མུ་སི་ལིམ་ཆོས་ལུགས་ཀྱི་ལོ་རྒྱུས། (ཕྱི་དུམ)

1485


                 རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

UOUU8029.jpg

     དོན་ཚན་བཞི་པ། མུ་སི་ལིམ་གྱི་ལེགས་སྐྱེས།

   འཛམ་གླིང་ལོ་རྒྱུས་སྨྲ་བ་གྲགས་ཅན་H.G.Wellsགིས། ཨ་རབ་ཀྱི་རྣམ་དཔྱོད་ཀྱིས་འཛམ་བུའི་གླིང་ལ་ཁྱབ་པ་ནི་གནའ་བོའི་རྒི་རི་སི་ལས་ཀྱང་མྱུར་བ་དང་ངོ་མཚར་ཆེ་བ་བྱུང་ཡོད་ཅེས་གསུངས་པ་ལྟར། ཨ་རབ་ཀྱི་མི་ཕལ་མོ་ཆེ་ཐོག་མར་ཡིག་རྨོངས་ཡིན་ན་ཡང་། རིམ་པས་མུ་སི་ལིམ་གྱི་ཆོས་ལུགས་ལ་བརྟེན་ནས་རྨོངས་གཉིད་ལས་སད་དེ་ཤེས་རིག་ལ་སྤྲོ་བ་ལྷག་པར་འཕེལ་བར་གྱུར། དེ་ཚོ་མང་པོ་ཞིག་གིས་ཐ་ན་དམག་འཐབ་སྐབས་བཟུང་བའི་བཙོན་པ་ཚོའི་ས་ནས་ཀྱང་འབྲི་ཀློག་སྦྱངས་ཡོད། དེ་ལ་བརྟེན་ནས་སྔར་ཀུ་རན་འདོན་ཀློག་ཤེས་པ་ཙམ་གྱིས་འགྲིགས་པར་སྙམ་པའི་འདུ་ཤེས་ཡོད་པ་དེ་དོར་ནས། འཛམ་གླིང་གི་རིག་གནས་ཡོད་ཚད་ལ་བསླབ་སྦྱངས་བྱས། དེ་ནི་ཀུ་རན་གྱི་དགོངས་པ་དང་ཡང་མཐུན་པ་སྟེ་ཀུ་རན་གྱི་ནང་དུ་མ་ཤེས་བཞིན་དུ་འཇུག་པར་མི་བྱའོ་ཞེས་གསུངས་ཤིང་། བརྟགས་ཤིང་དཔྱོད་པ་གལ་ཆེ་ཚུལ་ཡང་མང་དུ་གསུངས་ཡོད། དཔེར་ན་ཀུ་རན་གྱི་ལེའུ་བརྒྱད་པའི་ནང་ལ་ཨ་ལའི་གཟིགས་སྣང་དུ་དུད་འགྲོའི་ནང་ནས་དམན་ཤོས་ནི་གླེན་པ་དང་ལྐུགས་པ་སྟེ་རྒྱུ་མཚན་བཀོལ་སྤྱོད་མི་ཤེས་པ་རྣམས་སོ་ཞེས་གསུངས་ཡོད་པས། དད་པར་བྱེད་པ་ཙམ་ལས་དྲི་བ་གཏོང་མི་ཆོག་པ་དང་བརྟག་དཔྱད་གཏོང་མི་ཆོག་པའི་ཚུལ་ནི་མུ་སི་ལིམ་གྱི་ཆོས་གཞུང་གང་དང་ཡང་མཐུན་པ་མ་ཡིན། འོན་ཀྱང་ཨ་ལའི་རང་བཞིན་དངོས་རིག་པས་བརྟགས་ཤིང་དཔྱད་པས་རྟོགས་ཐུབ་པར་མི་འདོད་པ་ནི་འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་གནས་ལུགས་དངོས་རྟོག་གེའི་ཡུལ་མ་ཡིན་པར་འདོད་པ་དང་གཅིག་མཚུངས་རེད། ནང་པ་རྣམས་ཀྱིས་དྲི་བ་ཁག་པོ་རྣམས་ཐམས་ཅད་མཁྱེན་པ་ཉག་ཅིག་གི་སྤྱོད་ཡུལ་ཡིན་པར་ཤོད་པ་བཞིན་མུ་སི་ལིམ་གྱི་ཆོས་ལུགས་ནང་དུ་ཡང་དྲི་བ་འགའ་ཤས་ཨ་ལས་མ་གཏོགས་མི་མཁྱེན་པར་བཤད་པ་ཡོད་ཀྱང། དེ་འདྲ་ནི་ཆོས་ལུགས་ཆ་ཚང་ལ་ཡོད་པ་ཞིག་རེད། གང་ལྟར་མི་ཕལ་མོ་ཆེའི་བསམ་ཚོད་ལྟར་ཆོས་ལུགས་འདི་ཉིད་རྨོངས་དད་ཀྱི་ཆོས་ལུགས་ཤིག་མ་ཡིན་པས། ཡེ་ཤུའི་ཆོས་ལུགས་ལྟར་ན་ཆོས་ལུགས་ཀྱི་དོན་དུ་ཤི་མཁན་རྣམས་ནི་གྲུབ་ཐོབ་ལྟ་བུར་ངོས་བཟུང་ནས་མཆོད་སྲོལ་ཡོད་ན་ཡང་མུ་སི་ལིམ་གྱི་ཀུ་རན་ནང་དུ། ཆོས་ལུགས་ཀྱི་དོན་དུ་ཤི་བའི་ཁྲག་ལས་མཁས་པའི་རྣམ་དཔྱོད་ལས་བྱུང་བའི་སྣག་ཚ་བཟང་ཞེས་གསུངས་པས་ན་གནའ་བོའི་མུ་སི་ལིམ་ཚོས་མཁས་པའི་རྣམ་དཔྱོད་ལ་གུས་བཀུར་ཧ་ཅང་ཆེན་པོ་ཞུ་སྲོལ་ཡོད།

   མུ་སི་ལིམ་གྱི་ཤེས་རིག་དར་བའི་ཆ་རྐྱེན་གྱི་ཐོག་མ་ལྟ་བུར་མུ་སི་ལིམ་གྱི་ལྷ་ཁང་གི་མཉམ་དུ་མད་ར་ས་ཞེས་པ་སློབ་གྲྭ་ལྟ་བུ་ཡང་ཡོད་པ་ལ་དེར་མུ་སི་ལིམ་གྱི་ཆོས་ལུགས་དང་གཞུང་གི་ཁྲིམས་གཉིས་མཉམ་དུ་སློབ་ཀྱི་ཡོད་པ་དང་། དུས་རབས་དགུ་པའི་རྗེས་སུ་མུ་སི་ལིམ་གྱི་ལྷ་ཁང་ཕལ་མོ་ཆེར་མད་ར་ས་ཞེས་པའི་སློབ་གྲྭ་རེ་ཡོད། བཤད་སྲོལ་ལྟར་ན་མུ་ཧམ་མད་གི་ཚ་བོ་ཨ་ལི་གིས་མི་ཁ་ཤས་ཀྱིས་ཀུ་རན་ཀློག་སྟངས་ཅུང་ཟད་མ་དག་པར་མཐོང་ནས་མཁས་པ་ཞིག་ལ་བཀའ་གནང་སྟེ་ཨ་རབ་སྐད་ཀྱི་སུམ་རྟགས་གཏན་འབེབས་བྱེད་བཅུག་པར་གྲགས་ཤིང་། མི་རིགས་ཧ་ཅང་མང་པོའི་སྐད་ཡིག་ལ་ཚིག་མཛོད་དར་བ་ནི་ཕྱིས་སུ་ཡིན་ཀྱང་མུ་སི་ལིམ་གྱི་ལོ་རྒྱུས་ཐོག་དུས་རབས་བརྒྱད་པར་འཁྲུངས་པའི་ཁ་ལིལ་ཨི་རྦན་ཨ་མེཌ་གིས་ཨ་རབ་ཀྱི་ཚིག་མཛོད་བརྩམས་ཟིན་ཡོད། མུ་སི་ལིམ་གྱིས་ཀུ་རན་ཀློག་པར་ཨ་རབ་ཀྱི་ཡིག་ཐོག་ཏུ་ཀློག་དགོས་པ་དེས་མུ་སི་ལིམ་ཕལ་མོ་ཆེས་ཨ་རབ་ཀྱི་ཡི་གེ་ཀློག་ཤེས་པར་གྱུར་ཏེ་ཨ་རབ་ཀྱི་སྐད་ཡིག་བརྒྱུད་ནས་མུ་སི་ལིམ་གྱི་འཛམ་གླིང་ནང་ཁུལ་དུ་ཤེས་རིག་བརྗེ་ལེན་བྱེད་པར་ཧ་ཅང་སྟབས་བདེ་བར་གྱུར། མུ་སི་ལིམ་གྱི་ཆོས་ལུགས་དར་རིམ་བཞིན་ཨ་རབ་ཀྱི་མི་ཚོ་ཉེ་འཁོར་གྱི་རྒྱལ་ཁབ་དང་མི་རིགས་མང་པོའི་མཉམ་དུ་འབྲེལ་བ་བྱུང་བ་དེས་ཁོ་ཚོར་རིག་གནས་སྣ་ཚོགས་པ་སྦྱོང་བའི་གོ་སྐབས་བཟང་པོ་ཐོབ། དེང་སང་གི་ཨི་རན་དུ་གྲགས་པ་དང་། སི་རི་ཡ་བཅས་ནས་གནའ་བོའི་རྒི་རི་སི་ནས་དར་བའི་རིག་གནས་བསླབས་ནས། དུས་རབས་བརྒྱད་པར་བྱོན་པའི་ཀ་ལི་ཧྥ་ཨལ་མ་ལིཀ་གི་ལམ་སྟོན་འོག་རིག་གནས་ཕལ་མོ་ཆེ་ཨ་རབ་ཀྱི་སྐད་ཡིག་ཏུ་བསྒྱུར་མགོ་བརྩམས། རྒི་རི་སི་དང་རོ་མན་སོགས་ཀྱི་གནའ་བོའི་མཁས་པ་གྲགས་ཅན་རྣམས་ཡེ་ཤུའི་ཆོས་ལུགས་པ་མིན་པའི་རྒྱུ་མཚན་གྱིས་ཡེ་ཤུའི་ཆོས་ལུགས་པས་མཁས་པ་དེ་དག་གི་གསུང་རྩོམ་རྣམས་མེར་སྲེག་གཏོང་གི་ཡོད། དཔེར་ན་ཡེ་ཤུའི་རྒྱལ་པོ་ཐེའོ་ཌོ་ཤིའུ་སི་ཞེས་པ་དེས་གཟུགས་པོ་འཁྲུ་བྱེད་ཀྱི་ཆུ་ཚ་བོ་བཟོ་བར་རྒི་རི་སི་གཙོ་བོར་གྱུར་པའི་མཁས་པ་རྣམས་ཀྱི་གསུང་འབུམ་རྣམས་མེར་བསྲེགས་ནས་ཆུ་སྐོལ་བར་གྲགས། འོན་ཀྱང་དེ་ལས་ལྡོག་སྟེ་མུ་སི་ལིམ་རྣམས་ནི་རིག་གནས་ལ་སྤྲོ་བ་ཤིན་ཏུ་ཆེ་བས་ཡུ་རོབ་ཏུ་ཡེ་ཤུའི་དགོན་པ་རྣམས་ལ་མ་གཏོགས་དཔེ་མཛོད་ཁང་མེད་སྐབས་སུ་མུ་སི་ལིམ་གྱི་གྲོང་ཁྱེར་འགའ་ཤས་ལ་དེབ་ཚོང་བརྒྱ་ཕྲག་ཙམ་ལྷན་དུ་ཡོད་སྐད།

OJPH3078.jpg

    རྒྱུ་མཚན་དེ་དག་ལ་བརྟེན་ནས་དུས་རབས་བཅུ་གཅིག་པའི་ནང་དུ་དབྱིན་ལན་ཌིའི་རྒྱལ་པོ་རྗོར་རྗི་གཉིས་པས་སི་པན་ལ་ཡོད་པའི་མུ་སི་ལིམ་རྒྱལ་པོར་ཡི་གེ་ཞིག་ཕུལ་བའི་ནང་དུ་ཁོ་བོའི་ས་ཁུལ་དུ་ཤེས་རིག་མེད་པས་མུན་ནག་གི་འཇིག་རྟེན་ཡིན་པ་ལ་ཁྱེད་ཀྱི་རྒྱལ་ཁབ་ནི་ཚན་རིག་དང་། ཤེས་རིག འཕྲུལ་ཆས་ཀྱི་དཔལ་ཡོན་ཧ་ཅང་ཚད་མཐོ་བའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་ངའི་བུ་མོ་གཙོ་བོར་གྱུར་པ་འགའ་ཤས་ལ་མ་འོངས་པའི་ཆེད་དུ་ཤེས་ཡོན་དགོས་གལ་ཆེ་བས་སྐུ་ཉིད་ཀྱིས་ཁོ་ཚོར་གོ་སྐབས་དེ་ཅི་ནས་ཀྱང་གནང་རོགས་ཞེས་ཞུས་ཡོད། དེས་ནི་སྐབས་དེའི་ཡུ་རོབ་དང་མུ་སི་ལིམ་གྱི་འཇིག་རྟེན་གཉིས་ཀྱི་སྤུས་ཚད་ཀྱི་ཁྱད་པར་གསལ་པོར་བསྟན་ཡོད། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཤད་ན་དེང་སང་གི་དུས་སུ་མི་རྣམས་ཨ་རི་དང་དབྱིན་ལན་ཌི་བཅས་ལ་སློབ་སྦྱོང་བྱེད་པར་འཚངས་ཁ་ཤིག་ཤིག་གིས་འགྲོ་བ་ལྟར་སྐབས་དེ་དུས་འཛམ་གླིང་གང་སའི་མི་རྣམས་སློབ་སྦྱོང་བྱེད་པར་འཚང་ཁ་རྒྱག་ས་གཙོ་བོ་ནི་མུ་སི་ལིམ་གྱི་རྒྱལ་ཁབ་རྣམས་ཡིན་པར་བཤད། ཤེས་རིག་གི་དཔལ་ཡོན་མཐོ་བའི་རྒྱུ་མཚན་དེ་ལ་བརྟེན་ནས་ཞིབ་འཇུུག་པ་རྣམས་ཀྱིས་ད་སྟེ་ལོ་ཆིག་སྟོང་ཙམ་གྱི་སྔོན་དུ་འཛམ་གླིང་གི་གནས་སྟངས་ཅི་འདྲ་ཡིན་པ་ཞིབ་འཇུག་བྱས་པ་ན་སྐབས་དེར་འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་རྒྱལ་ས་བཅུ་ཡོད་པ་ལས། གཅིག་ཡུ་རོབ་ཀྱི་མུ་སི་ལིམ་རྒྱལ་ཁབ་ཀོར་ཌོ་རྦ། གཉིས་པ་རྒྱ་ནག་གི་ཀེ་ཧྥིང་། གསུམ་པ་རྦི་རྫན་ཊན་གྱི་རྒྱལ་ས་ཀོན་སི་ཊན་ཏི་ནོ་པོལ། བཞི་པ་ཀེམ་རྦོ་ཌི་ཡའི་ཨང་ཀོར། ལྔ་པ་ཉི་ཧོང་གི་ཀྱོ་ཏོ། དྲུག་པ་ཨེ་རྗེབ་ཊི་ལ་ཡོད་པའི་ཀེ་རོ། བདུན་པ་ཨི་རཀ་ཏུ་ཡོད་པའི་བྷག་ཌད། བརྒྱད་པ་ཨི་རན་གྱི་རྒྱལ་ས་ནེ་ཤ་རྦུར། དགུ་པ་ཨ་རབ་ཀྱི་རྒྱལ་ས་ཨལ་ཧ་ས། བཅུ་པ་པེར་ཤ་ཡ་ལ་ཡོད་པའི་ཨི་ས་ཧྥ་ཧན་བཅས་ཡིན་པ་ལ། དེ་དག་ལས་རྒྱ་ནག་དང་། རྦི་རྫན་ཊན་དང་། ཀེམ་རྦོ་ཌི་ཡ། ཉི་ཧོང་བཅས་བཅས་བཞི་ལས་གཞན་དྲུག་ག་མུ་སི་ལིམ་གྱི་རྒྱལ་ཁབ་ཤ་སྟག་ཡིན་པར་རྟོགས་ཡོད། དོན་དངོས་སུ་དུས་རབས་ལྔ་པ་ནས་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་ཡས་མས་ཀྱི་བར་དུ་ཡུ་རོབ་ལ་མུན་ནག་གི་དུས་སྐབས་ཞེས་པ་རིག་གནས་མེད་པའི་དུས་སྐབས་འཇིགས་སུ་རུང་བ་ཞིག་བྱུང་བ་ལ། སྐབས་དེར་མུ་སི་ལིམ་གྱི་འཇིག་རྟེན་ལ་ཡོད་པའི་རིག་གནས་ནི་སུས་ཀྱང་འགྲན་ཟླ་མེད་པས་ཤེས་རིག་གི་ཉི་མ་ཤར་བའི་དུས་སྐབས་ཤིག་ཏུ་ངོས་འཛིན་ཀྱང་ཆོག་པ་རེད།

EOIJ3739.jpg

     མཁས་པ་རྣམས་ཀྱིས་གསུངས་ན་དུས་རབས་བདུན་པའི་ནང་དུ་མུ་སི་ལིམ་གྱི་ཆོས་ལུགས་དབུ་བརྙེས་ནས་དུས་རབས་བརྒྱད་པའི་ནང་དུ་ཨ་རབ་བམ་མུ་སི་ལིམ་གྱི་དབང་ཤུགས་ཁྱབ་ཚད་ལ་རིག་གནས་ཀྱིས་ཀྱང་ཁྱབ་ཟིན་ཡོད་པ་རེད། ཆ་རྐྱེན་དེ་འདྲ་ཡོད་པའི་དབང་གིས་ད་ལྟའི་བར་གནས་པའི་འཛམ་གླིང་གི་མཐོ་རིམ་སློབ་གྲྭ་རྙིང་ཤོས་སུ་ངོས་འཛིན་པ་ནི་ཨལ་ཁུ་ར་ཨོ་ཡིན་ཞེས་པ་དེ་ཡིན་པ་དང་། མཐོ་སློབ་དེ་ནི་ཨལ་ཧྥིཧ་རི་ཟེར་བའི་མུ་སི་ལིམ་གྱི་བུད་མེད་ཅིག་གིས་སྤྱི་ལོ་༨༥༩ ལོར་བཞེངས་པའི་ལོ་རྒྱུས་ཡོད། མཐོ་སློབ་དེ་ནི་སློབ་མཐར་ཕྱིན་པ་ན་ལག་ཁྱེར་སྤྲོད་མཁན་གྱི་མཐོ་སློབ་དང་ཤོས་སུ་ངོས་འཛིན་པ་དང་། མཐོ་སློབ་དེའི་དཔེ་མཛོད་ཁང་ཡང་ད་ལྟའི་ཆར་འཛམ་གླིང་ཐོག་གི་དཔེ་མཛོད་ཁང་རྙིང་ཤོས་སུ་ངོས་འཛིན་བྱེད། རིམ་པས་མུ་སི་ལིམ་ཚོས་ཤེས་ཡོན་གོང་འཕེལ་གཏོང་ཆེད་དུ་བྷག་ཌད་དང་ཨེ་རྗེབ་ཊིའི་རྒྱལ་ས་ཀིའོ་རོ་སོགས་ས་ཆ་གཞན་ལ་ཡང་མཐོ་རིམ་སློབ་གྲྭ་མང་པོ་བཞེངས་པ་ལས། དེ་དག་ནི་ས་གནས་ཙམ་མ་ཡིན་པར་རྒྱལ་སྤྱི་རང་བཞིན་གྱི་མཐོ་རིམ་སློབ་གྲྭ་རྐྱང་ཡིན་པར་གྲགས། དེ་དག་གི་སློབ་ཚན་ཡང་ཆོས་ལུགས་དང་འབྲེལ་བ་ཙམ་མ་ཡིན་པར་རིག་པའི་གནས་བཅུ་ཕྲག་ཁ་ཤས་ཡོད་པས་ན་དེ་ནས་སློབ་མཐར་ཕྱིན་ཅིང་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས་པའི་མཁས་པ་སྙན་གྲགས་ཅན་མང་པོ་བྱུང་ཡོད། མཐོ་སློབ་དེ་དག་ཏུ་ས་ཆ་གཞན་ནས་འབྱོར་བའི་མཁས་པ་རྣམས་ལ་སྡོད་གནས་ཀྱང་རིན་མེད་ཡིན་པ་དང་བརྩི་བཀུར་ཆེ་བས་རྣམ་དཔྱོད་དང་ལྡན་པ་རྣམས་འཚངས་ཁ་ཤིག་ཤིག་ཡིན་པར་གསལ། ཁོ་ཚོ་མང་པོས་ཨ་རབ་ཀྱི་སྐད་ཙམ་མ་ཡིན་པར་རྒི་རི་སི་དང་ལེ་ཊིན་གྱི་སྐད་སོགས་སྦྱངས་ནས་སྔར་རྒི་རི་སིའི་མཁས་པ་རྣམས་ཀྱི་ལྟ་གྲུབ་དང་ཚན་རིག་སོགས་རིག་གནས་མང་པོ་གོང་འཕེལ་བཏང་བས། ཕྱིས་སུ་ཡུ་རོབ་ལ་གནའ་བོའི་རྒི་རི་སིའི་རིག་གནས་བསྐྱར་དར་བྱུང་བ་ཡང་མུ་སི་ལིམ་གྱི་མཁས་པ་རྣམས་ཀྱི་བཀའ་དྲིན་ཡིན་པར་གྲགས།

KTXX8975.jpg

    སྐབས་དེར་ཡེ་ཤུའི་ཆོས་པ་རྣམས་ཀྱིས་ཚན་རིག་ནི་ཡེ་ཤུའི་ཆོས་མི་ཤེས་པའི་ཀླ་ཀློ་རྣམས་ཀྱི་ཁྲོད་ནས་བྱུང་བས་ན་དེ་དང་ཡེ་ཤུའི་ཆོས་ལུགས་ཀྱི་གཞུང་རྦའི་རྦེལ་གཉིས་པོ་འགལ་བར་ངོས་འཛིན་ཀྱང་། མུ་སི་ལིམ་གྱི་མཁས་པ་ཚོས་ཀུ་རན་གྱི་གཞུང་གི་ནང་དུ། བདེན་པ་ཡོད་ན་དཔང་རྟགས་ཡོད་ཅེས་གསུངས་པ་ལྟར། ཀུ་རན་ནི་ཆོས་ཀུན་གྱི་རང་བཞིན་སྟོན་པའི་གཞུང་ཡིན་པས་དེ་དང་ཚན་རིག་གཉིས་འགལ་བ་ཡིན་མི་སྲིད་པར་ངོས་འཛིན་གྱི་ཡོད། མུ་སི་ལིམ་གྱི་ཚན་རིག་པ་རྣམས་ཀྱིས་གསར་གཏོད་གལ་ཆེན་མང་པོ་བྱས་པ་ལས། ད་ལྟ་ཁྱབ་ཆེ་ཞིང་གྲགས་ཆེ་བ་འགའ་ནི་མིག་ཤེལ་དང་དཔར་ཆས་བཟོ་བའི་རིག་པ་རྣམས་རེད། དེ་ཡང་དུས་རབས་བཅུ་པའི་སྨད་དུ་བྱོན་པའི་མུ་སི་ལིམ་གྱི་མཁས་པ་ཨལ་ཧེ་ཐམ་གྱིས་མིག་ནང་དུ་འོད་ཚུར་འགྲོ་བའི་ཚུལ་ཐོག་མར་བཤད་ཅིང་དེ་གཞིར་བཟུང་ནས་མུན་ནག་གི་ཁང་པར་གཟུགས་བརྙན་ལེན་བྱེད་ཀྱི་དཔར་ཆས་ལྟ་བུའི་འཕྲུལ་ཆས་ཤིག་ཀྱང་གསར་གཏོད་བྱས་སྐད། ད་ལྟ་དཔར་ཆས་ལ་དབྱིན་སྐད་དུ་ཀེམ་ར་ཞེས་བརྗོད་པ་ཡང་ཨ་རབ་ཀྱི་སྐད་ནས་བྱུང་བ་སྟེ། ཨ་རབ་ཀྱི་སྐད་དུ་ཁ་མ་ར་ཞེས་པ་ནི་མུན་ནག་གི་ཁང་པ་ལ་གོ་བར་བཤད། ནག་ཁུང་ཆུང་ངུ་བརྒྱུད་ནས་གཟུགས་བརྙན་ལེན་པའི་ལྟ་གྲུབ་འདི་ཐོག་མར་བཤད་མཁན་གནའ་བོའི་རྒྱ་ནག་ཡིན་ཀྱང་། ལག་ལེན་དངོས་ཀྱི་ཐོག་ནས་གཏན་ལ་འབེབས་མཁན་ནི་མུ་སི་ལིམ་གྱི་མཁས་པ་ཨལ་ཧེ་ཐམ་ཡིན་པ་དང་། ཁོང་གིས་དེའི་སྐོར་བརྩམས་པའི་དེབ་ནི་ཕྱིས་ཀྱི་ནུབ་ཕྱོགས་མཁས་པ་སྙན་གྲགས་ཧ་ཅང་ཆེ་བ་རྣམས་ཀྱིས་ཁུངས་བཅོལ་སར་གྱུར་ཡོད། མུ་སི་ལིམ་གྱི་མཁས་པ་ཨལ་ཧ་རྫེན་ནི་མིག་གི་སྐོར་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་མཁན་དང་ཤོས་དེ་ཡིན་ཅིང་། ཁོ་པས་ཤེལ་གྱི་བེད་སྤྱོད་གཏོང་སྟངས་གཅིག་གིས་མིག་གིས་གསལ་པོར་མཐོང་བ་ལ་ཕན་ཚུལ་བཤད་པས། ད་ལྟ་འཛམ་གླིང་འདིར་མི་གྲངས་མེད་པས་མིག་ཤེལ་ལ་བརྟེན་ནས་གསལ་པོར་མཐོང་རྒྱུ་ཡོད་པ་འདི་ཡང་གཙོ་བོ་ཁོང་གི་དྲིན་ཡིན་པར་གྲགས། མ་ཟད་དེང་དུས་ཀྱི་ཚན་རིག་ལ་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། རྫས་སྦྱོར་རིག་པ་བཅས་སྡེ་ཚན་གསུམ་དུ་འཇོག་སྲོལ་ཡོད་པའི་རྫས་སྦྱོར་རིག་པ་ཡང་ཐོག་མར་ཚན་རིག་དང་མཐུན་པར་གསར་གཏོད་གནང་མཁན་མུ་སི་ལིམ་གྱི་མཁས་པ་ཆེན་པོ་རྗེ་རྦིར་ཡིན་པར་ངོས་འཛིན་སྲོལ་ཡོད།

     གཞན་ཡང་གསོ་རིག་གི་ཐོག་ནས་ཀྱང་མུ་སི་ལིམ་རྣམས་ཡར་རྒྱས་ཚད་མཐོན་པོར་སླེབས་ཡོད། མུ་སི་ལིམ་གྱི་སྨན་ཁང་ཆེན་པོ་དང་པོ་སི་རི་ཡ་ལ་ཡོད་པའི་ཌ་མ་སུ་ཀུ་སི་ལ་སྤྱི་ལོ་༧༠༦ ལ་བཞེངས་ཤིང་། དེ་རྗེས་ཨེ་རྗེབ་ཊིའི་རྒྱལ་ས་ཀེ་རོ་ལ་སྤྱི་ལོ་༨༧༢ ལོར་ཊུ་ལུན་སྨན་ཁང་བཞེངས་པ་དང་། སྨན་ཁང་དེར་ཉིན་རེ་ནད་པ་སྟོང་ཕྲག་བཞི་ཙམ་ལ་སྨན་བཅོས་བྱེད་ཀྱི་ཡོད། སྨན་ཁང་དེ་དག་ཏུ་སྨན་དང་འབྲེལ་བའི་དཔེ་མཛོད་ཁང་དང་ལག་ཆ་སྣ་ཚོགས། ད་དུང་སྨན་པའི་སྦྱོང་བརྡར་ཆ་ཚང་བ་སྤྲོད་ས་ཡང་ཡོད་པས། དེང་དུས་དང་མཐུན་པའི་སྨན་ཁང་དང་པོ་ནི་ཊུ་ལུན་སྨན་ཁང་ཞེས་པ་དེ་ཡིན་པར་གྲགས། ཡེ་ཤུའི་ཆོས་ལུགས་ལྟར་ན་མི་ནད་པ་བཤག་བཅོས་བྱ་མི་ཆོག་ཀྱང་མུ་སི་ལིམ་སྨན་པའི་བཤགས་བཅོས་ཀྱི་ལག་རྩལ་ནི་ཧ་ཅང་ཚད་མཐོན་པོ་ཡིན་པས་མུ་སི་ལིམ་གྱི་མཁས་པ་ཨལ་རྫ་ཧ་ར་ཝི་ཞེས་པས་སྤྱི་ལོ་༡༠༠༠ ལོ་ཙམ་དུ་ཤོག་གྲངས་གཅིག་སྟོང་ལྔ་བརྒྱ་ཡོད་པའི་རིག་གནས་ཀུན་འདུས་ཀྱི་དེབ་ཅིག་བརྩམས་པའི་ནང་དུ་བཤགས་བཅོས་བྱ་ཚུལ་སྐོར་ཧ་ཅང་ཞིབ་ཕྲ་བྲིས་གནང་ཡོད། དེ་རྗེས་ཀྱི་ལོ་ལྔ་བརྒྱའི་རིང་དུ་ཡུ་རོབ་ཏུ་སྨན་བཅོས་བྱེད་སྐབས་ཁུངས་དང་གཞི་བཅོལ་སའི་ཡིག་ཆ་གལ་ཆེ་ཤོས་ཀྱང་དེ་ཡིན་སྐད། སྨན་ཁང་དུ་བེད་སྤྱོད་ཡོད་པའི་ལག་ཆ་རྣམས་ལས་མུ་སི་ལིམ་གྱི་མཁས་པ་གཅིག་ཁོ་ནས་ཀྱང་ལག་ཆ་མི་འདྲ་བ་ཉིས་བརྒྱ་ཙམ་གསར་གཏོད་བྱས་པར་གྲགས་ཤིང་། དེང་སང་གི་ལག་ཆ་རྣམས་ཀྱང་མཁས་པ་དེས་གསར་གཏོད་བྱས་པ་དེ་ལས་འགྱུར་བ་ཆེན་པོ་ཕྱིན་མེད་པར་བཤད། དེ་བཞིན་མིག་སྐྱ་འགྲིབ་ནི་མིག་ལོང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་པ་ལ་འདི་ཉིད་བཤགས་བཅོས་བྱས་ནས་མེད་པ་བཟོ་བའི་ལུགས་སྲོལ་འདི་ཡང་ཐོག་མར་མུ་སི་ལིམ་གྱི་སྨན་པ་གཡི་མ་མུར་ས་ལིས་གསར་གཏོད་གནང་བར་གྲགས། ལྷག་པར་ཡུ་རོབ་ཏུ་དུས་རབས་མང་པོའི་རིང་མུ་སི་ལིམ་གསོ་རིག་མཁས་པ་རྣམས་ཀྱིས་མཛད་པའི་སྨན་ཡིག་ཚད་མར་བཟུང་ནས་ལྟ་སྲོལ་ཡོད་པ་སོགས་ཀྱིས། དུས་རབས་ཉི་ཤུ་པའི་ནུབ་ཕྱོགས་ཀྱི་གསོ་རིག་མཁས་པ་ཌོ་ནལ་ཌི་ཀེམ་རྦེལ་གིས་བརྩམས་པའི་གསོ་རིག་ལོ་རྒྱུས་ཀྱི་ནང་དུ་ཡུ་རོབ་པའི་གསོ་བ་རིག་པ་ནི་འབྱུང་རྩ་དང་བཟོ་བཀོད་གཉིས་ཀའི་ཆ་ནས་ཨ་རབ་ཀྱི་གསོ་བ་རིག་པ་ཡིན་ཚུལ་གསུངས་ཡོད།

    མཚན་ཉིད་རིག་པའི་ཆ་ནས་བཤད་ཀྱང་མུ་སི་ལིམ་གྱིས་ལེགས་སྐྱེས་གལ་ཆེན་ཕུལ་བ་སྟེ། མུ་སི་ལིམ་གྱི་ཚན་རིག་པ་དང་མཚན་ཉིད་རིག་པ་གཉིས་ཀ་ཡིན་པའི་ཨལ་རྒེ་རྫ་ལི་ནི་སྙན་གྲགས་ཤིན་ཏུ་ཆེ་བས་ལོ་རྒྱུས་སྨྲ་བ་མང་པོས་མུ་ཧམ་མད་གི་རྗེས་ལ་ཁོང་ལས་ཤུགས་རྐྱེན་ཆེ་བའི་མུ་སི་ལིམ་གཞན་ཞིག་བྱུང་མེད་པར་འདོད། ཁོང་གི་སྔོན་དུ་མུ་སི་ལིམ་གྱི་མཚན་ཉིད་རིག་པ་མང་པོས་རྒི་རི་སིའི་མཁས་པ་རྣམས་ཀྱི་འདོད་ཚུལ་འཆང་བ་ལ་ཁོང་གིས་དེ་ལ་དགག་པ་ནན་པོ་གནང་བས་སུས་ཀྱང་དོན་དང་མཐུན་པའི་དགག་ལན་སློག་ཐུབ་མེད་པར་གྲགས། འོན་ཀྱང་ནུབ་ཕྱོགས་སམ་ཡུ་རོབ་ཀྱི་ལོ་རྒྱུས་མུ་སི་ལིམ་གྱི་མཚན་ཉིད་རིག་པ་སྐད་གྲགས་ཆེ་ཤོས་ཉི་ཟླ་ལྟ་བུ་གཉིས་ཡོད་པར་འདྲེན་པ་ལས་གཅིག་ནི་པེར་ཤ་ཡའམ་དེང་སང་གི་ཨི་རན་ནས་ཡིན་པའི་ཨི་རྦན་སི་ན་དང་། གཅིག་ནི་སི་པན་ནས་ཡིན་པའི་ཨི་རྦན་རུ་ཤིད་དོ། དེ་གཉིས་ལས་སྔ་མ་ནི་མུ་སི་ལིམ་གྱི་ཁྲོད་དུ་སྙན་གྲགས་ཆེ་ཞིང་ཕྱི་མ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཁྲོད་དུ་སྙན་གྲགས་ཆེ། དེ་གཉིས་ཀྱི་འདོད་ཚུལ་གྱིས་མུ་སི་ལིམ་གྱི་མཚན་ཉིད་རིག་པ་བ་རྣམས་ཙམ་མ་ཡིན་པར་ཡེ་ཤུའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་མང་པོར་ཡང་ཤུགས་རྐྱེན་ཐེབས་ཡོད། དེ་གཉིས་ཙམ་མ་ཡིན་པར་གཞན་ཡང་མུ་སི་ལིམ་གྱི་མཚན་ཉིད་རིག་པ་བ་རྣམས་ཀྱིས་རྒྱུ་མཚན་ལ་རྩལ་འདོན་ཧ་ཅང་ཆེན་པོ་གནང་ཞིང་ཀུ་རན་བདེན་པ་ཡིན་ན་རྒྱུ་མཚན་གྱིས་ངེས་པར་གཏན་ལ་འབེབས་དགོས་པ་དང་འབེབས་ཐུབ་པ་ཞིག་ཀྱང་ཡིན་པར་གསུངས། ཡང་འགའ་ཤས་ཀྱིས་ལྷ་ལ་ཡོད་པའི་དད་མོས་དང་རང་བྱུང་ཁམས་ལ་དཔྱོད་པའི་རྒྱུ་མཚན་གཉིས་ཐ་དད་དུ་འབྱེད་དགོས་པར་གསུངས་པ་ལ། ཡེ་ཤུའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་བ་སྐད་གྲགས་ཆེ་ཤོས་གཉིས་ནི་དུས་རབས་བཞི་པར་བྱོན་པའི་ཨོ་རྒ་སི་ཊེན་དང་། དུས་རབས་བཅུ་གསུམ་པར་བྱོན་པའི་ཐོ་མ་སི་ཨ་ཁུའི་ན་སི་གཉིས་ཡིན་པ་ལ། ཐོ་མ་སི་ཨ་ཁུའི་ན་སིས་དད་མོས་དང་རྒྱུ་མཚན་གཉིས་ཐ་དད་དུ་འབྱེད་དགོས་པར་གསུངས་པ་ཡང་ཞིབ་འཇུག་པ་ཚོས་ཁོང་ལ་མུ་སི་ལིམ་གྱི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཐེབས་པར་ངོས་འཛིན་བྱེད། འོན་ཀྱང་མུ་སི་ལི་གྱི་ཚན་རིག་དང་གསོ་རིག་སོགས་དང་བསྡུར་ན་མཚན་ཉིད་རིག་པའི་ཐོག་ལ་ལེགས་སྐྱེས་ཕུལ་བ་ནི་མི་རིགས་དང་ཆོས་ལུགས་གཞན་ལ་ཤུགས་རྐྱེན་ཅུང་ཆུང་བར་སྣང་།

་    བཟོ་དང་རྒྱུ་རྩལ་གྱི་ཆ་ནས་བཤད་ན་སྤྱིར་བཏང་གི་བཟོ་རིག་པ་ཙམ་ལས་མུ་སི་ལི་ཆོས་ལུགས་ཀྱིས་ལྷ་དང་བླ་མའི་སྐུ་བརྙན་དང་རི་མོ་འབྲི་བ་སོགས་ལ་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་ཀྱང་། ཁང་བཟོ་སོགས་ཀྱི་སྒྱུ་རྩལ་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་བཞག་ཡོད། དཔེར་ན་གནའ་བོའི་སི་པིན་གྱི་ཀོར་ཌོ་རྦའི་རྒྱལ་ས་ནི་སྐབས་དེར་འཛམ་གླིང་ཐོག་གི་རྒྱལ་ས་མཛེས་ཤོས་ལྟ་བུར་ངོས་འཛིན་ཅིང་། དེར་ཡོད་པའི་མུ་སི་ལིམ་གྱི་ལྷ་ཁང་གཙོ་བོ་དེའི་བཟོ་དབྱིབས་ནི་སུས་བལྟས་ཀྱང་ངོ་མཚར་བར་བྱེད་པའི་སྒྱུ་རྩལ་གྱི་གྲུབ་འབྲས་ཤིག་ཡིན་པར་རྩོད་པ་མེད། ད་ལྟའི་དུས་སུ་ཡང་འཛམ་གླིང་ཐོག་གི་ངོ་མཚར་བདུན་དུ་འདྲེན་པའི་ཡ་གྱལ་ཏཇ་མལ་ཞེས་གྲགས་པ་རྒྱ་གར་དུ་ཡོད་པའི་ཁ་ཆེའི་དུར་ཁང་དེ་ཡང་མུ་སི་ལིམ་གྱི་རྒྱལ་པོ་ཤཱ་རྗན་གྱིས་བཞེངས་པ་སོགས་མང་དུ་ཡོད་ཀྱང་ཞིབ་ཏུ་མི་གླེང་། དེ་བཞིན་གནའ་བོའི་ཨ་རབས་ཀྱི་མི་རྣམས་ཀྱིས་གཏམ་བཤད་སྐབས་སྙན་ངག་གི་ཚད་གཞི་མཐོ་ན་ཡང་ཕྱིས་སུ་མུ་སི་ལིམ་གྱི་ཆོས་ལུགས་དར་ནས་འགའ་ཤས་ཀྱིས་སྙན་ངག་ལ་ཡང་བཀག་འགོག་གང་མཚམས་བྱེད་ཀྱི་ཡོད་ཀྱང་སྙན་གྲགས་ཅན་གྱི་སྙན་ངག་པ་མང་པོ་ཡོད། དཔེར་ན་དུས་རབས་བཅུ་པའི་ནང་དུ་བྱུང་ཞིང་པེར་ཤ་ཡ་ནས་ཡིན་པའི་སྙན་ངག་པ་ཧྥེར་དྷོ་སིས་བརྩམས་པའི་རྒྱལ་པོའི་བསྟོད་པ་དེ་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་སྙན་ངག་གི་རྟོགས་བརྗོད་རིང་ཤོས་ཡིན་པར་གྲགས། ཁོང་གི་སྙན་ངག་གི་ཚད་གཞི་ནི་ཧ་ཅང་མཐོ་བས་རྒྱལ་པོས་ཁོང་གི་སྙན་ངག་གི་ཚིག་རྐང་གཉིས་རེ་ལ་གསེར་དུམ་བུ་རེ་གནང་བའི་ཞལ་བཞེས་གནང་རབས་ཡོད། སྙན་ངག་པ་འགའ་ཤས་ནི་ཡུ་རོབ་ཀྱི་སྤྱི་ཚོགས་སུ་སྙན་གྲགས་ཧ་ཅང་ཆེ། དཔེར་ན་དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པའི་མུ་སི་ལིམ་གྱི་མཁས་པ་ཨོ་མར་ཁེ་ཡམ་ལྟ་བུ་རེད། ཁོང་གི་སྙན་ངག་ནི་མུ་སི་ལིམ་གྱི་ལུང་པ་ལས་ཀྱང་ཡུ་རོབ་ལ་སྙན་གྲགས་ཆེ་བར་གྲགས། དེ་བཞིན་དུས་རབས་བཅུ་གཉིས་པའི་ནང་ཙམ་དུ་བྱོན་པ་ལ་དེང་སང་སྐད་གྲགས་ཇེ་ཆེར་འགྲོ་བཞིན་པའི་སྙན་ངག་པ་རུ་མིའི་སྙན་ངག་ནི་སྐད་ཡིག་གང་དུ་བསྒྱུར་ཀྱང་གསོན་ཉམས་དང་སྙན་ཆ་ཡོད་པའི་ཁྱད་ཆོས་ཡོད། མུ་སི་ལིམ་གྱི་སྙན་པ་ངག་པ་སྐད་གྲགས་ཅན་གཞན་ཧ་ཧྥེཛ་ཞེས་པ་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་ཞིང་ཁོང་ནི་རྗེར་མི་ནི་ནས་བྱུང་བའི་ཡུ་རོབ་ཀྱི་སྙན་ངག་མཁན་སྐད་གྲགས་ཆེ་ཤོས་རྒོའི་ཐེ་སོགས་ཀྱིས་ཀྱང་གུས་བརྩི་ཆེ། སྙན་ངག་ཙམ་མ་ཡིན་པར་མུ་སི་ལིམ་ལ་གཞན་སྤྱིར་བཏང་གི་རྩོམ་རིག་སྐད་གྲགས་ཅན་ཡང་ཧ་ཅང་མང་པོ་ཡོད་པ་སྟེ། དཔེར་ན་ཨ་རབ་ཀྱི་མཚན་མོ་ཞེས་པའི་སྒྲུང་རྩོམ་ཕྱོགས་བསྒྲིགས་དེ་མི་ཤེས་མཁན་གྱི་ནུབ་ཕྱོགས་པ་ཤེས་ཡོན་ཅན་ཧ་ཅང་ཉུང་བ་ལྟ་བུ་རེད།

      མུ་སི་ལིམ་ལ་ལོ་རྒྱུས་ཀྱི་ཡིག་ཆ་ཡང་ཧ་ཅང་ཕྱུག་པོ་ཡོད་ཅིང་ལོ་རྒྱུས་ཀྱི་ཡིག་ཆ་དེ་དག་སྤྱི་ཚོགས་གཞན་ལྟར་མ་ཡིན་པར་ལྷ་སྒྲུང་ཉུང་བ་དང་སྙན་འཇེབས་ལྡན་པས་མ་ཚད་གལ་ཆེ་ཤོས་ད་དུང་རྒྱལ་པོ་དང་ཆོས་བྱེད་མི་སྣའི་སྐོར་ཙམ་ལ་མ་ཡིན་པར་དུས་སྐབས་སོ་སོའི་ཕུལ་བྱུང་མི་སྣ་གལ་ཆེ་བ་རྣམས་ཀྱི་སྐོར་ལ་ཡང་ཧ་ཅང་ཆ་ཚང་བ་བྲིས་ཡོད། དཔེར་ན་དུས་རབས་བཅུ་གསུམ་པའི་སྟོད་དུ་འཁྲུངས་པའི་ཨི་རྦན་ཁལ་ཀི་ཀན་གྱིས་བརྩམས་པའི་དེབ་ཀྱི་ནང་དུ་མུ་སི་ལིམ་གྱི་ལོ་རྒྱུས་ཐོག་གལ་གནད་ཆེ་བའི་མི་སྣ་བརྒྱད་བརྒྱ་དྲུག་ཅུ་རེ་ལྔའི་ལོ་རྒྱུས་བྲིས་ཡོད་ཅིང་། དེ་ཡང་རོབ་ཙམ་བྲིས་པ་མ་ཡིན་པར་རེ་རེའི་མིང་གི་དག་ཆ་དངོས་དང་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གཏན་འབེབས་ཧ་ཅང་ཞིབ་ཚགས་པོས་གནང་ནས་བྲིས་ཡོད། དེ་བཞིན་མཁས་པ་གཞན་ཞིག་གིས་གསོ་རིག་གི་ལོ་རྒྱུས་ཤིག་བྲིས་པའི་ནང་དུ་མུ་སི་ལིམ་གྱི་སྨན་པ་བཞི་བརྒྱ་ལྷག་གི་ལོ་རྒྱུས་བྲིས་ཡོད་པ་དང་། མུ་སི་ལིམ་གྱི་གནའ་བོའི་མཁས་པ་རྣམས་ཀྱིས་གསལ་བྱེད་ཀྱི་གོ་རིམ་དང་མཐུན་པར་མི་སྣ་གལ་ཆེ་བའི་ལོ་རྒྱུས་ཕྱོགས་བསྒྲིགས་བྱས་ནས་བརྩམས་པ་ཡང་མང་པོ་ཡོད། ལྷག་པར་དུས་རབས་བཅོ་ལྔ་པར་བྱོན་པའི་ཨི་རྦན་ཁལ་དུན་ནི་དེང་རབས་དང་མཐུན་པའི་ལོ་རྒྱུས་སྨྲ་བ་ཐོག་མ་དེ་ཡིན་པར་གྲགས་ཤིང་། ཁོང་གིས་བརྩམས་པའི་དེབ་མུ་ཁད་དི་མཱ་ཞེས་པ་ནི་ཆོས་ལུགས་ཀྱི་དབང་དུ་མ་སོང་བའི་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་རྙིང་ཤོས་གྲས་ཡིན་པར་ངོས་འཛིན་བྱེད་པ་དང་འབྲེལ། ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་ཁོང་གི་ལོ་རྒྱུས་སྨྲ་བའི་རིག་པར་དོ་ཟླ་བྱེད་ཐུབ་མཁན་གྱི་གནའ་དེང་གི་མཁས་པ་གཞན་ཞིག་ཡོད་མེད་རྩོད་པ་གནང་མྱོང་ཡོད། མུ་སི་ལིམ་གྱི་ལོ་རྒྱུས་རྩོམ་པ་པོ་ཚོར་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་པ་ནི་ཁོ་ཚོ་མང་པོ་ཞིག་ནི་འཛམ་གླིང་འགྲུལ་བཞུད་པ་ཡིན་པས་ཁོ་ཚོས་ལོ་ཉི་ཤུ་དང་སུམ་ཅུ་ཙམ་གྱི་རིང་དུ་དཀྱིལ་ཤར་ཡུལ་གྲུ་རྣམས་ཙམ་མ་ཚད། ཡུ་རོབ་དང་། རྒྱ་གར། རྒྱ་ནག གཅིག་ནི་བོད་ལ་ཡང་ཕེབས་མྱོང་ཡོད་ཅིང་། དེ་དག་གིས་ལོ་མང་རིང་ས་ཆ་མང་པོར་དངོས་སུ་ཕྱིན་ནས་ཉམས་ཞིབ་བྱས་ཏེ་བྲིས་པའི་ལོ་རྒྱུས་རྣམས་ནི་གཞན་གང་གིས་ཀྱང་འགྲན་ཟླ་དཀའ་བར་གྱུར་ཡོད། རྒྱུ་མཚན་དེས་མུ་སི་ལིམ་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འཛམ་གླིང་ལོ་རྒྱུས་རིག་པའི་ཐོག་ཏུ་གོ་གནས་ཧ་ཅང་མཐོན་པོ་བཟུང་ཡོད་ཅིང་། དུས་རབས་བཅུ་དྲུག་པ་ནས་མགོ་བཟུང་སྟེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་ཨ་རི་དང་རྒྱ་གར་སོགས་གླིང་ཕྲན་མང་པོར་སླེབས་ནས་དབང་བསྒྱུར་བྱས་པ་ལ། ཁོ་ཚོས་ཐོག་མར་རྒྱུས་མེད་པའི་ས་ཆ་དེ་དག་ཏུ་བགྲོད་པར་རིག་པའམ་ལམ་སྟོན་འཚོལ་ས་ནི་མུ་སི་ལིམ་གྱི་འཛམ་གླིང་འགྲུལ་བཞུད་པ་ཚོས་བརྩམས་པའི་ས་ཁྲ་དང་ཡིག་ཆ་རྣམས་ཡིན་པར་བཤད།

   གཞན་ཡང་མུ་སི་ལིམ་རྣམས་ཤར་ཕྱོགས་རྒྱ་ནག་དང་འབྲེལ་བ་བྱུང་བས་གནའ་བོའི་རྒྱ་ནག་ནས་ཤོག་བུ་བཟོ་བ་དང་དེབ་དཔེ་སྐྲུན་བྱེད་པ་སོགས་ཀྱི་ལག་རྩལ་སྦྱངས་ཤིང་། ཡུ་རོབ་ལ་ཤོག་བུ་བཟོ་བའི་ལག་རྩལ་ཡང་མུ་སི་ལིམ་བརྒྱུད་ནས་དར་བ་ཞིག་གོ། དེ་བཞིན་ཁོང་རྣམས་རྒྱ་གར་དང་འབྲེལ་བ་བྱུང་བས་སྐར་རྩིས་དང་ཨང་རྩིས་སོགས་ཀྱི་རིག་གནས་ལ་གོང་འཕེལ་ཆེན་པོ་གཏོང་ཐུབ་པ་བྱུང་། དེའི་རྒྱུ་མཚན་གྱིས་ད་ལྟ་གཟའ་སྐར་འགའ་ཤས་ཀྱི་དབྱིན་སྐད་ཀྱི་མིང་ཡང་འབྱུང་ཁུངས་དངོས་ཨ་རབ་ཀྱི་སྐད་ཡིན་པ་དང་། ཀླད་ཀོར་གྱི་འབྱུང་ཁུངས་དངོས་རྒྱ་གར་ཡིན་ཀྱང་ཨང་རྩིས་ནང་དུ་བེད་སྤྱོད་ཐོག་མར་གཏོང་མཁན་མུ་སི་ལིམ་གྱི་རྩིས་པ་རྣམས་ཡིན་པ་རེད། དེ་ཙམ་མ་ཡིན་པར་ད་ལྟ་འཛམ་གླིང་སྤྱི་ཁྱབ་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ཨང་གྲངས་འདི་ཡང་ཁོ་ཚོས་གསར་གཏོད་བྱས་ཏེ་ཡུ་རོབ་ལ་དར་ཞིང་རིམ་པས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་ཞིག་གོ། ཡང་ད་ལྟ་ཨང་རྩིས་ཀྱི་ནང་དུ་ཨང་གྲངས་ཀྱི་ཚབ་ཏུ་ཡིག་གཟུགས་བེད་སྤྱོད་བྱེད་སྲོལ་ཡོད་པ་འདི་ལ་དབྱིན་སྐད་དུ་ཨལ་རྗེབ་ར་ཞེས་བརྗོད་ཅིང་། འདི་ཉིད་མུ་སི་ལིམ་གྱི་མཁས་པ་དུས་རབས་བརྒྱད་པའི་སྨད་ནས་དགུ་པའི་བར་དུ་བཞུགས་པའི་ཨལ་ཁ་ཝ་རི་རྫ་མི་ཞེས་པ་ནས་བྱུང་བར་གྲགས། དེ་ཡང་ཁོང་གིས་དེབ་དེའི་མིང་དུ་ཨལ་རྗ་རྦར་ཞེས་པའི་ཚིག་ཡོད་པ་ལ་དེའི་དོན་དག་ནི་རྫོགས་པའམ་གྲུབ་པའི་དོན་དུ་གོ འདི་ཉིད་ཨང་རྩིས་ལ་གལ་ཆེ་བ་ཙམ་མ་ཡིན་པར་ཚན་རིག་དང་བཟོ་སྐྲུན་རིག་པ་སོགས་ལ་མེད་ཐབས་མེད་པ་ཞིག་ཡིན་པས་དེས་ཀྱང་ང་ཚོ་ཚང་མའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཡོད་པ་བཤད་མ་དགོས། ཁོང་གྲོངས་པའི་རྗེས་སུ་ཁོང་གིས་བརྩམས་པའི་དེབ་ནི་ཡུ་རོབ་ཏུ་ཨང་རྩིས་ཀྱི་སློབ་དེབ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཏེ། མདོར་ན་མུ་སི་ལིམ་ཚོས་ཨང་རྩིས་རིག་པར་བཞག་པའི་ལེགས་སྐྱེས་ནི་འགྲན་ཟླ་བྲལ་བ་ཞིག་རེད།

   དེ་དག་ནི་གཙོ་ཆེ་བ་རྣམས་ཏེ་གཞན་ཡང་མུ་སི་ལིམ་ནས་བྱུང་བའམ་དེ་དག་གིས་གསར་གཏོད་བྱས་པ་ཧ་ཅང་མང་བ་སྟེ། ད་ལྟ་ཡོངས་སུ་གྲགས་པའི་སྤྱི་ཚོགས་རིག་པ་ཡང་དུས་རབས་བཅུ་བཞི་པར་བྱོན་པའི་མུ་སི་ལིམ་གྱི་མཁས་པ་ཁལ་དུན་གྱིས་གསར་གཏོད་གནང་བར་གྲགས་ཤིང་།  ཞིང་ལས་ཀྱི་ཐོག་ནས་ཀྱང་སི་པན་ནས་ཡིན་པའི་མུ་སི་ལིམ་ཚོས་གསར་གཏོད་བྱས་པའི་ཞིང་ལས་རིག་པ་ནི་ད་ལྟའི་བར་ཞིབ་ཚགས་ཤོས་དང་ཚན་རིག་དང་མཐུན་ཤོས་སུ་ངོས་འཛིན་སྲོལ་ཡོད། ལྕགས་བཟོ་བའི་ལག་རྩལ་ཡང་ཤིན་ཏུ་དར་བས་བར་སྐབས་ཤིག་ཏུ་མུ་སི་ལིམ་གྱིས་བཟོས་པའི་གྲི་ལས་ལྷག་པ་འཛམ་གླིང་གང་དུ་ཡང་མེད་པའི་སྙན་གྲགས་ཡོད་ཅིང་། ཐགས་འཐག་པའི་བཟོ་ལས་ལ་ནི་འགྲན་ཟླ་བྲལ་བས་མུ་སི་ལིམ་གྱིས་འཐགས་པའི་རས་ཆས་ནི་རྒྱ་གར་དང་རྒྱ་ནག བོད་སོགས་ཤར་ཕྱོགས་ཀྱི་ལུང་པ་ཙམ་མ་ཡིན་པར་ཡུ་རོབ་ཀྱི་བླ་མ་དང་དཔོན་པོ་ཚོའི་ཡིད་སེམས་ཀྱང་འཕྲོགས་པར་བྱས་ཡོད། མ་ཟད་བོད་སྐད་དུ་མོ་ཛ་ཞེས་འབོད་པའི་རྐང་ཤུབ་ཀྱང་ཐོག་མར་བཟོ་མཁན་མུ་སི་ལིམ་རྣམས་ཡིན་པར་གྲགས། རོལ་དབྱངས་ཀྱི་རི་མོ་ཡིག་ཐོག་ཏུ་འབྲི་རྒྱུ་ཡོད་པ་འདི་ཡང་ཐོག་མར་མུ་སི་ལིམ་གྱི་མཁས་པས་དུས་རབས་དགུ་པའི་ནང་དུ་གསར་གཏོད་བྱས་པར་ངོས་འཛིན་པ་དང་། ད་ལྟ་ཧ་ཅང་དར་ཁྱབ་ཆེ་བའི་ཀོ་ཧྥིའམ་འཚིག་ཇ་ཞེས་པ་འདི་ཡང་ད་སྟེ་ལོ་ཆིག་སྟོང་ཉིས་བརྒྱ་ཙམ་གྱི་གོང་དུ་ཨ་རབ་ལུང་པ་ནས་དར་བ་ཞིག་གོ། ད་དུང་དེང་སང་གི་ཁ་ལག་ཟ་སྟངས་ལྟར་ན་རིམ་པ་གསུམ་ལྡན་གྱི་ཁ་ལག་ཅེས་པ་སྟེ་ཐོག་མར་སྔོན་འགྲོ་རུ་ཁུ་བ་ཅན་དང་གྲང་ཚལ་སོགས་བསྟེན་པ་ནི་རིམ་པ་དང་པོ་དང་། དེ་ནས་ཁ་ལག་དངོས་གཞི་བསྟེན་པ་ནི་རིམ་པ་གཉིས་པ་དང་། མཐར་མངར་ཟས་ལྟ་བུ་བསྟེན་པ་ནི་མཇུག་སྡུད་དེ་རིམ་པ་གསུམ་དང་ལྡན་པ་འདི་ཡང་དུས་རབས་བརྒྱད་པའི་མཇུག་ཏུ་བྱོན་པའི་མུ་སི་ལིམ་གྱི་མཁས་པ་ཆེན་པོ་རྫིར་ཡབ་ཀྱིས་གསར་གཏོད་བྱས་པ་ལས་བྱུང་བར་གྲགས། དེས་ན་མུ་སི་ལིམ་གྱི་རིག་གཞུང་ནས་བྱུང་ཞིང་། མུ་སི་ལིམ་མཁས་པ་རྣམས་ཀྱིས་གསར་གཏོད་བྱས་པ་མང་པོ་ཞིག་ད་ལྟ་མུ་སི་ལིམ་གྱི་ཆོས་ལུགས་ལ་དགའ་མཁན་དང་མི་དགའ་མཁན་ཚང་མས་བེད་སྤྱོད་མི་གཏོང་ཀ་མེད་དུ་གྱུར་ཡོད་པས་འདི་དག་ནི་མུ་སི་ལིམ་ཚོས་གཟི་བརྗིད་ཅིག་ཏུ་ངོས་འཛིན་གྱི་ཡོད།

    གང་ལྟར་མུ་སི་ལིམ་གྱི་རིག་གནས་ནི་ད་ལྟ་འཛམ་གླིང་དབང་སྒྱུར་བྱེད་བཞིན་པའི་ནུབ་ཕྱོགས་ཀྱི་རིག་གནས་ལ་ཡང་ཤུགས་རྐྱེན་ཤིན་ཏུ་ཆེ་བས་དབྱིན་སྐད་དུ་ཡོད་པའི་ཐ་སྙད་དཔེར་ན་ཆང་རག་ལ་alcohol ཀེ་ལ་ལ་banana མིག་མང་ལ་chess འཚིག་ཇ་ལ་coffee སྟོད་གོས་ལ་jacket བརྙན་དེབ་ལ་magazine ཚ་ལུ་མ་ལ་orange འབྲས་ལ་rice སོ་ཌ་ལ་soda སོ་ཧྥ་ལ་sofa བྱེ་མ་ཀ་ར་ལ་sugar ལྟ་བུ་མང་པོ་ཞིག་ཀྱང་ཨ་རབ་ཀྱི་ཐ་སྙད་ནས་བྱུང་བར་བཤད། གཞན་ཐ་སྙད་མང་པོ་ཞིག་ནི་འབྱུང་ཁུངས་དངོས་མུ་སི་ལིམ་མ་ཡིན་ཀྱང་ཡུ་རོབ་ཏུ་དར་བ་ནི་མུ་སི་ལིམ་གྱི་ལུང་པ་རྣམས་བརྒྱུད་ནས་ཡིན་པ་སྟེ། ཐ་སྙད་ཙམ་མ་ཡིན་པར་རྒྱ་གར་དང་རྒྱ་ནག་ནས་དར་བའི་དངོས་པོ་ཆེ་ཆུང་གྲངས་མེད་པ་ཞིག་མུ་སི་ལིམ་བརྒྱུད་ནས་ཡུ་རོབ་ཀྱི་ས་ཁུལ་རྣམས་སུ་དར་ཞིང་། ཡུ་རོབ་དང་དཀྱིལ་ཤར་ཡུལ་གྲུ་ནས་དར་བའི་དངོས་པོ་ཆེ་ཆུང་མང་པོ་ཞིག་མུ་སི་ལིམ་རྣམས་བརྒྱུད་ནས་ཤར་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་དར་བ་ལ། དེའི་རྒྱུ་མཚན་མུ་སི་ལིམ་གྱི་ལུང་པ་རྣམས་ཆགས་སའི་ས་གནས་ཤར་ཕྱོགས་ཨེ་ཤ་ཡ་དང་ནུབ་ཕྱོགས་ཡུ་རོབ་གཉིས་ཀྱི་བར་དུ་ཡོད་པས་མུ་སི་ལིམ་གྱི་ཡུལ་གྲུ་རྣམས་ནི་ཟམ་པ་ལྟ་བུར་གྱུར་ཡོད་པས་རེད། མདོར་ན་མུ་སི་ལིམ་རྣམས་ནི་འཛམ་གླིང་གི་ལོ་རྒྱུས་དང་རིག་གནས་གཉིས་ཀར་ཤུགས་རྐྱེན་ཧ་ཅང་ཆེ་བས། ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་རྣམས་ཀྱིས་བཤད་ན་འཛམ་གླིང་གི་རིག་གནས་གལ་ཆེ་བ་བཅུ་ཕྲག་མང་པོ་ཡོད་པ་ལ་དེ་དག་འགའ་ཤས་མུ་སི་ལིམ་གྱིས་གསར་གཏོད་བྱས་ཤིང་། འགའ་ཤས་གོང་འཕེལ་བཏང་བས་མུ་སི་ལིམ་དང་མ་འབྲེལ་བའི་རིག་གནས་ཕལ་ཆེར་མེད་པ་ལྟ་བུ་ཡིན་པར་གྲགས། འོན་ཀྱང་ཕངས་དགོས་པ་ཞིག་ནི་ཕྱིས་ཀྱི་མུ་སི་ལིམ་ཕལ་མོ་ཆེས་རྨོངས་དད་དང་ཕྱོགས་ཞེན་སོགས་ཀླ་ཀློའི་ལྟ་སྤྱོད་ཁོ་ན་སྟོན་པ་དེས་ད་ཆ་གནའ་བོའི་མུ་སི་ལིམ་གྱི་མཁས་པ་ཚོས་འཛམ་གླིང་གི་མི་ཡི་འགྲོ་བ་སྤྱི་ལ་ཕུལ་བའི་ལེགས་སྐྱེས་རྣམས་གཞན་ལྟ་ཞོག་མུ་སི་ལིམ་དུ་ཁས་འཆེ་བ་མང་པོས་ཀྱང་ཟུར་ཙམ་ཡང་མི་ཤེས་པ་འདིའོ། །

     དེ་ལྟར་ན་ཡང་ད་ལྟའི་ཆར་ང་ཚོའི་འཛམ་གླིང་འདི་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད་པས་ང་ཚོའི་འདས་པ་ཡང་ང་ཚོ་ཐུན་མོང་གི་འདས་པར་གྱུར་ཡོད་པས་ན་སུ་ཞིག་ཡིན་ཀྱང་འཛམ་གླིང་གི་ལོ་རྒྱུས་མདོར་བསྡུས་ཙམ་ཤེས་པ་ནི་ཧ་ཅང་གལ་ཆེ་ཞིང་། འདས་པའི་བྱུང་བ་ཤེས་པར་ཆོས་ལུགས་ཆེན་པོ་རྣམས་ཀྱི་ལོ་རྒྱུས་ནི་མ་ཤེས་ཐབས་མེད་ཡིན་པར་བརྟེན་འདིར་སྤྱིར་བཏང་བྱས་ན་ཅུང་ཟད་མང་དྲགས་ན་ཡང་། ཕལ་མོ་ཆེའི་ཤེས་ཚོད་ལ་ལྟོས་ན་ཉུང་སྐྱོན་མ་གཏོགས་མང་སྐྱོན་མེད་པའི་རྩོམ་འདི་ཉིད་བྲིས་པ་ལགས། འདི་དག་ལ་བརྟེན་ནས་ཀློག་པ་པོ་ཁྱོད་ཀྱིས་རང་གི་ཆོས་ལུགས་ལ་ཕྱོགས་ཞེན་དང་ང་རྒྱལ་ཙམ་དང་། གཞན་གྱི་ཆོས་ལུགས་ལ་མཐོང་ཆུང་དང་བརྙས་ལས་ཙམ་གྱིས་ཚིམས་ནས་མི་ཚེ་ཟད་མ་བཅུག་པར། གནས་ལུགས་ཤེས་པའི་སྒོ་ནས་གཞན་གྱི་ཆོས་ལུགས་ལ་སྙིང་ཉེ་རུ་གཏོང་བ་དང་གོ་རྟོགས་ལེན་ཐབས་བྱེད་པ་དང་འབྲེལ། རང་གི་ཆོས་ལུགས་ཀྱིས་ཀྱང་མི་ཡི་འགྲོ་བར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་ལེགས་སྐྱེས་ཅི་ཙམ་བཞག་པ་དང་། འཛམ་གླིང་གི་ལོ་རྒྱུས་ལ་འཕོ་འགྱུར་ཅི་ཙམ་བཏང་ཡོད་མེད་བསམ་གཞིགས་བྱ་འོས་པ་རེད། ཁོ་བོས་འདི་དག་འགྲུལ་བཞུད་ཀྱི་སྐབས་ཤིག་ཏུ་བྲིས་པས་དགོས་ངེས་ཀྱི་དཔྱད་གཞི་ཡིག་ཆ་རང་ཤག་ཏུ་ཡོད་པ་མང་པོ་ཞིག་ལ་ལྟ་རྒྱུ་མ་བྱུང་ཞིང་། འདིར་བྲིས་པ་རྣམས་ཀྱི་ཁུངས་གཅོལ་ས་གཙོ་བོ་ནི་འཛམ་གླིང་གི་ལོ་རྒྱུས་རིག་པ་གྲགས་ཅན་H.G. Wells གིས་བརྩམས་པའི་འཛམ་གླིང་ཧྲིལ་པོའི་ལོ་རྒྱུས་རྒྱས་བསྡུས་གཉིས། Norman Davies གིས་བརྩམས་པའི་ཡུ་རོབ་ཀྱི་ལོ་རྒྱུས་ཆེན་མོ། རྒྱ་གར་གྱི་སྲིད་བློན་དང་པོ་པཎ་ཌིཏ་ནེཧ་རུས་བརྩམས་པའི་འཛམ་གླིང་གི་ལོ་རྒྱུས་ལ་རོབ་ཙམ་ལྟ་བ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མཁས་པ་ཆེན་པོ་Bertrand Russel གིས་བརྩམས་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་རྣམས་དང་། གཞན་ཡང་མུ་སི་ལིམ་གྱི་གསུང་རྩོམ་གལ་ཆེན་ཕྱོགས་བསྒྲིགས། Tahar Ben Jelloun གིས་བརྩམས་པའི་ཨི་སི་ལམ་གྱི་གསལ་བཤད་སོགས་དེབ་དང་དཔྱད་རྩོམ་མི་ཉུང་བ་ཞིག་བལྟས་ནས་བྲིས་ཁུལ་ལགས། འོན་ཀྱང་བསམ་པ་བཞིན་དུ་ལྷོད་ལྷོད་བྱས་ནས་འབྲི་བའི་ཁོམ་པ་མ་བྱུང་ཡང་གནས་སྐབས་འདི་ཙམ་གྱིས་འཐུས་པར་བྱས་ཤིང་། ནོར་བ་དང་འཁྲུལ་པ་རེ་ཤོར་ཡོད་ན་ཡང་ཅི་སྐྱོན་ཏེ། འབད་བརྩོན་གྱི་སྐབས་སུ་ཤོར་བའི་ནོར་འཁྲུལ་ནི་ཡར་རྒྱས་ཀྱི་འགག་རྡོ་མ་ཡིན་པར་ཐེམ་སྐས་ཡིན་པས་སོ། །


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།