དངུལ་གྱི་ལམ་ལུགས་ངོ་སྤྲོད། (དང་པོ།)

2864

                              རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

      དཔལ་འབྱོར་རིག་པའི་མཁས་པ་གྲགས་ཅན(Daniel Kahneman)ཌེ་ནེལ་ཀཱ་ནེ་མེན་གིས་དངུལ་ཡོད་པས་ཁྱོད་ཀྱིས་བདེ་སྐྱིད་ཉོ་ཐུབ་པའི་ངེས་པ་མེད་ཀྱང་། དུངལ་མེད་ན་ཁྱོད་ཀྱིས་དཀའ་སྡུག་ནི་ཉོ་ངེས་པ་རེད་ཅེས་གསུངས་པ་ལྟར།  ལོ་རྒྱུས་ཐོག་དངུལ་ནི་མི་ཡི་རིགས་ཀྱི་འཚོ་གནས་ཀྱི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ལྷག་པར་དངུལ་མེད་ན་གང་ཡང་བྱེད་ཐབས་མེད་པ་ལྟ་བུར་གྱུར་པའི་དེང་སང་གི་དུས་རབས་འདིར་དངུལ་ནི་ཡག་པོ་མིན་པ་དང་དེ་ལ་སྙིང་པོ་མེད་པར་བཤད་པའི་ཚབ་ལ་ང་ཚོས་ཡང་སྙིང་དངུལ་གྱི་ལམ་ལུགས་སམ་འགྲོ་སྟངས་གང་འདྲ་ཡིན་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། དེ་ཤེས་རྒྱུ་ཡང་ཆོས་པ་དང་འཇིག་རྟེན་པ། ཕོ་མོ་དང་རྒན་གཞོན་སོགས་ཀྱི་ཁྱད་པར་མེད་པར་མདོར་ན་ཁྱོད་ཀྱི་མི་ཚེ་ལ་དངུལ་བེད་སྤྱོད་ཡོད་ན་ཁྱོད་ཀྱིས་དངུལ་གྱི་འགྲོ་སྟངས་གང་འདྲ་ཡིན་ཤེས་དགོས་པ་ནི་དཔལ་འབྱོར་རིག་པའི་གནད་དོན་ཙམ་མིན་པར་རང་ཉིད་ཀྱི་མི་ཚེ་དང་འཚོ་བ་ལ་རང་ཉིད་ཀྱིས་རྒྱུས་ལོན་བྱེད་པ་ཞིག་ཀྱང་རེད།

    ངོ་མཚར་བ་ཞིག་ལ་བོད་རིགས་ལྟ་བུ་མིན་པར་མི་ཚེའི་སྙིང་པོ་དངུལ་གསོག་སྒྲུབ་ཏུ་ངོས་འཛིན་པའི་ཕྱི་རྒྱལ་གྱི་མི་མང་པོ་ཡང་དངུལ་གྱི་འགྲོ་སྟངས་ཐད་གོ་རྟོགས་ཧ་ཅང་སྐྱོ་བ་དང་དེའི་སྐོར་ལ་བརྩམས་པའི་དེབ་མང་པོར་ཡང་ནོར་འཁྲུལ་གྱི་ཆ་མང་བར་གྲགས། དེས་ན་འདིར་ཁོ་བོས་མཁས་པ་མང་པོས་ཚད་ལྡན་དུ་ངོས་འཛིན་པའི་དངུལ་དང་དངུལ་ཁང་གི་སྐོར་གྱི་དེབ་གྲགས་ཅན་གཉིས་ཏེ་(Where Does Money Come From?) <<དངུལ་གང་ནས་བྱུང་བ་རེད་དམ་>>ཞེས་པ་དང་། (Modernizing Money)<<དངུལ་དེང་རབས་ཅན་དུ་བསྒྱུར་བ་>>ཞེས་པ་གཉིས་ལ་གཞི་བཅོལ་ནས་དངུལ་གྱི་བྱུང་རབས་དང་དེང་རབས་ཀྱི་དངུལ་དང་དངུལ་ཁང་གི་འགྲོ་སྟངས་རོབ་ཙམ་ཞིག་བཤད་པར་འདོད།

    རྩོམ་འདི་ལ་ལེ་ཚན་ཁ་ཤས་ཡོད་པ་རྣམས་བརྩམས་ཟིན་པ་དང་ཞུ་དག་གྲུབ་རིམ་བཞིན་སྤེལ་འཆར་ཡོད་ཅིང་། དེ་ཡང་ཁོ་བོས་འདི་ཉིད་ངལ་བ་ཆེ་ཙམ་བརྒྱབ་ནས་དཔེ་ཀློག་རིང་ཙམ་བྱས་ཏེ་གོ་ཅི་བདེ་དང་ཁ་ཅི་གསལ་བཏང་ནས་བྲིས་པ་ཡིན་པས་གལ་སྲིད་ཀློག་པ་པོ་ཁྱེད་ཀྱིས་ལེ་ཚན་དེ་དག་ཆ་ཚང་བ་ཀློག་རྒྱུ་བྱུང་ན་ཁྱེད་ལ་དཔལ་འབྱོར་རིག་པའི་གཞི་རྩའི་གོ་རྟོགས་ཆ་ཚང་བ་ཞིག་ཡོང་བ་ཙམ་དུ་མ་ཟད་དངུལ་དང་དངུལ་ཁང་གི་འགྲོ་སྟངས་ཐད་ཁྱེད་ནི་ཤར་ནུབ་ཀྱི་ཚོང་པ་འབྱོར་ལྡན་རྣམས་ལས་ཀྱང་རྒྱུས་མངའ་ཆེ་བར་འགྱུར་ངེས་ཏེ། ཁོ་བོས་ཁུངས་བཅོལ་བའི་དེབ་འདི་དག་ཏུ་གཞན་ལྟ་ཞོག་ནོ་རྦེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མྱོང་བའི་མཁས་པ་རྣམས་ཀྱིས་ཀྱང་དངུལ་གྱི་འགྲོ་སྟངས་གསལ་པོ་ཤེས་ཀྱི་མེད་ཚུལ་གསུངས་ནས་དེའི་སྐོར་ཡང་དག་པའི་གསལ་བཤད་གནང་ཡོད།

    ཐོག་མར་ཅི་ཞིག་ལ་དངུལ་ཟེར་རམ་སྙམ་ན་དངུལ་ཡིན་མིན་གྱི་ས་མཚམས་འབྱེད་རྒྱུ་ནི་བསམ་པ་བཞིན་དུ་ལས་སླ་པོ་ཞིག་མ་ཡིན་པས་དཔལ་འབྱོར་རིག་པ་བ་རྣམས་དེའི་ཐད་རྩོད་པ་ཆེ་ཡང་། དབྱིན་ལན་ཌི་གི་སྤྱི་ཚོགས་རིག་པ་བ་དང་ཆབ་སྲིད་ཀྱི་དཔལ་འབྱོར་རིག་པ་བ(Geoffrey Ingham)རྗེ་ཧྥི་རི་ཨིན་གྷམ་གིས་དངུལ་ནི་དངོས་པོའི་རིན་གོང་འཇལ་བྱེད་ཡིན་པ་གང་ཞིག་ལ་འཆར་སྣང་རང་བཞིན་གྱི་རིན་ཐང་དེ་ཉིད་སྤྱི་ཚོགས་ཀྱི་འབྲེལ་བ་ལས་གྲུབ་པ་ཞིག་གོ་ཞེས་གསུངས་པ་འདི་ཉིད་ཡོངས་སུ་གྲགས་པའི་འགྲེལ་བཤད་ཅིག་ཏུ་ངོས་འཛིན་སྲོལ་ཡོད། དེ་ཡང་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་དངུལ་ནི་དེའི་རང་བཞིན་ལས་ཀྱང་གཙོ་བོ་དེའི་བྱེད་ལས་ཀྱི་སྒོ་ནས་འགྲེལ་བརྗོད་བྱ་སྲོལ་ཡོད་ཅིང་། དེ་ལ་སྤྱིར་བཏང་ཁྱད་ཆོས་གཙོ་བོ་བཞི་ཡོད་པར་བཤད་སྲོལ་ཡོད། བཞི་པོ་ལས་དང་པོ་ནི་དེ་ཡོད་པས་མ་འོངས་པར་good and services དངོས་པོ་དང་ཞབས་ཞུ་གང་ཡིན་ཀྱང་མཁོ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ། གཉིས་པ་ནི་དངོས་ཟོག་གང་རུང་བརྗེ་བྱེད་ཀྱི་ཐབས་ལམ་ཡིན་པ། གསུམ་པ་ནི་ཐུན་མོང་གིས་ཁས་ལེན་པའི་རིན་ཐང་གི་རྩི་གཞི་ཡིན་པ། བཞི་པ་ནི་མཐའ་མའི་ཕར་སྤྲོད་ཚུར་ལེན་གྱི་ཐག་གཅོད་བྱེད་ཀྱི་ཐབས་ལམ་ཡིན་པ་བཅས་སོ།


གནའ་བོའི་མི་རྣམས་ཀྱིས་དངོས་ཟོག་བརྗེ་ལེན་གྱིས་ཚོང་བྱེད་བཞིན་པ།

     མི་ཡི་རིགས་ཀྱི་ལོ་རྒྱུས་ཐོག་དངུལ་གྱི་བེད་སྤྱོད་བྱུང་ནས་མི་ལོ་འབུམ་ཕྲག་ལྷག་འགྲོ་ཡི་ཡོད་ཅིང་། དེ་ལ་དུས་ཡུན་རིང་པོར་འདི་དངུལ་ལ་བེད་སྤྱོད་ཆོག་དང་འདི་བེད་སྤྱོད་མི་ཆོག་ཅེས་པའི་ཁྲིམས་ཀྱང་མེད་པས་ན། དེའི་རིང་དུ་དངོས་པོ་སྣ་ཚོགས་པ་ཞིག་དངུལ་གྱི་དོད་དུ་བེད་སྤྱོད་སྲོལ་བྱུང་། དཔེར་ན་རྒྱ་གར་དུ་གནའ་སྔ་མོ་མགྲོན་བུ་སོགས་དངུལ་གྱི་དོད་དུ་བེད་སྤྱོད་པ་དང་། དེང་སང་བཙོན་ཁང་དུ་བཙོན་པ་རྣམས་ཀྱིས་ཐ་མག་དངུལ་གྱི་དོད་དུ་བེད་སྤྱོད་སྲོལ་ཡོད་པ་ལྟ་བུ་རེད། དེར་བརྟེན་དཔལ་འབྱོར་རིག་བ་པ(Hyman Minsky)ཧའི་མེན་མིན་སི་ཀིས་གིས་དངུལ་གསར་པ་སུ་ཡིས་ཀྱང་བཟོ་ཆོག་ན་ཡང་དཀའ་ངལ་ནི་དེ་ཕ་རོལ་པོས་ངོས་ལེན་བྱེད་མིན་ལ་ཐུག་ཡོད་ཅེས་གསུངས་མྱོང་ཡོད་ཅིང་། ངོས་ལེན་བྱེད་མིན་ཀྱང་གཙོ་བོ་སྲིད་གཞུང་གིས་ཁྲལ་འཇལ་བྱེད་དུ་ངོས་ལེན་ཡོད་མེད་ལ་ཐུག་ཡོད་པ་རེད།

    དངུལ་ཐོག་མར་བྱུང་ཚུལ་ཐད་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་སྟེ། གནའ་བོའི་རྒི་རི་སི་གི་མཁས་པ(Aristotle )ཨ་རི་སི་ཊོ་ཊེལ་དང་དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན(Adam Smith)ཨེ་ཊམ་སི་མི་ཐ་སོགས་ཀྱིས་ཐོག་མར་མི་རྣམས་ཀྱིས་ཚོང་ལས་བྱེད་སྐབས་དངོས་ཟོག་ཕན་ཚུན་བརྗེ་རེས་བྱེད་པའི་ལུགས་སྲོལ་ཡོད་པ་ལ་དེ་ནི་ཧ་ཅང་སྟབས་མི་བདེ་བ་ཞིག་ཡིན་པས་ན་དེའི་དགོས་མཁོ་སྐོང་ཕྱིར་རིན་ཐང་ཅན་དང་། སྟབས་བདེ་མོས་དུམ་བུར་བགོ་རུང་བའི་དངོས་པོ་གསེར་དངུལ་ལྟ་བུ་སུ་ལ་ཡང་དགོས་མཁོ་ཡོད་པ་ཞིག་དངུལ་གྱི་དོད་དུ་བེད་སྤྱོད་བྱེད་སྲོལ་བྱུང་བར་གསུངས་ཤིང་དངུལ་དང་འབྲེལ་བའི་གནས་ཚུལ་འཁོད་པའི་དཔེ་དེབ་དང་གློག་བརྙན་མང་པོར་དེ་ལྟར་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་དེང་རབས་དཔལ་འབྱོར་རིག་པ་བ་གཙོ་བོར་གྱུར་པའི་ཉམས་ཞིབ་པ་རྣམས་ཀྱིས་དོན་དངོས་སུ་དེ་ལྟར་མ་ཡིན་པར་འདོད།

      དེ་ཡང་ཨ་རི་ནས་ཡིན་པའི་མི་རྒྱུད་དཔྱད་རིག་པ(David Graeber )ཌེ་ཝིཌ་རྒི་རེ་རྦེར་གིས་དེ་ལྟར་བྱུང་མྱོང་བའི་དཔངས་རྟགས་མེད་ཅིང་དེ་ལྟར་མ་བྱུང་བ་ཞིག་མིན་པའི་དཔང་རྟགས་ཧ་ཅང་མང་པོ་ཡོད་ཅེས་གསུངས་ཤིང་། དེ་ཡང་ཁོང་གིས་གནའ་བོའི་དུས་སུ་མི་རྣམས་ཀྱིས་ཕ་རོལ་པོའི་བློ་སེམས་འགུག་ཐུབ་པའི་དངོས་པོ་ཞིག་སྤྲད་ནས་མ་འོངས་པར་རང་ཉིད་ལ་དགོས་པའི་དངོས་པོ་དང་རོགས་རམ་སོགས་གང་དགོས་ཐོབ་ཐབས་བྱེད་པ་ལ་ཐབས་ལམ་དེ་ནི་དོན་དུ་ཚོང་ཡིན་ཞིང་། དངོས་པོ་དེ་ནི་དོན་དུ་དངུལ་ཡིན་པས་ན་མི་ཡི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་དངུལ་དང་པོ་ནི་དངོས་ཟོག་ཕན་ཚུན་དེ་མ་ཐག་ཏུ་བརྗེ་ལེན་བྱེད་པ་ཉིད་མ་ཡིན་པར་བུ་ལོན་ལྟ་བུར་གཡར་ལེན་བྱེད་པ་ཉིད་ཡིན་པར་གསུངས། འདི་ནི་གདོད་མའི་མི་རིགས་ཀྱི་ཚོང་ལས་ཀྱི་ཐབས་ལམ་ཙམ་མིན་པར་དེང་རབས་ཀྱི་དངུལ་ཁང་རྣམས་ཀྱི་དངུལ་གྱི་ལམ་ལུགས་ཀྱང་གཙོ་བོ་འདི་ཉིད་ཡིན་པ་ལ་དེའི་སྐོར་རིམ་པས་ལེ་ཚན་རྗེས་མའི་ནང་དུ་བཤད་ཀྱི་ཡིན།

    དེ་ལྟར་སྐུ་ཞབས(David Graeber )ཌེ་ཝིཌ་རྒི་རེ་རྦེར་གིས་གསུངས་ན་བུ་ལོན་སྤྲོད་ལེན་གྱི་དངུལ་བྱུང་རྗེས་གསེར་དངུལ་ལྟ་བུ་རིན་པོ་ཆེ་ཡི་རིགས་རྣམས་དངུལ་གྱི་དོད་དུ་བེད་སྤྱོད་སྲོལ་བྱུང་ཞིང་། དེ་ལྟར་བྱུང་བ་ཡང་གཙོ་བོ་དམག་མི་རྣམས་དང་འབྲེལ་བ་ཆེན་པོ་ཡོད། དེ་ཡང་དམག་མི་རྣམས་ཀྱིས་འཕྲོགས་བཅོམ་བྱེད་པ་མང་ཞིང་། དེ་དག་གིས་འཕྲོགས་བཅོམ་བྱ་རྒྱུའི་དངོས་པོ་གཙོ་བོ་ནི་གསེར་དངུལ་སོགས་རིན་པོ་ཆེ་ཡི་རིགས་ཡིན་པ་དང་། དམག་མི་རྣམས་ནི་ཡིད་རྟོན་རུང་བ་མ་ཡིན་པས་དེ་དག་ལ་གཞན་གྱིས་བུ་ལོན་གཡར་དཀའ་བ་དང་། དམག་མི་མང་པོ་ཞིག་ས་ཆ་གཅིག་ལ་སྡོད་མཁན་ཀྱང་མ་ཡིན་པས་དེ་དག་ལ་བརྟེན་ནས་གསེར་དངུལ་གྱི་རིགས་རྣམས་དངུལ་གྱི་ཚུལ་དུ་སྤྲོད་ལེན་བྱ་སྲོལ་བྱུང་། དེ་ནས་རིན་པོ་ཆེ་ཡི་རྒྱན་ཆ་བཟོ་མཁན་རྣམས་ཀྱིས་གསེར་ཊམ་དང་དངུལ་ཊམ་བཟོས་ཤིང་། རྒྱལ་པོ་རྣམས་ཀྱིས་རང་གི་དམག་མི་རྣམས་ལ་གསེར་དངུལ་གྱི་ཊམ་ཀ་རྣམས་བྱ་དགའི་ཚུལ་དུ་སྤྲད་པ་དང་། རྒྱལ་པོའི་སྲིད་གཞུང་གིས་མི་དམངས་ལ་ཁྲལ་འགེལ་བའི་སྐབས་སུ་ཡང་ཊམ་ཀ་དེའི་རིགས་འབུལ་དགོས་པའི་ཁྲིམས་གཏན་འབེབས་བྱས་པ་དེས་གསེར་དངུལ་གྱི་ཊམ་ཀ་རྣམས་དངུལ་གྱི་དོད་དུ་བྱུང་བ་ཞིག་ཡིན་པ་རེད། ད་ལྟའི་ཆར་དེང་རབས་དཔལ་འབྱོར་རིག་པ་བ་རྣམས་ཀྱིས་འདི་ནི་དངུལ་གྱི་བྱུང་རབས་ཚན་རིག་དང་མཐུན་པའི་བཤད་སྟངས་ཤིག་ཏུ་ངོས་འཛིན་གྱི་ཡོད།

     དེ་ལ་ལོ་རྒྱུས་ཐོག་དངུལ་གྱི་རིགས་འདྲ་མིན་མང་པོ་ཞིག་བྱུང་ན་ཡང་གཙོ་བོ་གསུམ་སྟེ། དང་པོ(commodity money )ཅ་དངོས་དངུལ། གཉིས་པ(Representatie money )མཚོན་བྱེད་དངུལ། གསུམ་པ(Fiat money )བཀའ་ཁྱབ་དངུལ་བཅས་སོ། ཅ་དངོས་དངུལ་ཞེས་པ་ནི་གསེར་དང་དངུལ་ལྟ་བུ་དངུལ་དེ་ཡི་རྒྱུ་ཆ་རང་ལ་རིན་ཐང་ཡོད་པའི་དངུལ་གྱི་རིགས་ལ་གོ་ཞིང་། མཚོན་བྱེད་དངུལ་ཞེས་པ་ནི་གསེར་དངུལ་གྱི་རྒྱབ་རྟེན་ཡོད་པའི་དངུལ་ལྟ་བུ་སྟེ་དངུལ་དེ་རང་གི་རྒྱུ་ཆ་ལ་ཤོག་བུའི་རིན་ཐང་ཙམ་ལས་མེད་ཀྱང་དེ་ཉིད་གསེར་དངུལ་ལྟ་བུ་རིན་ཐང་ཅན་གྱི་དངོས་པོ་མཚོན་བྱེད་ཡིན་པ་ལ་གོ། དེ་ལས་གཞན་བཀའ་ཁྱབ་དངུལ་ནི་ད་ལྟ་ང་ཚོས་བེད་སྤྱོད་བཞིན་པའི་དངུལ་འདི་དག་སྟེ་འདི་དག་དངུལ་ཡིན་པའི་རྒྱུ་མཚན་ནི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་རྒྱུ་མཚན་ཙམ་གྱིས་ཡིན་པས་རེད། དེ་བཞིན་དབྱིན་སྐད་ཀྱི་ནང་དུ་money ཞེས་ཟེར་བ་ནི་དངོས་པོ་དང་ཞབས་ཞུ་ཐོབ་བྱེད་ཀྱི་དངོས་པོ་སྤྱི་ལ་གོ་བས་བོད་སྐད་དུ་དངུལ་དང་། currency ཞེས་པ་ནི་རྒྱལ་ཁབ་གཅིག་གི་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཡོངས་གྲགས་ཀྱི་དངུལ་ལ་གོ་བས་དེ་ནི་དངུལ་སྒོར་དང་། Notes ཞེས་པ་ནི་ཤོག་བུའི་དངུལ་ལ་གོ་བས་དེ་ལ་སྒོར་མོའམ་དངུལ་ལོ་ལྟ་བུའི་ཚིག་རྣམས་བེད་སྤྱད་ན་འགྲིག་པར་མཐོང་།

་   འདས་པའི་དུས་སུ་ཡུལ་གྲུ་ཕལ་མོ་ཆེར་དར་ཁྱབ་ཆེ་ཤོས་ནི་ཅ་དངོས་དངུལ་ཏེ་གསེར་ཊམ་དང་དངུལ་ཊམ་གྱི་རིགས་ཡིན་པ་ལ་ དེ་དག་ལ་ཁྱད་ཆོས་གཙོ་བོ་གསུམ་ཡོད། དེ་ཡང་༡ Intrinsic Value ཞེས་པ་དངོས་པོ་རང་ཉིད་ལ་རིན་གོང་ཡོད་པ། ༢ Portability ཁྱེར་སྟབས་སོགས་བདེ་བ། ༣ Divisibility ཆ་ཤས་སུ་བགོ་རུང་བ་བཅས་སོ། གསེར་དངུལ་གཉིས་པོར་ཁྱད་ཆོས་དེ་གསུམ་ག་འཛོམས་ཡོད་པས་དངུལ་གྱི་ནང་ནས་དར་ཁྱབ་ཆེ་ཤོས་སུ་གྱུར་ཡོད། ད་ལྟའི་ཆར་བོད་སྐད་དུ་དངུལ་ཞེས་བརྗོད་པ་ཡང་དོན་དུ་ཐ་སྙད་འདི་གསེར་དངུལ་གཉིས་ལས་དངུལ་ཊམ་དངུལ་གྱི་དོད་དུ་བེད་སྤྱོད་ཆེ་བ་བྱུང་བའི་སྐབས་ནས་བྱུང་བ་ཞིག་ཡིན་པ་ནི་བོད་ཙམ་མ་ཡིན་པར་འཛམ་གླིང་གི་ཡུལ་གྲུ་གཞན་མི་ཉུང་བ་ཞིག་ལ་ཡང་དངུལ་སྒོར་གྱི་དངུལ་ལ་གསེར་དངུལ་གྱི་དངུལ་གྱི་ཐ་སྙད་བེད་སྤྱོད་བྱེད་བཞིན་ཡོད་པའི་ལུགས་སྲོལ་ལས་མཐོང་ཐུབ།


རྗེའུ་ཤི་མི་རིགས་ཀྱིས་བཟོས་པའི་ཊམ་ཀ

     གསེར་དངུལ་གྱིས་བཟོས་པའི་དངུལ་བེད་སྤྱོད་བྱུང་ནས་ཡུན་རིང་ཙམ་ལོན་རྗེས་ཤོག་བུའི་དངུལ་སྒོར་ཐོན་ཅིང་དེ་ནི་ཐོག་མའི་ཆར་དངུལ་ལ་རིགས་གཙོ་བོ་གསུམ་ཡོད་པ་ལས་མཚོན་བྱེད་དངུལ་ཡིན་པ་རེད། དེ་ཡང་དུས་རབས་བཅུ་བདུན་པའི་ཡས་མས་ཀྱི་ནང་དུ་ཡུ་རོབ་ཀྱི་མགར་བ་རྣམས་ལ་མི་ཚོས་གསེར་དང་དངུལ་སོགས་བརྡུང་དུ་བཅུག་པ་སོགས་ཀྱི་ཆེད་དུ་བཅོལ་བ་ན་ཁོ་ཚོས་དེ་ལ་གནས་སྐབས་ངོས་ལེན་དང་ཕུགས་ལ་ཕྱིར་རྩིས་སྤྲོད་བྱེད་པའི་ཁས་ལེན་གྱིས་འབྱོར་འཛིན་ཞིག་སྤྲོད་སྲོལ་ཡོད་པ་དེ་ལ(Promissory Notes)ཁས་ལེན་གྱི་ཤོག་བུ་ཞེས་ཟེར། འབྱོར་འཛིན་དེ་ནི་གསེར་དངུལ་སོགས་ཕན་ཚུན་སྤྲོད་ལེན་བྱེད་པ་ལས་ཀྱང་སྟབས་བདེ་བར་མཐོང་ནས་ཚོང་པ་གཙོ་བོར་གྱུར་པའི་གསེར་དངུལ་གྱི་བདག་པོ་རྣམས་ཀྱིས་དངུལ་ནམ་དགོས་ཀྱི་སྐབས་སུ་མགར་བའི་སར་ཕྱིན་ནས་གསེར་དངུལ་བརྗེ་ལེན་བྱེད་པ་ལས་ཀྱང་འབྱོར་འཛིན་དེ་ཕན་ཚུན་སྤྲོད་ལེན་བྱེད་པའི་སྒོ་ནས་ཚོང་རྒྱག་སྲོལ་བྱུང་།

   གསེར་དངུལ་གྱི་མགར་བ་རྣམས་ཀྱིས་ཁོ་ཚོར་གསེར་དངུལ་བཅོལ་མཁན་ཚང་མ་དུས་གཅིག་ཏུ་ལེན་ཁར་མི་ཡོང་བ་ཤེས་ཀྱི་ཡོད་པ་དེས་གོ་སྐབས་དེའི་བརྒྱུད་ནས་ཁོ་ཚོས་སྐྱེད་འབབ་བཞག་ནས་གསེར་དངུལ་རྣམས་གཞན་ལ་གཡར་སྲོལ་བྱུང་ཞིང་། ད་དུང་ཁོ་ཚོས་རང་ཉིད་ཀྱིས་སྤྲད་པའི་འབྱོར་འཛིན་དེ་ཉིད་བེད་སྤྱོད་དང་འགྲོ་རྒྱུགས་ཆེ་བར་མཐོང་བས་གསེར་དངུལ་གཡར་བའི་ཚབ་ལ་ཐད་ཀར་འབྱོར་འཛིན་གྱི་ཤོག་བུ་སྤྲོད་རྐྱང་བྱས། དེ་ལ(Bill of Exchange)སྤྲོད་འཛིན་འགན་ཡིག་ཅེས་ཟེར། ད་ལྟ་ང་ཚོས་བེད་སྤྱོད་པའི་དངུལ་སྒོར་རྣམས་ཀྱི་ཐོག་ཏུ་སྲིད་གཞུང་གི་དངུལ་གཉེར་དྲུང་ཆེའམ་ཡང་ན་དབུས་དངུལ་ཁང་གི་གཞུང་འཛིན་པས<འདི་འཆང་མཁན་ལ་དངུལ་སྒོར་འདི་ཙམ་སྤྲོད་པའི་ཁས་ལེན་ཡོད>ཅེས་ཟེར་ནས་བྲིས་ཡོད་པ་ཡང་དོན་དུ་སྐབས་དེ་དུས་མགར་བ་དང་ཚོང་པ་རྣམས་ཀྱི་ལུགས་སྲོལ་ལས་བྱུང་བ་ཡིན་ཞིང་། དེ་ཡང་ང་ཚོས་འཆང་བཞིན་པའི་དངུལ་འདི་དག་དོན་དམ་དུ་དངུལ་དངོས་མིན་པར་དངུལ་དངོས་འཐོབ་བྱེད་ཀྱི་འཛིན་ཤོག་ལྟ་བུ་ཡིན་ན་ཡང་ལག་ལེན་གྱི་ཆ་ནས་དངུལ་དངོས་དང་ཁྱད་པར་མེད་པས་ལོ་རྒྱུས་ཀྱི་འཕེལ་རིམ་མང་པོ་བརྒྱུད་མཐར་དངུལ་དངོས་ལྟ་བུར་གྱུར་ཡོད།

    དེ་ལྟར་གསེར་དངུལ་གྱི་མགར་བ་རྣམས་ཀྱིས་རང་ཉིད་ལ་གསེར་དངུལ་ཡོད་པ་ལས་ལྷག་པའི་འབྱོར་འཛིན་སྤྲོད་པའི་སྒོ་ནས་ཚོང་པ་གཙོ་བོར་གྱུར་པ་རྣམས་ལ་དངུལ་གཡར་གྱི་ཡོད་པ་དེས་ Karl Marx མར་ཁེ་སིས་གསུངས་པ་ལྟར་མགར་བ་དང་ཚོང་པ་རྣམས་ཀྱིས་ཐབས་ལམ་དེ་བེད་སྤྱད་ནས་དངུལ་སྒོར་གསར་བཟོ་ཚད་མེད་པ་བྱས། ཁྲིམས་གཞིར་བཞག་བྱས་ན་དེ་ནི་རྫུན་བཟོ་ཡིན་ཀྱང་འབྱོར་འཛིན་དེའི་རིགས་ཡོད་པའི་མི་ཐམས་ཅད་མགར་བའི་དངུལ་ཁང་དུ་ལྷན་ཅིག་ཏུ་འགྲོ་མི་སྲིད་ཅིང་། སུ་ཞིག་ཕྱིན་པ་དེས་ཁས་བླངས་པ་ལྟར་གསེར་དང་དངུལ་སོགས་གང་ཡིན་འཐོབ་ཀྱི་ཡོད་པ་དེས་འབྱོར་འཛིན་སྤྲོད་པའི་ལུགས་སྲོལ་དེ་རྒྱུན་མར་གནས་ཡོད། དེ་ལ་བརྟེན་ནས་མགར་བ་རྣམས་ཀྱིས་མགར་བའི་དངུལ་ཁང་དུ་དུས་ཚོད་ངེས་ཅན་གྱི་རིང་དུ་དངུལ་བཅོལ་མཁན་རྣམས་ལ་ཁེ་སྐྱེད་ཐོལ་པ་སྤྲོད་པའི་ལུགས་སྲོལ་བཙུགས་ནས་མི་དམངས་ཀྱི་ས་ནས་གསེར་དངུལ་གང་ཐུབ་བསྡུ་རུབ་བྱས་པས་ད་ལྟའི་དུས་སུ་ཡང་ང་ཚོས་དངུལ་ཁང་དུ་དུས་ཡུན་རིང་ཙམ་དུ་དངུལ་བཅོལ་ན་ཁེ་བསྐྱེད་ཆེ་ཙམ་ཡོད་པ་ཡང་ལུགས་སྲོལ་དེ་ལས་བྱུང་བ་ཞིག་གོ། དེ་ལྟར་སྐབས་དེའི་དངུལ་ཁང་ཕལ་མོ་ཆེའི་བདག་པོ་ནི་དོན་དུ་མགར་བ་འབྱོར་ལྡན་རྣམས་ཡིན་པ་དང་ང་ཚོའི་དངུལ་སྒོར་རྣམས་ཀྱང་དེ་དག་གིས་བཞག་པའི་ལོ་རྒྱུས་ཀྱི་ཐོན་འབྲས་ཤིག་གོ།

   དུས་སྐབས་དེར་དབྱིན་ལན་ཌི་ལ་རྒྱལ་པོ་དང་གྲོས་ཚོགས་གཉིས་པོ་འགལ་ཟླ་ཆགས་ནས་ནང་འཁྲུགས་མང་ཞིང་། དབྱིན་ལན་ཌི་རྒྱལ་པོ་Charles I ཅར་ལེ་སི་དང་པོ་དང་ Charles II ཅར་ལེ་སི་གཉིས་པ་གཉིས་པོ་ནི་དངུལ་ཕོན་ཆེན་འཕྲོ་བརླགས་གཏོང་དགོས་མཁན་ཡིན་པ་ལ་དེ་སྔོན་ཚོང་པ་དང་མི་དམངས་མི་ཉུང་བ་ཞིག་གིས་གཞུང་གི་གྲོས་ཚོགས་ཀྱི་གསེར་དངུལ་ཉར་སར་ལ་གསེར་དངུལ་རྣམས་བཅོལ་སྲོལ་ཡོད་ཀྱང་། ཅར་ལེ་སི་སྔོན་རྗེས་གཉིས་ཀྱིས་གསེར་དངུལ་དེ་དག་འཕྲོགས་བཅོམ་བྱས་པ་དེས་སྲིད་གཞུང་གི་དངུལ་ཉར་ས་ལ་མི་དམངས་ཀྱིས་ཡིད་རྟོན་མེད་པར་གྱུར་ཏེ་མགར་བ་རྣམས་ཀྱི་རླུང་རྟ་སྔར་ལས་འཕར་བར་གྱུར་ཅིང་། དེ་སྔོན་དབྱིན་ལན་ཌིའི་རྒྱལ་པོས་མི་དམངས་ཀྱི་ས་ནས་དངུལ་གཡར་སྲོལ་ཡོད་ཀྱང་ད་ཆ་མི་དམངས་ཀྱིས་རྒྱལ་པོའི་བྱེད་སྟངས་ལ་ཡིད་ཆེས་མེད་པ་དེས་རྒྱལ་པོས་མི་དམངས་ཀྱི་ས་ནས་དངུལ་མུ་མཐུད་གཡར་ཐབས་བྲལ།


དབྱིན་ལན་ཌི་གི་དབུས་དངུལ་ཁང་།

   དེ་རྗེས་གྲོས་ཚོགས་ཀྱིས་རྒྱལ་མོ(Mary)མེ་རི་དང་དེའི་ཁྱོ་ག(William of Orange)ཨོ་རན་རྗི་གཉིས་རྒྱལ་ཁྲིར་མངའ་གསོལ་ནས་རིང་པོ་མ་ལོན་པར་དབྱིན་ལན་ཌི་དང་ཧྥ་རན་སི་གཉིས་དམག་འཁྲུགས་ཤོར་ནས་མཚོ་དམག་གི་གྲུ་གཟིངས་བཟོ་བར་སྲིད་གཞུང་ལ་སྒོར་མོ་ས་ཡ་གཅིག་ལྷག་ཙམ་དགོས་ཀྱི་ཡོད་ཀྱང་སྲིད་གཞུང་རང་ལ་ལྡང་ངེས་མེད་པ་དེས་སྲིད་གཞུང་གིས་ཚོང་པ་དང་མགར་བ། གཞན་ཡང་མི་དམངས་ཀྱི་ས་ནས་དངུལ་གཡར་བའི་དོན་དུ་ཚོང་པ་རྣམས་ལ་ཡང་ཁེ་བཟང་ཡོད་ཅིང་། སྲིད་གཞུང་ལ་ཡང་ཕན་ཐོགས་པའི་ཚོགས་པ་ཞིག་སྤྱི་ལོ་༡༦༩༤ ལོར་བཙུགས་པ་ལ་དེ་ནི(Bank of England)དབྱིན་ལན་ཌི་གི་དངུལ་ཁང་ཞེས་ཡོངས་སུ་གྲགས་པ་དེའོ།།

    (Bank of England)དབྱིན་ལན་ཌི་གི་དངུལ་ཁང་ཞེས་པ་དེ་གསར་འཛུགས་བྱས་པ་ལ་བརྟེན་ནས་ཉིན་བཅུ་གཉིས་ཀྱི་ནང་དུ་སྒོར་མོ་ས་ཡ་གཅིག་ལྷག་པོ་དེ་མཁོ་སྒྲུབ་ཐུབ་པ་བྱུང་ཞིང་། དེ་ལ་བརྟེན་ནས་དབྱིན་ལན་ཌི་ཧྥ་རན་སི་དང་དམག་འཁྲུག་ལས་རྒྱལ་བ་ཙམ་དུ་མ་ཟད་རིམ་པས་དབྱིན་ལན་ཌི་ནི་ཡུ་རོབ་ཀྱི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པར་གྲགས། མདོར་ན་རྒྱལ་པོ་ཅར་ལེ་སི་སྔོན་རྗེས་གཉིས་ཀྱིས་ཐལ་དྲགས་པའི་བྱ་སྤྱོད་དེ་དག་ལ་བརྟེན་ནས་དེང་རབས་ཀྱི་དངུལ་ཁང་དབུ་བརྙེས་པ་ཞིག་ཡིན་པ་རེད། དེ་ནས་བཟུང་སྲིད་གཞུང་གིས(Bank of England)དབྱིན་ལན་ཌི་གི་དངུལ་ཁང་ལ་མི་དམངས་ཀྱི་ས་ནས་སྲིད་གཞུང་གིས་དངུལ་གཡར་སྐབས་ཀྱང་དངུལ་ཁང་འདིའི་བརྒྱུད་ནས་འགྲོ་དགོས་པའི་ལམ་ལུགས་གཏན་འབེབས་བྱས་ཤིང་། དངུལ་གསོག་ཉར་བྱེད་པ་དང་། དངུལ་སྒོར་གསར་པ་བཟོ་སྐྲུན་བྱེད་པ་སོགས་ཀྱི་ཐོབ་དབང་ཡོངས་རྫོགས་སྤྲད།

     སྐབས་དེ་དུས་དངུལ་ཁང་གཞན་རྣམས་ཀྱིས་ཀྱང་རང་རང་གི་དངུལ་སྒོར་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་མཐར་སྤྱི་ལོ་༡༨༤༤ ལོར་དབྱིན་ལན་ཌི་སྲིད་གཞུང་གིས(Bank of England)དབྱིན་ལན་ཌི་དངུལ་ཁང་ལས་དངུལ་ཁང་གཞན་དག་གིས་དངུལ་ལོའམ་འབྱོར་འཛིན་ལྟ་བུ་དེ་བཟོ་མི་ཆོག་པའི་ཁྲིམས་ཐག་བཅད། དེ་ལྟར་ན་ཡང་དངུལ་ཁང་གཞན་རྣམས་ཀྱིས་དངུལ་མུ་མཐུད་གཡར་ཆོག་པས་དེ་དག་གིས་དངུལ་ལོ་མི་བཟོ་ཡང(cheque )དངུལ་འཛིན་མུ་མཐུད་ད་ལྟའི་བར་སྤྲོད་སྲོལ་ཡོད། དེ་ལྟར་སྤྱི་ལོ་༡༦༩༤ ནས་སྤྱི་ལོ་༡༩༤༦ ལོ་ཡི་བར་དུ་དབྱིན་ལན་ཌི་གི་དངུལ་ཁང་ཞེས་པ་དེ་འབྱོར་ལྡན་གྱི་ཚོང་པ་གཙོ་བོར་གྱུར་པའི་སྒེར་གྱི་ཚོགས་པ་ལ་དབང་བ་ཞིག་ཡིན་ན་ཡང་སྤྱི་ལོ་༡༩༤༦ ལོར་དབྱིན་ལན་ཌི་སྲིད་གཞུང་གིས་དངུལ་ཁང་གི་ཚོགས་མི་སོ་སོར་རང་རང་ལ་འོས་འབབ་ཡོད་པའི་ཐོབ་སྐལ་སྤྲད་ནས་དངུལ་ཁང་གཞུང་བཞེས་བཏང་། དེ་ལྟར་ན་ཡང་དངུལ་ཁང་གི་དཔལ་འབྱོར་སྲིད་ཇུས་སོགས་ལ་སྲིད་གཞུང་གིས་ཐེ་ཇུས་མི་བྱེད་པར་ཚད་ངེས་ཅན་གྱི་རང་དབང་ཡོད་ཅིང་རྒྱལ་ཁབ་ཕལ་མོ་ཆེའི་དབུས་དངུལ་ཁང་ཡང་འདི་ལ་དཔེ་བླངས་པ་ཡིན་པས་ན་དེ་དག་གི་འགྲོ་སྟངས་ཀྱང་འདི་དང་འདྲ།

     སྐབས་དེ་ནས་བཟུང་ལུང་པ་སོ་སོར་དངུལ་དང་འབྲེལ་བའི་གནད་དོན་དོ་དམ་བྱེད་མཁན་གྱི་དབུས་དངུལ་ཁང་རེ་རེ་ཡོད་པ་ལ། དབྱིན་ལན་ཌི་གི་དབུས་དངུལ་ཁང་ནི་བཤད་མ་ཐག་པ་ Bank of Englandདབྱིན་ལན་ཌི་གི་དངུལ་ཁང་ཞེས་པ་དེ་ཡིན་པ་དང་། ཨ་རིའི་དབུས་དངུལ་ཁང་ནི་Federal Reserve Bank ཞེས་པ་དེ་ཡིན་པ་དང་། རྒྱ་གར་གྱི་དབུས་དངུལ་ཁང་ནི་ Reserve Bank of India  ཞེས་པ་དེ་ཡིན་པ་རེད། དཔལ་འབྱོར་རིག་པའི་འགྲོ་སྟངས་གསལ་པོ་མི་ཤེས་མཁན་དང་དེའི་སྐོར་འགྲེལ་བརྗོད་ཕྱིན་ཅི་ལོག་པ་རྒྱག་མཁན་མང་པོ་ཞིག་གིས་དངུལ་ཡོངས་རྫོགས་དབུས་དངུལ་ཁང་གིས་བཟོ་བར་བཤད་ན་ཡང་། དོན་དུ་དབུས་དངུལ་ཁང་གི་ལས་ཀ་གཙོ་བོ་ནི་དངུལ་གྱི་མཁོ་སྤྲོད་དང་འཁོར་སྐྱོད་སོགས་ཀྱི་ཐོག་སྟངས་འཛིན་བྱེད་པ་ཙམ་ཡིན་པ་ལས་དབུས་དངུལ་ཁང་ནི་དངུལ་གསར་བཟོ་བྱེད་མཁན་གཙོ་བོ་ཡང་མིན་ཅིང་། དངུལ་སྒོར་པར་སྐྲུན་བྱེད་མཁན་དབུས་དངུལ་ཁང་ཡིན་མིན་ཡང་རྒྱལ་ཁབ་སོ་སོར་འགྲོ་སྟངས་མི་འདྲ་བ་ཅི་རིགས་པ་ཡོད།

     དཔེར་ན་དབྱིན་ལན་ཌི་ལ་མཚོན་ན་དབྱིན་ལན་ཌི་གི་དངུལ་པར་སྐྲུན་གྱི་འགན་ཁུར་དེ་གཙོ་བོ་དབྱིན་ལན་ཌི་གི་དབུས་དངུལ་ཁང་ཡོད་ཀྱང་དེ་པར་སྐྲུན་བྱེད་པར་དུས་ཚོད་ངེས་ཅན་གྱི་གོང་དུ་སྲིད་གཞུང་གི་ཆོག་མཆན་དགོས་ཤིང་། ཆོག་མཆན་ཐོབ་རྗེས་དངུལ་སྒོར་པར་སྐྲུན་བྱེད་མཁན་གྱི་བཟོ་གྲྭ་ནི(De La Rue)ཌེ་ལ་རུ་ཟེར་བ་དེ་ཡིན་པ་རེད། བཟོ་གྲྭ་འདིས་འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ཙམ་ལ་དངུལ་བཟོ་བྱེད་ཀྱི་ཤོག་བུ་དང་འཕྲུལ་ཆས། གཞན་ཡང་ཕྱི་བསྐྱོད་ལག་ཁྱེར་གྱི་དེབ་ཆུང་བཅས་འཚོང་གི་ཡོད་པར་བཤད། ཨ་རིའི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལྟ་བུར་མཚོན་ན་དངུལ་པར་སྐྲུན་བྱེད་མཁན་དང་ཊམ་ཀ་བརྡར་ནས་བཟོ་མཁན་ནི་སྲིད་གཞུང་གི་Treasury Department དངུལ་གཉེར་སྡེ་ཚན་ཡིན་པ་ལ་དབུས་དངུལ་ཁང་ནི་དེ་དག་ཚོང་རའི་ནང་དུ་མཁོ་སྤྲོད་བྱེད་མཁན་ཙམ་ཡིན་པ་རེད། དེ་ཡང་ཨ་རིའི་དངུལ་གཉེར་སྡེ་ཚན་གྱིས་དངུལ་ལོ་དང་ཊམ་ཀ་རྣམས་བཟོས་རྗེས་དབུས་དངུལ་ཁང་ལ་སྤྲོད་སྐབས་དངུལ་ལོ་རྣམས་བཟོ་སྐྲུན་བྱས་པའི་འགྲོ་གྲོན་དང་ཊམ་ཀ་རྣམས་ཊམ་ཀ་སོ་སོའི་ངོ་ཐོག་གི་རིན་པ་ཞེས་པ་ཌོ་ལར་གཅིག་ཡིན་ན་ཌོ་ལར་གཅིག་གི་རིན་པ་བླངས་ནས་འཚོང་གི་ཡོད་པ་དང་དེ་ནས་དབུས་དངུལ་ཁང་གིས་དེ་ཉིད་འབྲེལ་ཡོད་གཞན་ལ་རྒྱུད་སྤྲོད་བྱེད་པའི་སྒོ་ནས་ཁྱབ་སྤེལ་གཏོང་གི་ཡོད་པ་རེད།


རྒྱ་གར་གྱི་དངུལ།

   རྒྱ་གར་ལ་དེ་དང་མི་འདྲ་བར་གོར་མོ་གཅིག་དང་ཊམ་ཀ་རྣམས་རྒྱ་གར་གཞུང་གིས་པར་སྐྲུན་བྱེད་ཀྱི་ཡོད་པས་གོར་མོ་གཅིག་ལོ་དང་ཊམ་ཀ་རྣམས་ཕར་ཕུད་དེ་མིན་གོར་མོ་གཉིས་ལོ་དང་ལྔ་ལོ། བཅུ་ལོ་དང་བརྒྱ་ལོ། ལྔ་བརྒྱ་ལོ་དང་སྟོང་ལོ་ལ་སོགས་པ་ཐམས་ཅད་དབུས་དངུལ་ཁང་གིས་པར་སྐྲུན་བྱེད་སྲོལ་ཡོད། རྒྱ་གར་གྱི་སྒོར་མོ་ཕལ་མོ་ཆེར་༼ངས་འཛིན་མཁན་འདི་ལ་སྒོར་མོ་འདི་ཙམ་སྤྲོད་པའི་ཁས་ལེན་ཡོད་༽ཟེར་བ་ཡོད་ཀྱང་རྒྱ་གར་གྱི་སྒོར་མོ་གཅིག་ལོ་དང་ཊམ་ཀ་རྣམས་ཀྱི་ངོས་སུ་དེ་འདྲ་མེད་པ་ནི་གཅིག་ལོ་དང་ཊམ་ཀ་དེ་དག་རྒྱ་གར་སྲིད་གཞུང་རང་གིས་བཟོས་པས་དངུལ་དངོས་ལས་འཛིན་ཤོག་མིན་ཅིང་། དངུལ་སྒོར་གཞན་རྣམས་འཆང་མཁན་ལ་འཛིན་ཤོག་གམ་མཚོན་བྱེད་ཀྱི་དངུལ་ཙམ་ཡོད་པ་དེས་དངུལ་སྒོར་དེ་དག་ལ་༼ངས་འདི་འཛིན་མཁན་ལ་སྒོར་འདི་ཙམ་སྤྲོད་པའི་ཁས་ལེན་ཡོད་༽ཟེར་བ་དེ་ཡོད། དེས་ན་གལ་སྲིད་སྒོར་མོ་བཅུ་དང་ཉི་ཤུ་སོགས་འཆང་མཁན་ལ་དཀའ་ངལ་འཕྲད་ནས་དབུས་དངུལ་ཁང་ངམ་སྲིད་གཞུང་ལ་ཕྱིན་ན་སྲིད་གཞུང་གིས་དེ་ལ་དངུལ་དངོས་ཏེ་སྒོར་མོ་གཅིག་ལོ་དེའི་གྲངས་དང་མཉམ་པའམ། ཡང་ན་རིན་གོང་དེ་དང་མཉམ་པའི་ཅ་དངོས་གསེར་དངུལ་སོགས་གང་རུང་སྤྲོད་པའི་ཁས་ལེན་ཡོད་ཀྱང་དོན་དུ་མི་རྣམས་ལ་དེ་འདྲ་དགོས་མཁོ་མེད་པ་ནི་བཤད་མ་དགོས།

    འོ་ན་དབུས་དངུལ་ཁང་གིས་དངུལ་ཅི་ཙམ་པར་སྐྲུན་བྱེད་ཀྱི་ཡོད་དམ་སྙམ་ན། རྒྱ་གར་ལྟ་བུར་མཚོན་ན་རྒྱ་གར་གྱི་དབུས་དངུལ་ཁང་Reserve Bank of India ལ་ཉུང་མཐར་ཡང་སྒོར་མོ་ས་ཡ་ཉིས་བརྒྱའི་རིན་ཐང་ཅན་གྱི་རྒྱུ་ནོར་དགོས་པ་ལས། ས་ཡ་༡༡༥ རིན་ཐང་ཅན་གྱི་གསེར་དགོས་ཤིང་། དེ་དང་མཉམ་དུ་ཨ་རི་ལྟ་བུ་རྒྱལ་ཁབ་ཚད་ལྡན་གཞན་གྱི་དངུལ་སྒོར་ས་ཡ་༨༥ རིན་ཐང་ལོན་པ་དགོས། དེ་ཡོད་པའི་ཐོག་ལ་དབུས་དངུལ་ཁང་གིས་སྤྱི་ཚོགས་ལ་དངུལ་སྒོར་ཅི་ཙམ་དགོས་མཁོ་ཡོད་མེད་དང་བསྟུན་ནས་དངུལ་པར་སྐྲུན་བྱེད་ཀྱི་ཡོད་ཅིང་། དངུལ་པར་སྐྲུན་བྱེད་མཁན་དབུས་དངུལ་ཁང་ཡིན་ན་ཡང་དེ་བྱེད་པར་ཐོག་མར་དབུས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་དང་། དངུལ་དེ་དག་ཁྲོམ་རའི་ནང་དུ་འགྲོ་བ་ནི་དབུས་དངུལ་ཁང་ནས་ཐད་ཀར་འགྲོ་བ་མ་ཡིན་པར་གཙོ་བོ་སྒེར་པའམ་ཚོང་ལས་དངུལ་ཁང་རྣམས་ཀྱི་བརྒྱུད་ནས་འགྲོ་བ་ཞིག་རེད།

       འོན་ཀྱང་དངུལ་ལོ་གསར་པ་པར་སྐྲུན་བྱེད་པ་ནི་དངུལ་མེད་པ་ལ་སྤྲོད་པའི་ཆེད་དུ་མ་ཡིན་པར་<གཙོ་བོ>མི་དམངས་ཀྱི་ལག་ཏུ་ཡོད་པའི་དངུལ་རྙིང་མང་པོ་ཞིག་རྙིང་པ་དང་རལ་བ་སོགས་ཀྱིས་འཕྲོ་བརླགས་དང་ཆུད་ཟོས་འགྲོ་ཡི་ཡོད་པ་དེ་ཚོ་བརྗེ་བསྒྱུར་བྱེད་ཐབས་ཡིན་པ་རེད། དཔེར་ན་༢༠༡༨ ལོར་ཨ་རིའི་སྲིད་གཞུང་གིས་ཨ་སྒོར་གསར་པ་ཐེར་འབུམ་༧་༤ བཞི་སྟེ་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་༢༣༣་༤ བཞི་ཙམ་པར་སྐྲུན་བྱས་པ་ལ་དེའི་ནང་ནས་བརྒྱ་ཆ་༧༥ ཙམ་ནི་དངུལ་རྙིང་པ་རྣམས་བརྗེ་བྱེད་ཡིན་པར་བཤད་པ་ལྟ་བུ་རེད། དངུལ་སྒོར་ཅི་ཙམ་པར་བ་དེ་ཙམ་གྱིས་ཅ་དངོས་དང་ཞབས་ཞུའི་རིན་གོང་ཡང་ཇེ་ཆེར་འགྲོ་བ་དེས་དོན་དུ་དངུལ་སྒོར་པར་བས་དངུལ་གསར་བཟོ་དང་རྒྱ་བསྐྱེད་བཏང་བ་མིན་པར་སྔར་ཡོད་ཀྱི་དངུལ་གྱི་ནུས་པ་བགོ་བཤའ་བྱས་པ་ཙམ་ཡིན་པར་མཁས་པ་འགའ་ཤས་ཀྱིས་གསུངས་པ་ཡང་ཧ་ཅང་གནས་ལུགས་ཆེ་བ་ཞིག་སྟེ། རྒྱུ་མཚན་དེས་རྒྱལ་ཁབ་ཕལ་མོ་ཆེས་དངུལ་གསར་པ་པར་ཐབས་ལས་ཀྱང་མི་པར་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། གོང་དུ་ཁོ་བོས་གཙོ་བོ་ཟེར་བའི་ཚིག་བེད་སྤྱད་པའི་རྒྱུ་མཚན་གསལ་པོ་དགོངས་འདོད་ན་ལེ་ཚན་རྗེས་མའི་སྐབས་སུ་མཇལ་ཡོང་།

                                          མུ་འགོད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།