དངུལ་གྱི་ལམ་ལུགས་ངོ་སྤྲོད། (གཉིས་པ།)

2268

                      རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།


   ནུབ་ཕྱོགས་ཀྱི་ལུང་པར་གསེར་ཚད་གཞི་བྱས་པའི་དངུལ་གྱི་ལམ་ལུགས་ཐོག་མར་སྤྱི་ལོ་༡༨༢༡ལོར་བྱུང་ནས་བཟུང་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཏེ་སྤྱི་ལོ་༡༩༡༤ལོ་བར་དུ་དངུལ་སྒོར་རྣམས་དངུལ་ཁང་དུ་གསེར་དངུལ་གང་རུང་བའི་བཅོལ་བའི་འཛིན་ཤོག་ལྟ་བུ་ཡིན་པས་རྒྱལ་ཁབ་གང་གི་ཡིན་ཀྱང་དངུལ་ཡོད་ཚད་ཀྱི་རིན་ཐང་ཕལ་ཆེར་མཚུངས་ཞེས་བཤད་ན་ཆོག་པ་རེད། སྐབས་དེ་དུས་ཁྱོད་ལ་དངུལ་སྒོར་ཅི་ཙམ་ཡོད་པ་དེ་ཙམ་གྱིས་ཁྱོད་ལ་གསེར་དངུལ་ཡོད་པ་མཚོན་གྱི་ཡོད་པས། ཁྱོད་ལ་གལ་ཏེ་གསེར་དངུལ་དགོས་ཤིང་དངུལ་སྒོར་མི་དགོས་ན་དངུལ་ཁང་དུ་ཕྱིན་ཏེ་དངུལ་སྒོར་ཕར་སྤྲད་དེ་དངུལ་སྒོར་གྱི་ཐོག་ཏུ་གསལ་བའི་རིན་ཚད་དང་དོ་མཉམ་པའི་གསེར་དངུལ་ཚུར་ལེན་ཆོག འོན་ཀྱང་རིམ་པས་དངུལ་སྒོར་གྱི་པར་སྐྲུན་དང་འཁོར་བསྐྱོད་ཇེ་ཆེར་གྱུར་ཅིང་། གསེར་དངུལ་གྱིས་མ་འདང་བའི་དཀའ་ངལ་ཡང་ཆེ་བས་དཔེར་ན་སྤྱི་ལོ་༡༩༢༩ལོར་འཛམ་གླིང་ཧྲིལ་པོར་གསེར་ནི་ཨ་སྒོར་ས་ཡ་བཅུ་གཅིག་གི་རིན་པ་ཙམ་ལས་མེད་ཀྱང་། ལོ་དེར་རྒྱལ་ཁབ་ཕན་ཚུན་དངུལ་སྤྲོད་ལེན་བྱས་པའི་རིན་ཐང་གིས་ཨ་སྒོར་ས་ཡ་བཞི་བཅུ་ཙམ་ཟིན་གྱི་ཡོད་པ་རེད།

   དཀའ་ངལ་དེ་གདོང་ལེན་བྱེད་པའི་ཐབས་སུ་བཀའ་ཁྱབ་དངུལ་གྱི་ལམ་ལུགས་དར་བ་སྟེ། དེ་ཡང་དངུལ་སྒོར་ནི་རིན་ཐང་ཐམས་ཅད་ཀྱི་རྩི་གཞི་ལྟ་བུར་གྱུར་པ་དེས་མི་ཕལ་མོ་ཆེར་དངུལ་ཞེས་པ་ཧ་ཅང་བཟོ་དཀའ་བ་དང་བསྒྲུབ་དཀའ་བ། དམིགས་བསལ་གྱི་རིན་ཐང་ཡོད་པ་ཞིག་ཡིན་པའི་རེ་བ་དང་ཡིད་ཆེས་ཡོད་པ་དེས་ཤོག་བུ་དཀྱུས་མ་ཞིག་གི་ཐོག་ཏུ་དངུལ་ཡིན་པའི་ས་ཡིག་བརྒྱབ་པ་ཙམ་གྱིས་དངུལ་དུ་འགྱུར་བའི་ཐབས་ལམ་དེ་མི་མང་པོའི་སེམས་ལ་འཁོར་དཀའ་ཞིང་ལག་ལེན་དུ་བསྟར་དཀའ་བས་དབྱིན་ལན་ཌི་དང་ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་དངུལ་གྱི་རྒྱབ་རྟེན་དུ་གསེར་འཇོག་མིན་ཐད་འགྲན་རྩོད་རབ་དང་རིམ་པ་བྱས་ཤིང་། དཔལ་འབྱོར་རིག་པ་བ་རྣམས་ཀྱི་ཁྲོད་དུ་གསེར་གྱི་ཚད་གཞིའི་ལམ་ལུགས་དང་བཀའ་ཁྱབ་དངུལ་གཉིས་གང་བཟང་མིན་ཐད་རྩོད་གླེང་ཡང་མང་ན་ཡང་། དངུལ་གྱི་གྲངས་འབོར་ཇེ་མང་དུ་གཏོང་དགོས་པའི་དཀའ་ངལ་དང་། གསེར་གྱིས་མི་འདང་བ། གསེར་རྒྱལ་ཁབ་གཞན་དུ་གཏོང་འདོད་མེད་པ་སོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་གཅིག་རྗེས་གཉིས་མཐུད་ཀྱིས་བཀའ་ཁྱབ་དངུལ་གྱི་ལམ་ལུགས་ཐོག་ཏུ་མི་བསྐྱོད་ཀ་མེད་གྱུར།

     ལོ་རྒྱུས་ཐོག་བཀའ་ཁྱབ་དངུལ་ཐོག་མར་བཟོ་མཁན་ནི་རྒྱ་ནག་ཡིན་པར་གྲགས་ཤིང་རྒྱ་ནག་ལ་ཡུན་རྒྱལ་རབས་ཀྱི་སྐབས་སུ་བཀའ་ཁྱབ་ཤོག་དངུལ་བེད་སྤྱོད་བཏང་བའི་ལོ་རྒྱུས་ཡོད་ཀྱང་ད་ལྟ་དངུལ་ཕལ་མོ་ཆེ་བཀའ་ཁྱབ་དངུལ་ཡིན་པ་ནི་གཙོ་བོ་དབྱིན་ལན་ཌི་དང་ཨ་རི་གཉིས་ལ་བརྟེན་ནས་བྱུང་། དེ་ཡང་ཐོག་མར་དམག་ཆེན་དང་པོའི་སྐབས་སུ་དབྱིན་ལན་ཌི་སྲིད་གཞུང་ལ་དངུལ་ཕོན་ཆེན་དགོས་པ་དེས་གནས་སྐབས་རིང་གསེར་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་དངུལ་པར་སྐྲུན་བཟོ་བའི་དོན་དུ་དབྱིན་ལན་ཌི་གི་དངུལ(Pound)པཽན་ཌི་ལ་རྒྱབ་རྟེན་དུ་གསེར་མེད་པར་བཟོས་ནས་དངུལ་སྒོར་གང་དགོས་པར་སྐྲུན་བྱས་པ་དེས་དབྱིན་ལན་ཌི་ལ་དམག་གི་འགྲོ་སོང་མཁོ་སྒྲུབ་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་། ཐབས་ལམ་དེ་ཉིད་གནས་སྐབས་ཀྱི་དཀའ་ངལ་སེལ་ཆེད་དུ་བེད་སྤྱད་པ་ཞིག་ཡིན་ན་ཡང་རིམ་པས་གཏན་འཇགས་ཀྱི་ལུགས་སྲོལ་ཞིག་ཏུ་གྱུར་པས། དཔལ་འབྱོར་རིག་པ་བ(Glyn Davies)ཌེ་ཝི་སི་གིས་གསེར་གྱི་རྒྱབ་རྟེན་ཡོད་པའི་དངུལ་གྱི་ལམ་སྲོལ་དེ་གནས་སྐབས་ཀྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་མཚམས་འཇོག་བྱས་ན་ཡང་རྗེས་སུ་དེ་ཉིད་གཏན་དུ་མཚམས་ཆད་པར་གྱུར་ཞེས་གསུངས།

     འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ཡོངས་ཀྱི་དངུལ་གྱི་རིན་ཐང་གཏན་འཇགས་ཡོང་བའི་སྒོ་ནས་དཔལ་འབྱོར་དང་ཚོང་ལས་བརྟན་པོ་ཡོང་བའི་ཆེད་དུ(USA)ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་དངུལ་ནི་སྤྱི་ལོ་༡༩༣༠ འི་ནང་དུ་འགྲོ་རྒྱུགས་ཆེ་ཤོས་ཀྱི་དངུལ་ཡིན་པས་ན་རྒྱལ་ཁབ་གཞན་དག་གི་དངུལ་གྱི་རྒྱབ་རྟེན་དུ་ཨ་སྒོར་འཇོག་པའི་གྲོས་ཆོད་བྱུང་། དེ་ཡང(USA)ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་དབུས་དངུལ་ཁང་ལ་རྒྱལ་ཁབ་ཡོངས་ཀྱིས་དངུལ་ཁང་གི་ས་མིག་རེ་ཕྱེས་ནས་རྒྱལ་ཁབ་གཞན་རྣམས་ཀྱིས་རང་གི་རྒྱལ་ཁབ་ཀྱི་དངུལ་གྱི་རྒྱབ་རྟེན་ཨ་རིའི་ཌོ་ལར་ལ་བྱེད་པ་དང་། ཨ་རིའི་ཌོ་ལར་གི་རྒྱབ་རྟེན་དུ་གསེར་འཇོག་པའི་ཁས་ལེན་བྱས། དཀྱིལ་ཤར་ཨེ་ཤ་ཡ་ནས་ཐོན་བཞིན་པའི་སྣུམ་གྱི་རིན་གོང་ནི་ཨ་རིའི་ཌོ་ལར་གཞིར་བཞག་བྱེད་ཀྱིན་ཡོད་པས་དཀྱིལ་ཤར་ལུང་པའི་རྒྱལ་ཁབ་རྣམས་ཀྱིས་ཨ་སྒོར་མང་པོ་ཞིག་བསགས་ནས་ཡོད།

    འོན་ཀྱང(France ཧྥ)རན་སི་དང(Switzerland)སི་ཝི་ཛི་ལེན་ཌི་གཉིས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་དངུལ་གྱི་རྒྱབ་རྟེན་ཨ་སྒོར་ལ་བྱས་ན་མི་འགྲིག་པར་དེའི་ཚབ་གསེར་ལ་བྱེད་དགོས་པར་བསྒྲགས་ཤིང་། རྒྱལ་ཁབ་དེ་གཉིས་པོའི་དངུལ་མང་པོ་ཨ་སྒོར་གྱི་རྣམ་པར་ཨ་རི་ལ་ཡོད་པ་ལས་ད་ཆ་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་རི་ལ་དངུལ་དེ་དག་གི་དོད་དུ་ཨ་སྒོར་སྤྲད་ན་མི་འགྲིགས་པར་གསེར་སློག་དགོས་པར་བཤད། དེ་བཤད་པས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཨ་སྒོར་གྱི་ཚབ་ལ་གསེར་སློག་དགོས་པའི་འབོད་བསྐུལ་ཡོང་བའི་ཞེད་སྣང་གིས་ ཨ་རིའི་མཉམ་འབྲེལ་མངའ་སྡེའི་སྲིད་འཛིན(Richard Nixon)རི་ཅར་ཌི་ནིཀ་སོན་གིས་སྤྱི་ལོ་༡༩༧༡ ལོར་ཨ་སྒོར་གྱི་རྒྱབ་རྟེན་དུ་གསེར་མེད་པར་ཨ་སྒོར་ནི་བཀའ་ཁྱབ་དངུལ་ཡིན་པའི་གཏན་འབེབས་གནང་། དེས་རླུང་བསླངས་ཏེ་དཀྱིལ་ཤར་ཡུལ་གྲུ་ཁག་གིས་སྣུམ་གྱི་རིན་པ་ལྡབ་བཞི་ཙམ་གྱིས་སྤར་ན་ཡང་དེ་ནས་བཟུང་ཨ་སྒོར་ནི་བཀའ་ཁྱབ་དངུལ་གྱི་ཚུལ་དུ་རྒྱུན་གནས་བྱུང་།

     རིམ་པས་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་དངུལ་སྒོར་གྱི་རྒྱབ་རྟེན་དུ་གསེར་འཇོག་མ་ཐུབ་པར་སྤྱི་ལོ་༡༩༨༠ནང་དུ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་དངུལ་བཀའ་ཁྱབ་དངུལ་དུ་གྱུར་ཟིན་ཡོད། འོ་ན་ད་ལྟའི་ཆར་དངུལ་ནི་ཤོག་བུ་ཙམ་ཡིན་པས་རྒྱལ་ཁབ་ཚང་མས་དངུལ་གང་དགོས་པར་སྐྲུན་བྱས་ནས་ཕྱུག་པོ་མི་བཟོ་བའི་རྒྱུ་མཚན་གང་རེད་དམ་སྙམ་ན། སྟབས་བདེ་བོས་བཤད་ན་སྤྱིར་བཏང་གསེར་དང་ཀུ་ཤུ་གཉིས་གསེར་ལྡབ་མང་པོས་རིན་ཐང་ཆེ་ན་ཡང་གལ་སྲིད་དཔེར་ན་ལུང་པ་ཞིག་ལ་གསེར་ཧ་ཅང་མང་ཞིང་ཀུ་ཤུ་ཧ་ཅང་ཉུང་ན་གསེར་ཀུ་ཤུ་ལས་ཆེ་བས་ཀྱང་ཀུ་ཤུ་རེ་རེ་ཙམ་ལས་ཉོ་མི་ཐུབ་པར་འགྱུར་སྲིད་པ་བཞིན་ཤོག་དངུལ་ཧ་ཅང་མང་པོ་པར་སྐྲུན་བྱས་ན་ཅ་དངོས་འཚོང་མཁན་གྱིས་ཅ་དངོས་ཀྱི་གོང་ཚད་མི་སྤར་ཀ་མེད་འགྱུར་གྱི་ཡོད། དེས་ན་ཉོ་རྒྱུའི་ཅ་ལག་གི་གོང་ཚད་འཕར་ན་ཉོ་བྱེད་ཀྱི་དངུལ་མང་ཡང་དོན་དམ་དུ་གྲངས་ཀ་མང་བ་ཙམ་ལས་ཕན་ཐོགས་མེད་པས་རྒྱལ་ཁབ་ཕལ་མོ་ཆེས་དཔལ་འབྱོར་གྱི་མ་རྩའི་ཚད་གཞི་མ་འཕར་བར་གང་བྱུང་དུ་དངུལ་གསར་པ་པར་སྐྲུན་མི་བྱེད་པ་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ལ། རྒྱལ་ཁབ་མང་པོར་སྲིད་གཞུང་གིས་དངུལ་ཐད་ཀར་པར་སྐྲུན་བྱེད་མི་ཆོག་པ་ཡང་དཀའ་ངལ་དེ་གཡོལ་ཆེད་ཡིན་པ་རེད།

    དངུལ་ལོ་པར་སྐྲུན་མང་བས་དཀའ་ངལ་ཅི་འདྲ་ཡོད་པའི་དཔེ་མཚོན་གཅིག་ནི(Turky)ཊུར་ཀི་ཞེས་པའི་ལུང་པ་སྟེ། ལུང་པ་དེའི་དངུལ་གྱི་མིང་ལ(Lira)ལི་ར་ཞེས་ཟེར། ཊུར་ཀི་ལུང་པས་དཔལ་འབྱོར་གྱི་མ་རྩའི་ཡར་རྒྱས་མེད་པར་དངུལ་ལོ་གསར་པ་པར་སྐྲུན་བྱ་རྒྱུ་མང་བས་སྤྱི་ལོ་༢༠༠༤ ལོར་ལུང་པ་དེའི་དངུལ་ལི་ར་ས་ཡ་གཅིག་དང་ཨ་སྒོར་གཅིག་གཉིས་ཕལ་ཆེར་ནུས་པ་མཉམ་པས་འཛམ་གླིང་མི་དམངས་ཀྱི་མདུན་དུ་ཊུར་ཀི་ལུང་པ་ང་ཚ་དགོས་པ་བྱུང་ཡོད། དེ་ནས་ཊུར་ཀི་གིས་དཔལ་འབྱོར་སྲིད་ཇུས་གོང་འཕེལ་བཏང་ནས་༢༠༠༥ལོར་ལི་ར་རྙིང་པ་དང་མཉམ་དུ་དེའི་ཐོག་གི་ཀླད་ཀོར་དྲུག་པོ་མེད་པ་བཟོས་ཏེ་དེའི་ཚབ་ལ་ལི་ར་གསར་པ་ཞིག་བཟོས་ནས་སྔར་གྱི་ལི་ར་ས་ཡ་གཅིག་དང་ལི་ར་གསར་པའི་སྒོར་མོ་གཅིག་གཉིས་རིན་ཐང་མཉམ་པར་བྱས་པ་ལ་མི་དམངས་ཀྱིས་ཀྱང་ལས་སླ་པོས་ངོས་ལེན་བྱས་པས་ཊུར་ཀི་ལུང་པའི་དཔལ་འབྱོར་དང་དངུལ་གྱི་རིན་ཐང་གཉིས་ཀ་གོང་འཕེལ་ཐོན། ད་ལྟའི་ཆར་རྒྱལ་ཁབ་མང་པོའི་དངུལ་ལོ་རིན་ཐང་ཆུང་བ་ཡང་གཙོ་བོ་ལོ་རྒྱུས་ཐོག་དངུལ་ལོ་པར་སྐྲུན་མང་དྲགས་པ་ལ་བརྟེན་ནས་བྱུང་བ་ཡིན་པར་ཡོངས་སུ་གྲགས།

     འོ་ན་རྒྱལ་ཁབ་སོ་སོའི་བཀའ་ཁྱབ་དངུལ་གྱི་རིན་ཐང་མི་འདྲ་བ་གང་འདྲ་བྱས་ནས་བྱུང་ངམ་སྙམ་ན། དངུལ་གྱི་རིན་ཐང་ལ(Foreign Exchange Rate)ཕྱི་དངུལ་བརྗེ་ལེན་ཞེས་ཟེར་ཞིང་། དེའི་ཚད་གཞིའམ་གོང་ཚད་ནི་དངུལ་རང་ཉིད་ལས་ཀྱང་དེའི་འགྲོ་རྒྱུགས་ལས་ཡིན་པ་རེད། དཔེར་ན་རྒྱལ་ཁབ་གཅིག་གི་དངོས་ཟོག་དང་ཐོན་བསྐྱེད་ཀྱི་རིན་པ་ནི་རྒྱལ་ཁབ་དེའི་དངུལ་སྒོར་གྱི་རིན་པས་ཚད་འཇལ་ཞིང་། རྒྱལ་ཁབ་དེའི་དངུལ་སྒོར་གྱི་གོང་ཚད་ནི་རྒྱལ་ཁབ་གཞན་གྱི་དངུལ་སྒོར་གྱི་རིན་པས་ཚལ་གཞལ་ནས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཡུ་རོབ་གི་དངུལ(Euro)ཡུ་རོ་1་གི་རིན་པ་ནི(Dollar)ཨ་སྒོར་1.63 ཡིན་པ་ལྟ་བུ་རེད། དངུལ་གྱི་འཛའ་འམ་རིན་ཐང་གི་འཕར་ཆག་ནི་ཧ་ཅང་གལ་ཆེ་བ་བཤད་མ་དགོས་ཏེ། རྒྱལ་ཁབ་ཕན་ཚུན་བར་དུ་ཚོང་ལས་བྱེད་པ་ནི་ཕྱོགས་གཉིས་ཀའི་དཔལ་འབྱོར་གོང་འཕེལ་གཏོང་བྱེད་ཀྱི་ཐབས་ལམ་ནུས་པ་ཆེ་ཤོས་ཤིག་ཡིན་པ་ལ། དེའི་ཆེད་དུ་དངུལ་གྱི་འཛའ་ཆེ་ཆུང་ནི་ཁེ་བཟང་དང་གྱོང་གང་ཡོང་མིན་གྱི་འགག་རྩ་ལྟ་བུར་གྱུར་ཡོད།

    མ་ཟད་རྒྱལ་ཁབ་གཉིས་ཀྱི་བར་ཚོང་བྱེད་པ་ན་ཐོག་མར་རྒྱལ་ཁབ་དེའི་དངུལ་ཉོས་ནས་ད་གཟོད་རྒྱལ་ཁབ་དེའི་དངོས་ཟོག་ཉོ་དགོས་པས་ན་དངུལ་ནི་དོན་དངོས་སུ་ཉོ་བྱེད་ཙམ་མིན་པར་ཚོང་རྫས་ཤིག་ཀྱང་ཡིན་པས་ན། སྤྱི་ལོ་༢༠༡༠ ལོར་ཉིན་རེ་ལ་ཨ་སྒོར་དཀྲིགས་ཆེན(༤༠༠༠ ༠༠༠ ༠༠༠ ༠༠༠)བཞི་ཡི་རིན་པའི་དངུལ་བརྗེ་ལེན་བྱེད་ཀྱི་ཡོད་པ་དེས་ལོ་དེར་ཕྱི་དངུལ་བརྗེ་ལེན་ནི་འཛམ་གླིང་ཁྲོམ་རའི་ནང་གི་ཚོང་ཆེ་ཤོས་སུ་གྱུར་པར་བཤད། ལོ་དེར་དབྱིན་ལན་ཌི་ལ་ཡོད་པའི་དངུལ་ཁང་རྣམས་ཁྲོམ་རའི་ནང་དུ་དབང་ཤུགས་ཆེ་ཤོས་སུ་གྱུར་པ་སྟེ། དབྱིན་ལན་ཌི་གི་དངུལ་ཁང་དག་གིས་ཕྱི་དངུལ་བརྗེ་ལེན་གྱི་བརྒྱ་ཆ་༣༧ ཟིན་པ་དང་། ཨ་རི་ལ་ཡོད་པའི་དངུལ་ཁང་དག་གིས་བརྒྱ་ཆ་༡༨ ཟིན་གྱི་ཡོད་ཅིང་། ཡང་དངུལ་སྒོར་གྱི་ནང་ནས་ཚོང་འགྲོ་ཆེ་ཤོས་ནི་ཨ་སྒོར་ཡིན་པ་སྟེ་དེས་བརྒྱ་ཆ་༨༥ཟིན་གྱི་ཡོད་པ་དང་། ཡུ་རོ་གིས་བརྒྱ་ཆ་༣༧དང་། ཉི་ཧོང་གི་ཡེན་གིས་བརྒྱ་ཆ་༡༧ ། དབྱིན་ལན་ཌི་གི་པཽན་གིས་བརྒྱ་ཆ་༡༥ ཟིན་གྱི་ཡོད་པར་བཤད།

    འོ་ན་རྒྱལ་ཁབ་གཅིག་གི་དངུལ་ཡིན་ཀྱང་ཉིན་རེ་ལ་འཛའ་ཡར་འཕར་མར་ཆག་མང་པོ་ཞིག་འབྱུང་བའི་རྒྱུ་མཚན་གང་ཡིན་སྙམ་ན།  དངུལ་གྱི་འཛའ་འཕར་ཆག་གི་འགྲོ་སྟངས་གཙོ་བོ་གཉིས་ཡོད། དེ་གཉིས་ལ(Fixed Exchanged Rate)གཏན་འཇགས་བརྗེ་ལེན་ཚད་གཞི་དང་། (Floating Exchanged Rate)འཕར་ཆག་བརྗེ་ལེན་ཚད་གཞི་ཞེས་ཟེར་ཞིང་དང་པོ་ནི་གཞུང་གི་སྟངས་འཛིན་གཙོ་ཆེ་བ་དང་ཕྱི་མ་ནི་ཁྲོམ་རའི་རང་དབང་གཙོ་ཆེ་བའི་ལུགས་སྲོལ་ཞིག་གོ། གཏན་འཇགས་བརྗེ་ལེན་ཚད་གཞི་ནི་རྒྱལ་ཁབ་དེའི་དངུལ་དེ་རྒྱལ་ཁབ་སྟོབས་ཤུགས་ཆེ་བ་གཞན་ཞིག་གི་དངུལ་ལ་བསྒྲིགས་ཡོད་པས་ན་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་རིན་ཐང་གང་ཡིན་པ་དང་གཏན་འཇགས་བྱས་ནས་བསྒྲིགས་པའི་དོན་ལས་རང་ངོས་ནས་ནམ་ཡང་རིན་ཐང་འཕར་ཆག་མེད་པར་གཏན་འཇགས་ཡིན་པའི་དོན་དུ་གོ་ན་མི་འགྲིགས། གཅིག་ཤོས་འཕར་ཆག་བརྗེ་ལེན་ནི་གཙོ་བོ་ཁྲོམ་རའི་ནང་དུ་དངུལ་དེའི་དགོས་མཁོ་ཆེ་ཆུང་ལ་རག་ལས་པ་སྟེ་ཁྲོམ་རར་དངུལ་དེ་དགོས་མཁན་མང་ན་དེའི་གོང་ཚད་འཕར་བ་དང་དེའི་དགོས་མཁོ་ཉུང་ན་དངུལ་དེའི་གོང་ཚད་ཟགས་འགྲོ་བ་ཞིག་རེད། ལམ་ལུགས་དེ་གཉིས་ཀར་ཡོན་ཏན་དང་སྐྱོན་གྱི་ཆ་རེ་ཡོད་པས་དང་པོ་གཏན་འཇགས་བརྗེ་ལེན་གྱི་ཚད་གཞི་ནི་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་གོང་ཚད་དང་བསྟུན་དགོས་པས་སྟངས་འཛིན་དཀའ་བའི་སྐྱོན་ཡོད་ཅིང་། འཕར་ཆག་བརྗེ་ལེན་གྱི་ཚད་གཞི་ནི་ཡར་འཕར་མར་ཆག་ལ་ངེས་པ་མེད་པས་ཚོད་དཔག་དཀའ་བའི་སྐྱོན་ཡོད།

     རྒྱལ་ཁབ་གཅིག་གིས་རང་གི་རྒྱལ་ཁབ་ཀྱི་དངུལ་དེ་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་རིན་གོང་དང་སྒྲིག་པའི་དགོས་ཆེད་རྒྱལ་ཁབ་སྟོབས་ཤུགས་ཆེ་ལ་ཚོང་འབྲེལ་ཆེ་བ་ཞིག་གི་དངུལ་དང་གོང་བསྒྲིགས་ན་ཚོང་ལས་ལ་སྟབས་བདེ་བའི་དགེ་མཚན་ཡོད་པ་རེད། ད་ལྟའི་ཆར་ཨ་རིའི་གླིང་ཆེན(Caribbean)ཀེ་རི་རྦེན་གི་རྒྱལ་ཁབ་མང་པོའི་ཡོང་སྒོ་གཙོ་བོ་ཡུལ་སྐོར་སྤྲོ་འཁྱམས་པ་ཡིན་ཅིང་ཡུལ་སྐོར་སྤྲོ་འཁྱམས་པས་གཙོ་བོ་ཨ་སྒོར་བེད་སྤྱོད་བྱེད་ཀྱི་ཡོད་པ་དེས་དེ་དག་གི་དངུལ་ USA ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་དངུལ་ཨ་སྒོར་ལ་བསྒྲིགས་ཡོད་ཅིང་། ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོའི་དངུལ་ནི་ཡུ་རོབ་གི་དངུལ་ཡུ་རོ་བརྟན་ཆ་ཆེ་བ་སོགས་ཀྱིས་ཡུ་རོ་ལ་བསྒྲིགས་ཡོད་པ་རེད། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་མང་པོ་ནི་ཨ་རི་དང་སྣུམ་གཙོ་བོར་གྱུར་པའི་ཚོང་འབྲེལ་ཆེ་བས་ན་དེ་དག་གི་དངུལ་རྣམས་ཨ་རིའི་ཨ་སྒོར་དང་བསྒྲིགས་ཡོད་ཅིང་། ཨེ་ཤ་ཡ་ནས་མ་ཀའོ་དང་ཧོང་ཀོང་ལྟ་བུ་རྣམས་རྒྱལ་སྤྱི་རང་བཞིན་གྱི་ཚོང་འབྲེལ་ཆེ་བས་ན་དེ་དག་གི་དངུལ་ཡང་ཨ་སྒོར་དང་བསྒྲིགས་ཡོད་པ་རེད།

     དེར་བརྟེན་གཏན་འཇགས་བརྗེ་ལེན་གྱི་ཚད་གཞི་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལྟ་བུ་རྒྱལ་ཁབ་གང་རུང་གི་དངུལ་གྱི་གོང་ཚད་དང་ཆ་སྙོམས་པོ་ཡོང་བའི་དོན་དུ་དཔེར་ན་ཧོང་ཀོང་གི་དངུལ་རྣམས་ཨ་སྒོར་དང་བསྒྲིགས་ཡོད་པས་ན་ཧོང་ཀོང་གི་དབུས་དངུལ་ཁང་གིས་ཨ་སྒོར་ཚད་ངེས་ཅན་ཞིག་རང་ཉིད་ཀྱི་དབུས་དངུལ་ཁང་གི་ནང་དུ་བསགས་ནས་ཁྲོམ་རའི་ནང་དུ་ཧོང་ཀོང་གི་དངུལ་དེ་ཨ་སྒོར་ལ་ལྟོས་ན་རིན་ཐང་ཟག་བཞིན་པའི་སྐབས་སུ་ཧོང་ཀོང་གི་དབུས་དངུལ་ཁང་གིས་ཨ་སྒོར་སྤྲད་ནས་ཧོང་ཀོང་གི་དངུལ་ཉོ་བའི་སྒོ་ནས་ཧོང་ཀོང་གི་དངུལ་གྱི་རིན་ཐང་ཆེ་རུ་གཏོང་ཐབས་བྱེད་པ་དང་། ཡང་ཧོང་ཀོང་གི་དངུལ་དེ་ཨ་རིའི་དངུལ་ལ་ལྟོས་ན་རིན་ཐང་ཡར་འཕར་བ་ཞིག་ཡིན་ན་ཧོང་ཀོང་གི་དབུས་དངུལ་ཁང་གིས་ཧོང་ཀོང་རང་གི་དངུལ་སྤྲད་ནས་ཨ་རིའི་དངུལ་ཉོ་བའི་སྒོ་ནས་ཧོང་ཀོང་རང་ཉིད་ཀྱི་དངུལ་གྱི་རིན་གོང་ཟགས་སུ་བཅུག་ཐབས་སོགས་བྱེད་ཀྱི་ཡོད།

    གཅིག་ཤོས་རང་དབང་འཕར་ཆག་ཚད་གཞི་ལ་དབུས་དངུལ་ཁང་གིས་སྟངས་འཛིན་དེ་ཙམ་མི་དགོས་ཤིང་། དམིགས་བསལ་དེའི་ཆེད་དུ་ཕྱི་ཡི་རྒྱལ་ཁབ་ཀྱི་དངུལ་རང་ཉིད་ཀྱི་དབུས་དངུལ་ཁང་དུ་གསོག་ཉར་ཡང་མི་དགོས་པར་ཕྱི་ཡི་རྒྱལ་ཁབ་རྣམས་ལ་རྒྱལ་ཁབ་དེའི་དངུལ་ཅི་ཙམ་དགོས་མིན་གྱིས་དེའི་དངུལ་གྱི་རིན་ཐང་ཡང་ཡར་མཐོ་བ་དང་མར་འབབ་པ་སོགས་ཁྲོམ་རའི་དགོས་མཁོ་དང་འཚམས་པར་འགྲོ་བཅུག་པ་ཞིག་རེད། ད་ལྟའི་ཆར་ཨ་རིའི་ཨ་སྒོར་དང་རྒྱ་གར་གྱི་རུ་པི་ལྟ་བུ་རྒྱལ་ཁབ་ཕལ་མོ་ཆེའི་དངུལ་རང་དབང་འཕར་ཆག་ཚད་གཞི་ལྟར་འགྲོ་བ་ལ། ཡོངས་གྲགས་སུ་དངུལ་དེའི་འཛའ་ཡར་འཕར་མར་ཆག་སྐབས་སུ་རྒྱལ་ཁབ་སོ་སོའི་དབུས་དངུལ་ཁང་གིས་སྟངས་འཛིན་མེད་པར་གྲགས་ཀྱང་དོན་དངོས་སུ་སྟངས་འཛིན་ཚད་ཆེ་ཆུང་ཅི་རིགས་པ་ཡོད་པས་ན་རང་དབང་ཞེས་པ་དེ་ཡང་ཚིག་ཙམ་ཡིན་པའི་སྐྱོན་བརྗོད་མཁན་ཡོད། དེ་དག་ལས་ཀེ་ན་ཌ་གི་དངུལ་ནི་དབུས་དངུལ་ཁང་གིས་སྟངས་འཛིན་བྱེད་ཆུང་ཤོས་ཡིན་པ་དང་། དེ་རྗེས་དབུས་དངུལ་ཁང་གིས་སྟངས་འཛིན་ཤུགས་ཆེ་ཤོས་ཨ་སྒོར་ཡིན་པ་དང་། སྟངས་འཛིན་ཤུགས་ཆེ་ཤོས་བྱེད་པ་ནི་ཉི་ཧོང་གི་དངུལ་ཡེན་དང་དབྱིན་ལན་ཌི་གི་དངུལ་པཽན་ཌི་བཅས་ཡིན་པ་རེད། རང་དབང་འཕར་ཆག་བརྗེ་ལེན་གྱི་ཚད་གཞི་ཅན་གྱི་དངུལ་དག་གི་རིན་ཐང་ཡར་མར་འཕར་ཆག་འགྲོ་སྐབས་དེ་དང་བསྒྲིགས་ཡོད་པའི་གཏན་འཇགས་བརྗེ་ལེན་ཚད་གཞི་ཅན་གྱི་དངུལ་དག་གི་རིན་ཐང་ལ་ཡང་འཕོ་འགྱུར་ཐེབས་ཀྱི་ཡོད་པ་བཤད་མ་དགོས།

     དེ་བཞིན་དངུལ་གྱི་རིན་ཐང་ཆེ་བ་ཙམ་གྱིས་བཟང་པོ་ཡིན་པའི་ངེས་པ་མེད་ཅིང་། རིན་ཐང་ཆུང་བ་ཙམ་གྱིས་གྱོང་ལས་ཕན་ཐོགས་མེད་པའི་དོན་ཀྱང་མ་ཡིན་པར་དཔེར་ན་རྒྱལ་ཁབ་གང་ཡང་རུང་བའི་དངུལ་གྱི་རིན་ཐང་འཕར་ན་རྒྱལ་ཁབ་དེས་ཕྱི་རྒྱལ་གྱི་དངོས་ཟོག་རྣམས་ནང་འདྲེན་བྱེད་པར་གོང་ཚད་ཆུང་ཙམ་གྱིས་ཉོ་ཐུབ་པའི་དགེ་མཚན་ཡོད་ཀྱང་། ཡང་དེས་ནང་རྒྱལ་གྱི་དངོས་ཟོག་རྣམས་ཀྱི་གོང་ཟགས་པས་རྒྱལ་ནང་གི་དངོས་ཟོག་རྣམས་ཕར་འཚོང་བར་དཀའ་ལས་ཡོད་པ་མ་ཟད། དེས་རྐྱེན་པས་རྒྱལ་ནང་གི་ལས་མི་རྣམས་ཀྱིས་ལས་ཀ་ཤོར་ཞིང་ཕྱི་རྒྱལ་དང་བསྡུར་མི་ཐུབ་པའི་དཀའ་ངལ་དང་གནོན་ཤུགས་ཀྱང་ཡོད་པ་རེད། དེ་ལས་ལྡོག་སྟེ་གལ་སྲིད་རྒྱལ་ཁབ་གཅིག་གི་དངུལ་གྱི་རིན་ཐང་ཆུང་ན་ནང་རྒྱལ་གྱི་བཟོ་གྲྭ་ཁག་གིས་བཟོས་པའི་ཅ་དངོས་རྣམས་ཕྱི་ཡི་རྒྱལ་ཁབ་ཏུ་འཚོང་ཐུབ་པའི་དགེ་མཚན་ཆེ་ཞིང་། དེ་ལ་བརྟེན་ནས་རྒྱལ་ནང་དུ་ལས་མི་མང་དུ་འགྲོ་བས་ལས་ཀ་རག་མཁན་ཇེ་མང་དུ་འགྱུར། འོན་ཀྱང་ཅ་དངོས་དེ་དག་བཟོ་བའི་རྒྱུ་ཆ་རྣམས་ཕྱི་རྒྱལ་དང་ནང་རྒྱལ་ནས་ཐོན་པའི་རིགས་གཉིས་ཀ་ཡོད་པས་དེ་ཚོའི་གོང་ཚད་འཕར་བའི་ཉེན་ཁ་ཆེ།

       མདོར་ན་ཐབས་ལམ་གང་ལ་ཡིན་ཀྱང་དགེ་སྐྱོན་གཉིས་ཀ་ཡོད་པས་འཛམ་གླིང་གི་རྒྱལ་ཁབ་རྣམས་ལས་འགའ་ཤས་ཀྱིས་རང་ཉིད་ཀྱི་དངུལ་གྱི་གོང་ཚད་འཕར་ཅི་ཐུབ་བྱེད་པ་དང་། འགའ་ཤས་ཀྱིས་རང་ཉིད་ཀྱི་དངུལ་གྱི་རིན་ཐང་ཆེ་རུ་འགྲོ་ཡི་ཡོད་ན་ཡང་རྐང་བཙུགས་ནས་རིན་ཐང་འཕར་དུ་མི་བཅུག་པ་དང་ཐ་ན་རིན་ཐང་ཟག་ཏུ་བཅུག་སྲོལ་ཡང་ཡོད། དེ་ལྟར་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁབ་དེའི་དཔལ་འབྱོར་སྲིད་ཇུས་ལ་རག་ལས་པ་སྟེ་རྒྱལ་ཁབ་དེའི་དཔལ་འབྱོར་སྲིད་ཇུས་གཙོ་བོ་ཕྱི་འདྲེན་ཡིན་ན་དངུལ་གྱི་རིན་ཐང་ཆུང་ན་དགེ་མཚན་ཆེ་ཞིང་། རྒྱལ་ཁབ་དེའི་སྲིད་ཇུས་གཙོ་བོ་ནང་འདྲེན་སོགས་ཡིན་ན་དངུལ་གྱི་རིན་ཐང་ཆེ་ན་ཚོང་ལས་གཏན་འཇགས་ཡོད་པའི་དགེ་མཚན་ཡོད་པ་རེད། དེ་དག་ཀྱང་ལྟ་གྲུབ་སྐམ་པོ་ཙམ་མ་ཡིན་པར་མི་དུང་ཕྱུར་མང་པོའི་འཚོ་བ་ལ་ཕན་གནོད་ཡོད་པའི་སྲིད་ཇུས་ཡིན་པས་ན་དཔལ་འབྱོར་རིག་པའི་གནད་དོན་འདི་དག་ལ་ད་ལྟའི་ཆར་དོ་སྣང་ཇེ་ཆེ་ནས་ཇེ་ཆེར་འགྲོ་ཡི་ཡོད་པ་རེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།