩིས་ཁྲ་གཙང་བཟོ་བྱེད་པ་དང་གྲངས་ཐོ་བཀོད་པ་སོགས་བྱེད་ཀྱི་ཡོད་པ་གསལ་པོར་མཐོང་ཐུབ། དེ་བཞིན་གནའ་རྫས་སྔོག་འདོན་པ་རྣམས་ཀྱིས་རྙེད་སོན་བྱུང་བ་ལྟར་ན་གནའ་བོའི་རྒྱ་གར་དང་རྒྱ་ནག་ལ་ཡང་དངུལ་གཡར་ལེན་གྱི་ལུགས་སྲོལ་ཡོད་པའི་དཔངས་རྟགས་མཐོང་རྒྱུ་ཡོད་པ་དང་། གནའ་བོའི་རྒི་རི་སི་དང་རོམ་བཅས་ལ་ནི་དངུལ་གཡར་ལེན་དང་འབྲེལ་བའི་གནས་ཚུལ་འཁོད་པའི་ཡིག་ཆ་ཤུལ་དུ་ལུས་པ་ཡང་མི་ཉུང་བ་ཡོད་པ་རེད།

    དེང་རབས་ཀྱི་དངུལ་ཁང་བྱུང་བའི་དུས་ནི་དུས་རབས་བཅུ་བཞི་པ་ཙམ་ནས་ཡིན་པ་ལ། ད་ལྟའི་ཆར་དངུལ་ཁང་ལ་སྤྱིར་རིགས་གཉིས་ཡོད་པ་ལས་སྲིད་གཞུང་གིས་ཐད་བསྐོས་དངུལ་ཁང་ལ་དབུས་དངུལ་ཁང་ཞེས་ཟེར་ཞིང་། ཚོགས་སྒེར་གཞན་དག་གིས་བཙུགས་པའི་དངུལ་ཁང་ལ་ཚོང་ལས་དངུལ་ཁང་ཞེས་ཟེར། ལོ་རྒྱུས་ཐོག་དབུས་དངུལ་ཁང་ཐོག་མར་བཙུག་པ་ནི་ཡུ་རོབ་ཀྱི་ལུང་པ(Sweden)སི་ཝེ་ཌེན་ལ་སྤྱི་ལོ་༡༦༦༨ལོར་བཙུག་པ་ཉིད་ཡིན་པར་གྲགས། ད་ལྟའི་ཆར་ལུང་པ་སོ་སོར་དབུས་དངུལ་ཁང་རེ་ཡོད་ན་ཡང་དེ་དག་གི་མིང་མི་འདྲ་བ་སྟེ་དཔེར་ན་Uited States of America ཨ་རིའི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་དབུས་དངུལ་ཁང་ལ་ Fedral Reserve Bank ཞེས་ཟེར་ཞིང་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཡོད་པ་དང་། དབྱིན་ལན་ཌི་གི་དབུས་དངུལ་ཁང་ལ་Bank of England ཞེས་ཟེར་ཞིང་དེ་ནི་དབྱིན་ལན་ཌི་གི་རྒྱལ་ས་ལོན་ཌོན་ལ་ཡོད་པ་དང་། རྒྱ་གར་གྱི་དབུས་གཞུང་གི་དངུལ་ཁང་ལ་ Reserve Bank of India ཞེས་ཟེར་ཞིང་དེ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མུམ་བྷི་ལ་ཡོད་པ་དང་། རྒྱ་ནག་གི་དབུས་དངུལ་ཁང་ནི་中国人民银行 ཀྲུང་གོའི་མི་དམངས་དངུལ་ཁང་ཡིན་པ་ལ་དེ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོད། དེ་ལྟར་ལུང་པ་རེ་རེར་དབུས་དངུལ་ཁང་གཅིག་ལས་མེད་ཅིང་། དངུལ་ཁང་གཞན་རྣམས་ནི་འཛིན་སྐྱོང་གི་འགྲོ་སྟངས་ཀྱི་ཆ་ནས་བཤད་ན་དབུས་དངུལ་ཁང་དེའི་ཡན་ལག་ལྟ་བུ་ཡིན་པ་རེད།

  དབུས་དངུལ་ཁང་གི་ལས་འགན་གཙོ་བོ་གང་ཡིན་སྙམ་ན། <<དངུལ་དེང་རབས་ཅན་དུ་བསྒྱུར་བ་>>ཞེས་པའི་ནང་དུ་དབུས་དངུལ་ཁང་གི་ལས་ཀ་གཙོ་བོ་ལྔ་ཡོད་པར་གསུངས། ལྔ་པོ་ནི། ༡ དབུས་དངུལ་ཁང་གི་དངུལ་ཏེ་མཛོད་དངུལ་ཞེས་གྲགས་པ་བཟོ་བ། ༢ ཚོང་ལས་དངུལ་ཁང་རྣམས་ཀྱི་དངུལ་ཁང་ཡིན་པ། ༣ དབུས་གཞུང་གི་དངུལ་ཁང་ཡིན་པ། ༤ དངུལ་གྱི་ལམ་ལུགས་ཀྱི་བརྟན་ཆ་གཟུང་བ། ༥ དཔལ་འབྱོར་གྱི་བརྟན་ཆ་གཟུང་བ་བཅས་སོ།

   དེ་བཞིན་དུ་ཚོང་ལས་དངུལ་ཁང་གི་ལས་ཀ་གཙོ་བོ་བཞི་ནི། ༡ དངུལ་གཡར་བ། ༢ གློག་རྡུལ་གྱི་དངུལ་སྤྲོད་ལེན། ༣ དངུལ་སྒོར་མཁོ་སྒྲུབ། ༤ གཞན་གྱིས་བཅོལ་བའི་དངུལ་ཉར་བ་བཅས་སོ། དེ་ལྟར་བྱེད་པར་ང་ཚོ་ལ་དངུལ་ཁང་གི་ནང་དུ་རྩིས་ཐོའི་ས་མིག་རེ་ཡོད་པ་བཞིན་དུ་ཚོང་ལས་དངུལ་ཁང་རྣམས་ལ་ཡང་རྒྱལ་ཁབ་དེའི་དབུས་དངུལ་ཁང་གི་ནང་དུ་རྩིས་ཐོའི་ས་མིག་རེ་ཡོད། དབུས་དངུལ་ཁང་གི་ནང་དུ་རྩིས་ཐོའི་ས་མིག་གལ་ཆེ་བ་གཅིག་ནི་དབུས་སྲིད་གཞུང་གི་ཡིན་པ་ལ། དབུས་དངུལ་ཁང་ནི་སྲིད་གཞུང་གི་མ་རྩ་མཁོ་སྒྲུབ་བྱེད་མཁན་དང་། ཚོང་ལས་དངུལ་ཁང་རྣམས་ལ་སྟངས་འཛིན་དང་ཆ་རྐྱེན་མཁོ་སྒྲུབ་བྱེད་མཁན་གཙོ་བོ་དེ་ཡིན་པ་རེད།

   དེ་དག་ལ་བརྟེན་ནས་དངུལ་གྱི་རིགས་གསུམ་བྱུང་བ་སྟེ། དང་པོ་ནི་ cash 现金ཞེས་པ་དངུལ་སྒོར་དང་ཊམ་ཀ་རྣམས་དང། གཉིས་པ་ནི་དབུས་དངུལ་ཁང་གི་Reserve money 储备货币ཞེས་པ་མཛོད་དངུལ་དང་། གསུམ་པ་ནི་ཚོང་ལས་དངུལ་ཁང་གིས་གསར་དུ་བཟོ་བའི་དངུལ་རྣམས་སོ། དང་པོ་དེ་ནི་དབུས་གཞུང་དང་དབུས་དངུལ་ཁང་གཉིས་ཁོ་ནས་བཟོ་སྐྲུན་བྱེད་ཆོག་ཅིང་། བར་པ་དབུས་དངུལ་ཁང་གི་མཛོད་དངུལ་ནི་གཙོ་བོ་དབུས་དངུལ་ཁང་གིས་བཟོ་སྐྲུན་བྱེད་ཅིང་། ཕྱི་མ་ནི་ཚོང་ལས་དངུལ་ཁང་ཁོ་ནས་བཟོ་སྐྲུན་བྱེད།

      ཕྱི་མ་གཉིས་ནི་ Electronic money 电子现金ཞེས་པ་དོན་དངོས་སུ་གློག་ཆས་ཀྱི་ཨང་གྲངས་ཙམ་ཡིན་པ་རེད། གཉིས་པོ་ལས་ཀྱང་དང་པོ་དེ་ཉིད་ཁྲོམ་རར་འགྲོ་རྒྱུག་མི་བྱེད་པར་དངུལ་ཁང་ནང་ཕན་ཚུན་ལ་དངུལ་སྤྲོད་ལེན་བྱེད་སྐབས་བེད་སྤྱོད་གཏོང་བའི་དངུལ་གྱི་རིགས་ཤིག་ཡིན་ཅིང་། མི་དམངས་དཀྱུས་མ་རྣམས་ལ་མཚོན་ན་དངུལ་གལ་ཆེ་ཤོས་གཉིས་ནི་དང་པོ་དངུལ་སྒོར་གྱི་རིགས་དང་ཕྱི་མ་ཚོང་ལས་དངུལ་ཁང་གིས་བཟོས་པ་གཉིས་ཡིན་པ་ལ། དང་པོ་དངུལ་སྒོར་གྱི་རིགས་ཀྱིས་བརྒྱ་ཆ་གསུམ་ལས་ཟིན་མེད་ཅིང་། ལྷག་མའི་དངུལ་བརྒྱ་ཆ་97% ནས་98% ཙམ་ཚོང་ལས་དངུལ་ཁང་གིས་བཟོས་པའི་གློག་རྡུལ་གྱི་དངུལ་ཡིན་པ་རེད།

     དངུལ་ཁང་གི་འགྲོ་སྟངས་ནི་ཧ་ཅང་རྙོག་ཟིང་ཆེ་བ་ཞིག་ཡིན་ན་ཡང་དངུལ་ཁང་དང་པོ་བྱུང་ནས་བཟུང་ད་ལྟའི་བར་གཞི་རྩའི་འགྲོ་སྟངས་ཤིག་ཡོད་པ་ནི་ང་ཚོའི་བུ་ལོན་གཡར་ལེན་གྱི་ཐོ་དེབ་ལྟར་དངུལ་ཁང་ལ་ཡང་བུ་ལོན་གཡར་ལེན་གྱི་ཐོ་འགོད་ཚུལ་ཞིག་ཡོད་པ་དེ་ལ་ཆ་ལག་གསུམ་ཡོད། དང་པོ་ནི་ Asset 资产 ཞེས་པ་དངུལ་ཁང་རང་ཉིད་ལ་དབང་བའམ་དངུལ་ཁང་ལ་གཞན་གྱིས་སྤྲོད་དགོས་པའི་རིགས་ཏེ་དེ་ཉིད་སྟབས་བདེ་བོར་བསྒྱུར་ན་མ་རྩའི་རྒྱུ་ནོར་ཞེས་ཟེར་ན་འགྲིག་པར་མཐོང་། གཉིས་པ་ནི་Libablity负责 ཞེས་པ་དངུལ་ཁང་གིས་གཞན་ལ་འཇལ་དགོས་པའི་རིགས་ཏེ་དེ་ནི་གོ་བདེ་བར་བསྒྱུར་ན་འགན་འཁྲིའི་སྤྲོད་ལེན་ཞེས་པར་བསྒྱུར་ན་འགྲིག་པར་མཐོང་། དེའི་ཐོག་ཏུ་ equity 权益 ཞེས་པ་ནི་དངུལ་ཁང་གིས་རང་ཉིད་ལ་དབང་བའི་མ་རྩའི་རྒྱུ་ནོར་བེད་སྤྱད་ནས་གཞན་ལ་བདག་པའི་འགན་འཁྲིའི་སྤྲོད་ལེན་གྱི་བུ་ལོན་ཆ་ཚང་འཇལ་ཟིན་རྗེས་དངུལ་ཁང་དེའི་བདག་པོའམ་དངུལ་ཁང་གི་མ་རྩའི་རྐང་བདག་རྣམས་ལ་ཐོབ་པའི་ཁེ་བཟང་ཡིན་པས་ན་དེ་ལ་ལྷག་མའི་ཁེ་སྐྱེད་ཅེས་བརྗོད་ན་འགྲིག་པར་མཐོང་།

    དངུལ་ཁང་གི་འགྲོ་སྟངས་སྐོར་ལ་གོ་རྟོགས་ཡོད་མཁན་ཉུང་བས་ང་ཚོས་ནམ་རྒྱུན་དངུལ་ཁང་ལ་དངུལ་བཅོལ་གྱི་ཡོད་དྲན་ན་ཡང་དོན་དུ་ང་ཚོས་དངུལ་ཁང་ལ་དངུལ་བཅོལ་བ་མིན་པར་དངུལ་གཡར་བ་ཡིན་པས་དཔེ་མཚོན་དང་བཅས་ཏེ་བཤད་ན་དཔེར་ན་བཀྲ་ཤིས་དངུལ་ཁང་དུ་ཕྱིན་ཏེ་སྒོར་བརྒྱ་བཅོལ་བ་ན་དངུལ་ཁང་གིས་བུ་ལོན་གཡར་ལེན་གྱི་ཐོ་ཡི་ནང་དུ་རང་ཉིད་ལ་དབང་བ་སྟེ་ Asset 资产མ་རྩའི་རྒྱུ་ནོར་དང་། གཞན་ལ་བདག་པ་སྟེ་Libablity负责 འགན་འཁྲིའི་སྤྲོད་ལེན་གཉིས་ཡོད་པ་ལས་དངུལ་ཁང་གིས་བཀྲ་ཤིས་ཀྱི་ལག་ནས་དངུལ་ཐོབ་མ་ཐག་ཏུ་མ་རྩའི་རྒྱུ་ནོར་གྱི་ཐོར་སྒོར་བརྒྱ་འགོད་ཅིང་། འགན་འཁྲིའི་སྤྲོད་ལེན་གྱི་ཐོ་ཡི་ནང་དུ་ཡང་བཀྲ་ཤིས་ཀྱི་མིང་ཐོག་ལ་སྒོར་བརྒྱ་ཞེས་འབྲི་སྲོལ་ཡོད་པ་རེད།

     རྒྱུ་མཚན་དེས་གལ་སྲིད་བཀྲ་ཤིས་ཀྱིས་དངུལ་དེ་ལོ་གཅིག་ལྟ་བུ་དུས་ཚོད་ངེས་ཅན་གྱི་རིང་དུ་ཕྱིར་མི་ལེན་པའི་ཁས་ལེན་བྱས་ཏེ་བཅོལ་བའམ་དོན་དངོས་སུ་གཡར་བ་ཡིན་པས་ན་དངུལ་དངུལ་ཁང་གིས་དེའི་བར་དུ་བཀྲ་ཤིས་ཀྱི་དངུལ་དེ་བེད་སྤྱོད་གཏོང་ཆོག་པས་ན་དངུལ་ཁང་གིས་བཀྲ་ཤིས་ལ་སྐྱེད་ཁ་ཆེ་ཙམ་སྤྲོད་ཅིང་། དངུལ་ཁང་གིས་དངུལ་དེ་གཞན་དག་ལ་གཡར་དགོས་བྱུང་ན་དངུལ་ཁང་གིས་གཞན་དག་གི་ས་ནས་དངུལ་ཁང་རང་ཉིད་ཀྱིས་བཀྲ་ཤིས་ལ་སྤྲོད་པ་ལས་ལྷག་པའི་ཁེ་སྐྱེད་དམ་གཡར་གླ་ལེན་གྱི་ཡོད་པ་ནི་དངུལ་ཁང་གིས་དེ་ལས་ཁེ་བཟང་འདོན་དགོས་པས་རེད།

    མི་སེར་དཀྱུས་མ་ཙམ་མིན་པར་དཔལ་འབྱོར་རིག་པ་བ་མང་པོས་ཀྱང་དངུལ་ཁང་གིས་དངུལ་གཡར་ཐབས་ནི་མི་གཅིག་གིས་དངུལ་བཅོལ་བ་དེ་གཞན་ལ་གཡར་བ་ཙམ་ཡིན་པར་དྲན་ནས་དེ་དག་གིས་བརྩམས་པའི་དཔེ་དེབ་ཀྱི་ནང་དུ་དེའི་སྐོར་ལ་དམིགས་བསལ་རྩལ་དུ་བཏོན་ནས་མ་བཤད་པའམ་བཤད་ཀྱང་ཕྱིན་ཅི་ལོག་པ་བཤད་པ་མང་བར་གྲགས་ཤིང་། སློབ་དེབ་ཁག་གི་ནང་དུ་ཡང་དངུལ་ཁང་གིས་དངུལ་གཡར་ཚུལ་ནི་དངུལ་ཁང་ལ་གཞན་གྱིས་དངུལ་མ་བཅོལ་བར་དངུལ་གཡར་ཐབས་མེད་པ་ལྟ་བུར་བཤད་ཡོད། ཡོངས་གྲགས་ཀྱི་བཤད་ཚུལ་དེ་ལྟར་ན་དངུལ་ཁང་གིས་གཞན་ལ་དངུལ་གཡར་སྐབས་བརྒྱ་ཆ་བཅུ་ལྟ་བུ་དངུལ་ཁང་གིས་མ་རྩའི་ཆེད་དུ་དུ་ཉར་ནས་ལྷག་མ་བརྒྱ་ཆ་དགུ་བཅུ་གཞན་ལ་གཡར་གྱི་ཡོད་པ་རེད།

    དེ་ལྟར་ན་བཀྲ་ཤིས་ཀྱིས་དངུལ་ཁང་དུ་ཕྱིན་ནས་སྒོར་1000 ཆིག་སྟོང་དངུལ་ཁང་ལ་བཅོལ་བའི་རྗེས་སུ་ཚེ་རིང་ཡོང་ནས་དངུལ་ཁང་ནས་དངུལ་གཡར་བར་དངུལ་ཁང་གིས་བཀྲ་ཤིས་ཀྱིས་བཅོལ་བའི་དངུལ་སྒོར་1000 ལས་བརྒྱ་ཆ་བཅུ་སྟེ་སྒོར་100 དངུལ་ཁང་རང་ཉིད་ཀྱི་མ་རྩའི་ཆེད་དུ་ཉར་ནས་ལྷག་མ་སྒོར་900 ཚེ་རིང་ལ་གཡར་བ་དང་། དེ་ནས་ཚེ་རིང་གིས་ཁྲོམ་རར་སོང་ནས་དོན་གྲུབ་ལ་སྒོར་900 སྤྲད་ནས་ཅ་ལག་ཅིག་ཉོས། ཉིན་ཤས་རྗེས་སུ་དོན་གྲུབ་ཀྱང་དངུལ་ཁང་དུ་སྒོར་900 དེ་བཅོལ་བར་སླེབས། དངུལ་ཁང་གིས་སླར་ཡང་དོན་གྲུབ་ཀྱི་སྒོར་900 ནས་བརྒྱ་ཆ་བཅུ་སྟེ་སྒོར་90 ཉར་ནས་ལྷག་མ་སྒོར་810 སྒྲོལ་མ་ལ་གཡར་བ་སྟེ། མཐར་དངུལ་ཁང་གིས་བརྒྱ་ཆ་བཅུ་ཉར་རྒྱུ་མེད་པ་མ་བྱུང་གི་བར་དུ་གཡར་ནས་དོན་དངོས་སུ་སྒོར་གཅིག་སྟོང་ལས་མེད་ཀྱང་དངུལ་ཁང་གིས་གཡར་ལེན་མང་དུ་བྱས་ཏེ་སྒོར་ཆིག་སྟོང་དེ་ཉིད་སྒོར་ཆིག་ཁྲི་ཡས་མས་ལ་བསྒྱུར་ཆོག་པ་རེད།

    འོན་ཀྱང་སྤྱིར་དངུལ་ཁང་གིས་དངུལ་དེ་ལྟར་གཡར་སྲོལ་ཡོད་ཀྱང་དེང་སང་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་ཚད་ལྡན་རྣམས་ཀྱིས་དོན་དངོས་སུ་དངུལ་ཁང་གིས་དངུལ་གཡར་ཚུལ་ནི་དེ་འདྲ་ཞིག་མ་ཡིན་པར་དེ་ལས་ལྡབ་མང་པོས་སླ་བ་ཞིག་ཡིན་པར་གསུངས།དེ་ཡང་ཁོང་རྣམས་ཀྱིས་གསུངས་ན་དངུལ་ཁང་ཞིག་གིས་དངུལ་གཡར་བ་ན་ཐོག་མར་རང་ཉིད་ལ་དངུལ་ཅི་ཙམ་གཡར་མིན་གྱི་མ་རྩ་མི་དགོས་པར་གློག་ཀླད་ཀྱི་ནང་དུ་དངུལ་གཡར་ས་ཚེ་རིང་ལྟ་བུའི་མིང་ཐོག་ཏུ་རྩིས་ཐོའི་ས་མིག་ཅིག་ཕྱེས་ནས་དེའི་ནང་དུ་ཚེ་རིང་ལ་དངུལ་ཁང་གིས་སྒོར་འདི་ཙམ་འགན་འཁྲི་ཡོད་ཅེས་ཨང་གྲངས་ཙམ་འབྲི་དགོས་ཤིང་། དེ་བྲིས་ཟིན་པ་དང་ཚེ་རིང་གིས་གློག་རྡུལ་ལས་གྲུབ་པའི་དངུལ་དེ་དག་བེད་སྤྱོད་གཏོང་ཆོག་པ་སྟེ་སྟབས་བདེ་བོ་དེ་འདྲ་ཞིག་ཡིན་པ་རེད།

   རྒྱུ་མཚན་དེས་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་གསུངས་ན་ནམ་རྒྱུན་མི་ཚོས་དངུལ་ཁང་གིས་སུ་དང་སུ་ལ་དངུལ་གཡར་ཟེར་བ་ཡང་ཚིག་ཏག་ཏག་བསྡད་མེད་པ་ནི་དངོས་པོ་གང་ཞིག་གཡར་བ་ལ་ཐོག་མར་རང་ཉིད་ལ་དངོས་པོ་དེ་དགོས་ན་ཡང་དངུལ་ཁང་གིས་གཞན་ལ་དངུལ་གཡར་བར་ཐོག་མར་རང་ཉིད་ལ་དངུལ་དེ་ཙམ་མེད་ན་ཡང་འགྲིག་པ་རེད། དངུལ་ཁང་གི་དངུལ་གཡར་ཐབས་དེ་ལ་དབྱིན་སྐད་དུ་Credit(信用) ཟེར་ཞིང་དེ་ནི་ཡིད་ཆེས་སམ་ཡིད་རྟོན་ལ་གོ་བ་སྟེ་དངུལ་ཁང་གིས་ཚེ་རིང་ལྟ་བུ་མི་ཞིག་གིས་དངུལ་ཁང་ནས་བུ་ལོན་གཡར་བའི་སྐབས་སུ་དངུལ་ཁང་ལ་ཚེ་རིང་གིས་བུ་ལོན་འཇལ་ཐུབ་པའི་ཡིད་ཆེས་ཡོད་ན་དངུལ་ཁང་གིས་ཐབས་ལམ་དེ་འདྲ་ཞིག་ལག་ལེན་བསྟར་བའི་ཆ་ནས་དེ་ལ་ཡིད་རྟོན་ཟེར། འོན་ཀྱང་བོད་སྐད་ཀྱི་ནང་དུ་ཡིད་རྟོན་གྱི་ཚིག་གཅིག་པུ་བེད་སྤྱད་ན་སྟབས་མི་བདེ་བར་ཡིད་རྟོན་དངུལ་བུན་ཞེས་བརྗོད་ན་གོ་བདེ་བར་མཐོང་། དེ་ལྟར་ལམ་ལུགས་དེ་ནི་ཧ་ཅང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་པས་ན་དཔལ་འབྱོར་རིག་པ་བ་ J.K. Galbraith   རྒེལ་རྦི་རེ་ཐི་གིས་དངུལ་ཁང་གིས་དངུལ་གསར་བཟོ་བྱེད་པའི་བརྒྱུད་རིམ་ནི་སྟབས་བདེ་དྲགས་པས་དེ་ཤེས་ན་མི་རྣམས་ཞེ་ལོག་ངེས་ཞེས་གསུངས་མྱོང་ཡོད།

     མདོར་ན་དུས་རབས་ཉི་ཤུ་པའི་བར་དུ་དངུལ་ཕལ་མོ་ཆེ་དབུས་དངུལ་ཁང་གིས་བཟོས་པ་ཤ་སྟག་ཡིན་ཅིང་དེ་ཡང་མིག་མཐོང་ལག་ཟིན་གྱི་དངོས་པོ་ཞིག་ཡིན་ན་ཡང་ད་ལྟའི་ཆར་ཚོང་ལས་དངུལ་ཁང་རྣམས་ཀྱིས་བཟོས་པའི་འཕྲུལ་ཆས་ནང་གི་དངུལ་ཐོན་ནས་དེའི་སྤྱོད་སྒོ་ཇེ་ཆེར་གྱུར། ང་ཚོ་མང་ཆེ་བ་ལག་ཏུ་འཛིན་རྒྱུ་ཡོད་པའི་དངུལ་ལ་དགའ་ན་ཡང་ཚོང་ལས་ཕལ་ཆེ་བ་ནི་དངུལ་སྒོར་རེ་རེ་བཞིན་བརྩི་མི་དགོས་པར་སྐད་ཅིག་གཅིག་ལ་ཨ་སྒོར་ས་ཡ་མང་པོ་ཕར་སྤྲོད་ཚུར་ལེན་བྱེད་ཐུབ་པས་ན་གཙོ་བོ་གློག་རྡུལ་གྱི་དངུལ་སྤྲོད་ལེན་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

    དེ་ལ་བརྟེན་ནས་ད་ལྟའི་ཆར་དངུལ་ཞེས་པ་ནི་དོན་དུ་ཨང་གྲངས་ཙམ་ལས་ཡང་སྙིང་ཅི་ཡང་མིན་པ་དང་། དངུལ་ཁང་གིས་ཁྱོད་ལ་དངུལ་གཡར་བ་ན་ཁོ་ཚོས་གང་བྱེད་པ་ནི་ཀླད་ཀོར་གཙོ་བོར་གྱུར་པའི་ཨང་གྲངས་ཁ་ཤས་ཐོལ་པ་བཅུག་པ་ཙམ་རེད།དངུལ་ཡོད་ཅེས་པ་ཡང་དངུལ་ཁང་ནང་གི་གློག་ཀླད་ཀྱི་ནང་དུ་ཁྱོད་ཀྱི་མིང་ཐོག་ལ་ཨང་གྲངས་ཅི་ཙམ་བསྣན་ཡོད་པ་དེ་ཙམ་ཡིན་པས་ན་དེ་ལ་ཨང་གྲངས་ཙམ་ལས་དོན་དམ་གྱི་རང་བཞིན་གང་ཡང་མེད་པ་རེད།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།