མུ་སི་ལིམ་ཆོས་ལུགས་ཀྱི་ལོ་རྒྱུས། (བར་དུམ་ཕྱི་མ།)

995

                 རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

ACDH2883.jpg
                པོབ་ཨུར་་རྦན་གཉིས་པ།

            དོན་ཚན་གསུམ་པ། མུ་སི་ལིམ་གྱི་དར་རྒུད།

    དུས་རབས་བཅུ་པའི་རྗེས་ཙམ་དུ་མུ་སི་ལིམ་དང་ཡེ་ཤུའི་ཆོས་ལུགས་གཉིས་ཀྱི་འགལ་ཟླ་ནི་མེ་ཆུ་ལས་ཀྱང་ངར་བར་གྱུར་ཏེ་དེས་ཤར་ནུབ་ཡུལ་གྲུ་གཉིས་ཀྱི་ཁ་ཕྱོགས་ལ་ཡང་ལྡོག་ཏུ་མེད་པའི་འཕོ་འགྱུར་བཏང་ཡོད། དེ་ཡང་ཡེ་ཤུའི་སྟོན་པ་མ་འཁྲུངས་པའི་ལོ་ཤས་གོང་དུ་ཡུ་རོབ་ལ་རོམ་ཞེས་སྙན་གྲགས་ལྡན་པའི་རྒྱལ་ཁབ་དེ་ཚུགས་པ་ལ། རིམ་པས་རོམ་གྱི་གཞི་རྒྱ་ཧ་ཅང་ཆེ་བར་གྱུར་ཏེ་ཤར་ནུབ་ཀྱི་རྒྱལ་ས་གཉིས་བཟོ་དགོས་བྱུང་། དེ་ཙམ་དུ་ཡེ་ཤུའི་ཆོས་ལུགས་ལྷག་པར་དར་ནས་དུས་རབས་བཞི་པའི་ནང་དུ་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྦི་རྫན་ཊེན་གྱི་རྒྱལ་ས་ཀོན་སི་ཊན་ཊི་ནོ་པོལ་ནི་ཡེ་ཤུ་ཆོས་ལུགས་ཀྱི་རྒྱལ་ས་ཐོག་མར་གྱུར། དེ་ནས་ཡུ་རོབ་ནུབ་ཕྱོགས་ལ་ཡང་ཡེ་ཤུའི་ཆོས་ལུགས་རྒྱ་ཆེར་དར་ནས་རིམ་པས་དེའི་མགོ་ཁྲིད་ནུས་པ་ཆེ་ཤོས་ནི་ཡེ་ཤུའི་བླ་ཆེན་པོབ་ཏུ་གྲགས་པ་ཉིད་གྱུར། འོན་ཀྱང་དེ་གཉིས་ཀྱི་རིག་གཞུང་དང་། གཉིས་པོའི་ཡེ་ཤུའི་ཆོགས་ལུགས་ཀྱི་ལྟ་གྲུབ་ཡང་ཅུང་ཟད་མི་མཐུན་པས་དུས་ཚོད་ཕྱིན་རིམ་བཞིན་འགལ་ཟླ་ཛ་དྲག་ཆེ་རུ་སོང་། དེ་དག་ལ་བརྟེན་ནས་རོམ་གྱི་རྒྱལ་སྲིད་ཉམས་པས་བསྐྱར་གསོའི་ཐབས་ཤེས་མང་དུ་བྱས་ཀྱང་གྲུབ་འབྲས་དེ་ཙམ་མ་ཐོན་པར་སྤྱི་ལོའི་དུས་རབས་དགུ་པ་ཙམ་དུ་ཡུ་རོབ་ཀྱི་ས་ཁུལ་རྣམས་སུ་རང་བཙན་ཅན་གྱི་རྒྱལ་ཁབ་རྗེར་མི་ནི་དང་། ཧྥ་རན་སི། དབྱིན་ལན་ཌི་སོགས་མི་ཉུང་བ་འབྱུང་བཞིན་ཡོད།

DGUJ3974.jpg
                    ཀུ་རུ་སིག

    དུས་སྐབས་དེར་མུ་སི་ལིམ་ནང་ཁུལ་ལ་ཡང་དུམ་བུ་མང་ཙམ་འཐོར་ཡོད་པས་ཡུ་རོབ་ཀྱི་ཡེ་ཤུའི་མང་པོས་ད་ཆ་མཐའ་མར་མུ་སི་ལིམ་གྱི་སྟོབས་ཤུགས་རྩ་བ་ནས་ཉམས་རྒུད་དུ་འགྲོ་ངེས་པའི་རེ་བ་ཞིག་མཐོང་ཡང་ཤར་གླིང་དབུས་མ་ནས་སླེབས་པའི་ཊུར་ཀིའི་དམག་དཔུང་གྲོག་ཚང་བརྡོལ་བ་བཞིན་བྱུང་ནས་ཡུ་རོབ་སྤྱི་དང་ལྷག་པར་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྦི་རྫན་ཊེན་ཧོན་འཐོར་བར་བྱས་ཡོད། དེ་ལ་རྦི་རྫན་ཊེན་གཅིག་པུས་ཁ་གཏད་བྱེད་ཐབས་བྲལ་བས་རྦི་རྫན་ཊེན་གྱི་རྒྱལ་པོས་བླ་ཆེན་པོབ་ལ་རྒྱབ་སྐྱོར་གནང་བའི་རེ་བ་ཞུས། སྟབས་ལེགས་པ་ཞིག་ལ་དེའི་སྐབས་ཙམ་དུ་ཡུ་རོབ་ཤར་ནུབ་གཉིས་ཀྱི་རྒྱལ་སའི་བར་དུ་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པས་མ་ཚད་གློ་བུར་དུ་ཨ་ཧྥི་རི་ཀའི་ས་ཁུལ་ནས་ཡིན་པའི་མུ་སི་ལིམ་གྱི་དཔོན་པོ་ཞིག་གིས་རྗེ་རུ་ས་ལིམ་ལ་ཡོད་པའི་ཡེ་ཤུའི་ལྷ་ཁང་གལ་ཆེན་ཞིག་གཏོར་བཤིགས་བཏང་བ་དང་འབྲེལ་ཡེ་ཤུའི་ཆོས་ལུགས་པ་རྣམས་ལ་གཉའ་གནོན་བཤུ་གཞོག་མང་པོ་བྱས་པ་དེར་ཡེ་ཤུའི་ཆོས་ལུགས་པ་མང་པོ་ཁོང་ཁྲོ་ཟས་ནས་ཡོད། དེ་ཡང་རྗེ་རུ་ས་ལེམ་ནི་ཨབ་ར་ཧམ་གྱི་ཆོས་ལུགས་གསུམ་གའི་འབྱུང་གནས་ཡིན་ཀྱང་དེའི་ལོ་རྒྱུས་ནི་འཐབས་འཁྲུགས་ཤ་སྟག་ལས་ཞི་བདེའི་དྲི་མ་དེ་ཙམ་མེད་པ་ཞིག་རེད། འདི་ཉིད་ཆོས་ལུགས་གསུམ་གར་གལ་ཆེ་བའི་རྒྱུ་མཚན་རྗེའུ་ཤིའི་ཆོས་ལུགས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་རྗེའུ་ཤིའི་ཆོས་ལུགས་ཀྱི་ལྟེ་གནས་ཡིན་པ་དང་། ཡེ་ཤུ་རྣམས་ལ་མཚོན་ན་ཡེ་ཤུའི་སྟོན་པའི་ཕ་ཡུལ་ཡིན་པའི་ཐོག་ཁོང་གིས་ཆོས་གསུང་ས་གཙོ་བོ་དང་། ད་དུང་ཁོང་སྐུ་གཤེགས་ས་དང་ཐ་མ་སླར་ཡང་བཞེངས་ནས་ཞིང་ཁམས་སུ་ཕེབས་ས་བཅས་ཀྱང་འདི་ཉིད་ཡིན་པས་རེད། གཞན་མུ་སི་ལིམ་རྣམས་ལ་མཚོན་ན་ཡང་མུ་ཧམ་མད་སྔོན་གྱི་སྟོན་པ་རྣམས་བྱུང་ས་དེ་ཡིན་པའི་ཐོག་མུ་ཧམ་མད་སྐུ་དངོས་ཞིང་ཁམས་སུ་ཕེབས་གནང་སའི་ས་ཆ་ཡང་འདི་ཉིད་ཡིན་པས་རེད།

UUDI5489.jpg

      རྦི་རྫན་ཊེན་རྒྱལ་པོའི་སྙན་ཞུ་འབྱོར་རྗེས་སྤྱི་ལོ་༡༠༩༥ ལོར་པོབ་ཨུར་རྦན་གཉིས་པས་མི་དམངས་ལ་བཀའ་ཁྱབ་བསྒྲགས་པའི་ནང་དུ། ཁོང་གིས་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་མུ་སི་ལིམ་མཐར་བསྐྲོད་གཏོང་བ་དང་འབྲེལ་རྗེ་རུ་ས་ལིམ་ཡེ་ཤུའི་ལག་ཏུ་ལེན་དགོས་ཤིང་དེའི་དོན་དུ་སུ་ཞིག་ཕྱིན་ན་ཡང་དེའི་སྡིག་པ་ཡོད་ཚད་འདག་པ་དང་ཡེ་ཤུ་མ་ཡིན་པ་སུ་ཞིག་བསད་ན་ཡང་སྡིག་པ་ཅི་ཡང་མེད་རབས་གསུངས་པའི་བཀའ་ལ་བརྟེན་ནས་ཡུ་རོབ་ཀྱི་ས་ཁུལ་གང་ས་ནས་སྐྱེས་པ་དང་སྐྱེས་སྨན། རྒད་པོ་དང་རྒད་མོ་སོགས། མདོར་ན་ས་ཆ་ཁ་ཤས་ནས་གྲོང་པ་ཧྲིལ་པོའི་མི་གཅིག་ཀྱང་མ་ལུས་པ་རང་གི་ལྷ་དང་དད་མོས་ཀྱི་ཆེད་དུ་དམག་འཐབས་ལ་ཆས་པ་ལ་དེ་འདྲ་ནི་ལོ་རྒྱུས་ཐོག་དེའི་སྔོན་རྗེས་གང་དུ་ཡང་བྱུང་མྱོང་མེད་པར་གྲགས། ཁྱོན་བསྡོམས་ཡེ་ཤུའི་དམག་མི་སྟོང་ཕྲག་དྲུག་ཅུ་ཡས་མས་ཡོད་པ་ཡུ་རོབ་ནུབ་ཕྱོགས་ནས་ཆས་ཏེ་རྦི་རྫན་ཊེན་གྱི་རྒྱལ་སར་འབྱོར་བ་ན་རྒྱལ་པོ་ཧོན་འཐོར་ཞིང་འཇིགས་དངངས་ཀྱང་སྐྱེས། རྒྱལ་པོའི་རེ་བ་ལ་སོ་སོས་བཀོད་འདོམས་ཆོག་པའི་དམག་མི་སྟོང་ཕྲག་ཁ་ཤས་གཏོང་ཡོང་བའི་རེ་བ་ཡོད་ཀྱང་ད་ལྟ་རང་གི་རེ་བའི་ཚད་གཞི་ལས་བརྒལ་བས་ཡེ་ཤུའི་དམག་མི་རྣམས་ལ་མུ་སི་ལིམ་མཐར་བསྐྲོད་བཏང་རྗེས་ཚུར་ཐོབ་པའི་ས་ཆ་རྣམས་རྒྱལ་པོ་རང་ལ་རྩིས་སྤྲོད་པའི་ཁས་ལེན་དང་དམ་བཅའ་བྱེད་དུ་བཅུག དེ་ནས་ཡེ་ཤུའི་དམག་དཔུང་དེ་དག་གིས་རང་ཁྱིམ་ནས་གཞན་ཡུལ་བར་ལེ་དབར་སྟོང་ཕྲག་གསུམ་ཙམ་བགྲོད་པའི་མཐར་དམིགས་ཡུལ་དངོས་རྗེ་རུ་ས་ལིམ་ལ་འབྱོར་ནས་མུ་སི་ལིམ་གཙོ་བོར་གྱུར་པའི་མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་མི་གྲངས་སྟོང་ཕྲག་སུམ་ཅུ་ཙམ་དམར་གསོད་བཏང་སྟེ་ཁྲག་གི་རྒྱ་མཚོ་བསྐྱིལ་ཞིང་རོ་ཡི་རི་བོ་སྤུངས།

CUYT8839.jpg

       ཐེངས་འདིར་རྗེ་རུ་ས་ལིམ་ཡེ་ཤུའི་ཆོས་ལུགས་ཀྱི་ལག་ཏུ་ཐོབ་པ་ནི་སྤྱི་ལོ་༦༣༤ ལོར་མུ་སི་ལིམ་ལ་ཤོར་བ་ནས་བཟུང་ལོ་ངོ་བཞི་བརྒྱའི་རྗེས་སུ་ཚུར་ཐོབ་པ་ཞིག་ཡིན་པས་གཏམ་བཟང་གལ་ཆེན་ཡིན་པ་བཤད་མ་དགོས་ཀྱང་གཏམ་བཟང་དེ་མ་འབྱོར་གོང་ཙམ་དུ་པོབ་ཨུར་རྦན་གཉིས་པ་ནི་གྲོངས་ཟིན་ཡོད། སྐབས་དེར་ཡེ་ཤུ་ཚོས་ཡེ་ཤུ་ཆོས་ལུགས་ཀྱི་དོན་དུ་ཡིན་པའི་མཚོན་བྱེད་དུ་རྒྱ་གྲམ་རེ་རེ་ཁུར་ནས་ཡོད་པས། འདི་ལ་དབྱིན་སྐད་དུ་ཀུ་རུ་སེཌ་༼རྒྱ་གྲམ་ལ་གོ་བ་སྟེ་ཡེ་ཤུའི་སྟོན་པ་རྒྱང་ཤིང་ལ་བཀྱོན་ནས་གྲོངས་པས་རེད།༽ཞེས་འབོད་ཅིང་། ཡེ་ཤུའི་ཆོས་ལུགས་པའི་ཀུ་རུ་སིཌ་ཐེངས་ཁ་ཤས་བྱུང་བ་ལས་ལོ་རྒྱུས་ཐོག་འདི་ལ་ཀུ་རུ་སེཌ་དང་པོ་ཞེས་འབོད། ཀུ་རུ་སེཌ་ལ་སླེབས་པ་རྣམས་ཀྱིས་རྗེ་རུ་ས་ལིམ་ཡེ་ཤུའི་ཆོས་ལུགས་ཀྱི་དབང་ཤུགས་བརྟན་པོར་འཛུགས་ཆེད་ཉེ་སྐོར་དུ་རྫོང་བཞི་བརྩིགས་པའི་རྗེས་སུ་ཕལ་མོ་ཆེ་ཡུ་རོབ་ཏུ་ཕྱིར་ལོག་བརྒྱབ། ལྷག་མ་རྣམས་ཀྱིས་རྗེ་རུ་ས་ལིམ་ལ་རྒྱལ་ས་ཟིན་པར་པོབ་རྗེས་མའི་ལམ་སྟོན་བཞིན་ཡུ་རོབ་ནས་མི་གྲངས་སྟོང་ཕྲག་མང་པོ་རི་ལུང་གི་ཕྲེང་བ་བརྒལ་ནས་རྗེ་རུ་ས་ལིམ་ལ་གནས་སྤོས་བྱས། འོན་ཀྱང་སྐབས་དེར་ཡེ་ཤུ་དང་མུ་སི་ལིམ་གྱི་འགལ་ཟླ་ཤིན་ཏུ་ཆེ་བས་རྗེ་རུ་ས་ལིམ་ལ་འགྲོ་མཁན་གྱི་ཡེ་ཤུ་ཚོས་ཐ་ན་ལམ་ཁར་རང་གིས་ངོ་ཤེས་པའི་མི་ཞིག་གི་ཕུང་པོ་མཐོང་ན་ཡང་མུ་མཐུད་འགྲོ་བ་ལས་ཕུང་པོ་སྦ་བ་སོགས་ཀྱི་ཐབས་ཤེས་བྱས་ན་དེའི་དཀྱིལ་དུ་རང་གི་སྲོག་ཀྱང་ཤོར་ཉེན་ཆེ་སྐད། དེ་ལྟར་ད་ཆ་རྗེ་རུ་ས་ལིམ་ལ་དབང་ཆ་ཙམ་དུ་མ་ཟད་དཔལ་འབྱོར་ཡང་ཆེན་པོ་ཐོབ་པའི་ཡེ་ཤུའི་དམག་དཔོན་རྣམས་ཀྱིས་རྦི་རྫན་ཊེན་གྱི་རྒྱལ་པོར་གསར་དུ་ཐོབ་པའི་ས་རྫོང་རྣམས་མ་སྤྲད་ནས་ཁས་ལེན་དང་འགལ་བར་བྱས་པས་ཡུ་རོབ་ཤར་ནུབ་ཀྱི་རྒྱལ་ཁབ་གཉིས་པོའི་འགལ་ཟླ་ཡང་བསྐྱར་གསོས་བྱུང་། མ་ཟད་ཀུ་རུ་སིཌ་གཉིས་པའི་སྐབས་སུ་ཡེ་ཤུའི་ཆོས་ལུགས་ལ་ཕམ་ཁ་ཐོབ་པའི་རྒྱུ་མཚན་གཙོ་བོ་ལྐོག་ཏུ་རྦི་རྫེན་ཊེན་དང་ཊུར་ཀིའི་མུ་སི་ལིམ་གཉིས་ནང་འབྲེལ་བྱས་པ་ལས་བྱུང་བར་བཤད་མཁན་ཡང་ཡོད།

PJYI0334.jpg
                       ཧ་རེམ།

     དེ་ནས་ཡེ་ཤུའི་དམག་མི་རྣམས་ཀྱི་ཡ་ང་མེད་པའི་བྱ་སྤྱོད་ཀྱི་དགྲ་ཤ་ལེན་པར་མུ་སི་ལིམ་ཚོས་རྗི་ཧད་ཅེས་པའི་ལས་འགུལ་སྤེལ་བ་ལ། རྗི་ཧད་ཅེས་པ་ནི་ཀུ་རན་གྱི་དགོངས་པ་ལྟར་ན་རང་གི་སྲོག་དང་རང་གི་ཆོགས་ལུགས་ཉེན་ཁའི་ནང་དུ་ཚུད་ན་དྲག་པོའི་ཐོག་ནས་འཐབ་ཆོག་པར་གོ། དེ་གཞིར་བཞག་ཐོག་ཡེ་ཤུའི་དམག་མི་ཕལ་མོ་ཆེ་ཕྱིར་ལོག་བརྒྱབ་པའི་གོ་སྐབས་དེ་དང་བསྟུན་ནས་རྗེ་རུ་ས་ལིམ་སླར་ཡང་ཚུར་ལེན་ཐབས་བྱེད་མཁན་གྱི་མུ་སི་ལིམ་དམག་དཔུང་མི་ཉུང་བ་བྱུང་བ་ལས། དམིགས་བསལ་འབུར་དུ་ཐོན་པ་ནི་ཊུར་ཀིའི་མི་རིགས་ཀྱི་དམག་དཔོོན་རྫེང་གི་ཟེར་བ་དམག་ཇུས་མཁས་ལ་གདུག་རྩུབ་ཆེ་བ་ཞིག་ཡོད་པ་དེ་རེད། དམག་དཔོན་དེས་ཡེ་ཤུའི་ཆོགས་ལུགས་པའི་དམག་དཔུང་དང་འཐབས་ནས་རྫོང་བཞིའི་ནང་གི་གཅིག་ཆམ་ལ་ཕབ། རྫོང་དེ་ཤོར་ན་རྗེ་རུ་ས་ལིམ་ཤོར་བའི་ཉེན་ཁ་ཡོད་པས་གཏམ་དེ་ཐོས་པ་ན་ཡུ་རོབ་ནས་སླར་ཡང་བླ་ཆེན་པོབ་ཀྱིས་ཀུ་རུ་སིཌ་གཉིས་པ་བཏང་། ཐེངས་འདིར་སྔར་གྱི་དམག་མི་ཅི་རེད་རེད་རྣམས་དང་མི་འདྲ་བར་ཡུ་རོབ་ནས་ཧྥ་རན་སིའི་རྒྱལ་པོ་དང་རྗེར་མི་ནིའི་རྒྱལ་པོ་གཉིས་ཀྱིས་དབུ་ཁྲིད་དེ་ཡེ་ཤུའི་དམག་དཔུང་ཁྲི་མང་པོ་སྡེ་ཚན་གཉིས་སུ་བྱས་ནས་སླེབས་ཀྱང་ལམ་ཁར་ཊུར་ཀིའི་དམག་དང་འཕྲད་ནས་ཕམ་ཁ་ཆེན་པོ་ཐོབ་སྟེ་རྗེར་མི་ནིའི་རྒྱལ་པོ་ཕྱིར་ལོག་བྱ་དགོས་བྱུང་། གཅིག་ཤོས་ཧྥ་རན་སིའི་རྒྱལ་པོ་རྗེ་རུ་ས་ལིམ་ལ་འབྱོར་བ་ལ་དེ་ནས་མི་རིང་བར་ཡོད་པའི་མུ་སི་ལིམ་གྱི་རྒྱལ་ས་རྙིང་པ་ཌ་མ་སི་ཀུ་སི་འཕྲོག་ཐབས་བྱས་ཀྱང་མ་ཐུབ་པར་ཕམ་ཁ་ཆེན་པོ་ཐོབ་ནས་ངོ་ཚ་བཞིན་དུ་ཕྱིར་ལོག་བྱ་དགོས་བྱུང་། ད་དུང་དེས་རྐྱེན་པས་མུ་སི་ལིམ་གྱི་ཤི་ཨ་དང་སུན་ནི་གཉིས་པོའི་ནང་ཁུལ་མཐུན་སྒྲིལ་ཇེ་ཆེར་སོང་བར་མ་ཟད། གལ་ཆེ་ཤོས་ཡུ་རོབ་ཀྱི་རྒྱལ་པོ་གྲགས་ཅན་རྣམས་དངོས་སུ་སླེབས་ཀྱང་དམག་ཕམ་པ་དེས་ཡེ་ཤུའི་ཆོས་ལུགས་པ་ཚོར་ཞེད་སྣང་ཆེན་པོ་སྐྱེས་ཤིང་མུ་སི་ལིམ་ཚོར་རེ་བ་ཆེན་པོ་ཐོབ།

RPEU3490.jpg

       དེ་རྗེས་སྔར་ཡེ་ཤུ་དང་མུ་སི་ལིམ་གཉིས་ཀྱི་བར་དུ་མུ་སི་ལིམ་གྱི་གནས་སྐོར་བ་རྣམས་རྗེ་རུ་ས་ལིམ་ལ་འགྲོ་བར་གནོད་པ་མི་བྱེད་པའི་ཁ་ཆོད་བཞག་ཡོད་ན་ཡང་། ཉིན་ཞིག་རྗེ་རུ་ས་ལིམ་གྱི་ཡེ་ཤུའི་དམག་དཔོན་ཞིག་གིས་མུ་སི་ལིམ་གྱི་གནས་སྐོར་བ་མི་ཉུང་བ་ཞིག་དམར་གསོད་བྱས་པར་བརྟེན། སྔར་རྫིང་གིའི་འོག་ཏུ་ལས་ཀ་བྱ་མྱོང་བའི་དམག་དཔོན་སྐད་གྲགས་ཅན་ས་ལ་ཌིན་ཞེས་གྲགས་པ་དེ་ད་ལྟ་ཨེ་རྗེབ་ཊི་དང་སི་རི་ཡའི་རྒྱལ་པོར་གྱུར་ཡོད་པས་དེས་ཧ་ཅང་ཐབས་ལ་མཁས་པོས་ཡེ་ཤུའི་དམག་དཔོན་དེ་ཚར་བཅད། ད་དུང་ཁོང་གིས་རྗེ་རུ་ས་ལིམ་གྱི་ཡེ་ཤུའི་རྒྱལ་པོ་དེ་ཡང་བཙོན་དུ་བཅུག་སྟེ། རྗེ་རུ་ས་ལིམ་ཡེ་ཤུ་ལ་ཤོར་ནས་ལོ་བརྒྱ་ཙམ་གྱི་རྗེས་སུ་ཁོང་གིས་མུ་སི་ལིམ་གྱི་ལག་ཏུ་ཕྱིར་ལེན་ཐུབ་པ་བྱུང་བས་མུ་སི་ལིམ་མང་པོས་ད་ལྟའི་བར་ཁོང་གི་བཀའ་དྲིན་བརྗེད་ཐབས་བྲལ། དམག་དཔོན་ཁོང་ནི་དཔའ་མཛངས་བརྟུལ་ཕོད་ལྡན་པ་དང་བསམ་ཤེས་ཆེ་བ་ཞིག་ཀྱང་ཡིན་པས། རྗེ་རུ་ས་ལིམ་ཁོང་ལ་ཐོབ་སྐབས་ཁོང་གིས་སྔར་ཡེ་ཤུའི་དམག་གིས་བྱས་པ་བཞིན་མི་དམངས་དཀྱུས་མ་རྣམས་དམར་གསོད་མ་བཏང་བར་ཞི་བའི་ངང་རྒྱལ་ས་རྩིས་བླངས་ཤིང་། ཡེ་ཤུ་དང་རྗེའུ་ཤིའི་ཆོས་ལུགས་པ་རྣམས་ལ་འགྲོ་འདོད་མཁན་ཚོས་རང་གི་རྒྱུ་ནོར་ཁྱེར་ནས་འགྲོ་ཆོག་ཅིང་སྡོད་འདོད་པ་ཚོས་རང་རང་གི་ཆོས་ལུགས་ཟིན་ནས་མུ་མཐུད་རང་གནས་སུ་སྡོད་ཀྱང་ཆོག་པའི་བཀའ་ཁྱབ་བསྒྲགས། ད་ཆ་རྗེ་རུ་ས་ལིམ་སླར་ཡང་མུ་སི་ལིམ་ལ་ཤོར་བའི་གཏམ་ངན་འབྱོར་བ་ན་ཡུ་རོབ་ནས་དབྱིན་ལན་ཌིའི་རྒྱལ་པོ་རི་ཆར་ཌི་ཞེས་པས་འགྲོ་སོང་ཕོན་ཆེན་བསྡུས་ནས་དམག་འཐབ་ཏུ་སླེབས། རི་ཆར་ཌི་ནི་ཡུ་རོབ་ལ་སྙན་གྲགས་ཡོད་པའི་དམག་དཔོན་ཡིན་པས་ས་ལ་ཌིན་ཡང་ཅུང་ཟད་ཞེད་དགོས་བྱུང་ཡོད། མཐར་རི་ཆར་ཌིས་དབུ་ཁྲིད་པའི་ཡེ་ཤུའི་དམག་དཔུང་རྣམས་སླེབས་ནས་མུ་སི་ལིམ་གྱི་དམག་ཐེངས་ཁ་ཤས་ཆམ་ལ་ཕབ་ཀྱང་། རྗེ་རུ་ས་ལིམ་དངོས་ལ་མ་འབྱོར་བའི་གོང་ཙམ་དུ་རི་ཆར་ཌིས་བསམ་ཡུལ་ལས་འདས་པའི་ཐག་གཅོད་ཅིག་བྱས། དེ་ཡང་ཁོང་གིས་ད་རེས་ང་ཚོ་ཐག་རིང་བ་དང་དམག་ཤུགས་རྫོགས་པས་རྗེ་རུ་ས་ལིམ་ལེན་ཐུབ་ཀྱང་མུ་མཐུད་འཛིན་མི་ཐུབ་པས་ཕན་མི་ཐོགས། དེ་ལས་སླར་ཡང་ཕྱིར་ལོག་བྱས་ནས་གྲ་སྒྲིག་བྱས་ན་བཟང་ཞེས་ཕྱིར་འཐེན་བྱས་པ་ཞིག་རེད། དེར་བརྟེན་རི་ཆར་ཌི་ཁོང་རྗེ་རུ་ས་ལིམ་ལ་ཕེབས་ཐུབ་མེད།

RTKO5436.jpg
                    སུ་ཧྥི།

    རི་ཆར་ཌི་དང་ས་ལ་ཌིན་གཉིས་ཀྱིས་རྗེས་མ་མཚོན་ཆ་ཐོགས་མེད་ན་ཡེ་ཤུའི་གནས་སྐོར་བ་རྣམས་རྗེ་རུ་ས་ལིམ་ལ་འགྲོ་ཆོག་པ་སོགས་ཀྱི་ཆིངས་བཞག་ནས་གནས་སྐབས་དམག་འཁྲུག་གི་མཚམས་བཞག ཁོང་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་ཐོག་ཧ་ཅང་སྙན་གྲགས་ཆེན་པོ་བྱུང་། དེ་ཡང་ཁོང་གཉིས་ཀས་ཕན་ཚུན་གྱི་དམག་རྩལ་དང་རྣམ་དཔྱོད་ལ་ཡིད་སྨོན་ཤོར་ཞིང་། རི་ཆར་ཌི་ན་བ་སོགས་བྱུང་སྐབས་ས་ལ་ཌིན་གིས་རྟ་ལ་སོགས་པའི་ལེགས་སྐྱེས་དང་སྨན་པ་ཡང་མངག་གཏོང་གནང་། མཐའ་མཇུག་ཏུ་རི་ཆར་ཌིས་རྗེས་མ་ཡོང་ཚུལ་གྱི་ཡི་གེ་བསྐུར་ནས་ལོག་སྐབས་ཨ་ལ་ཌིན་གྱིས་དེའི་ལན་དུ་གལ་སྲིད་རྗེས་སོར་རྗེ་རུ་ས་ལིམ་གཞན་ལ་ཤོར་ན་ཤོར་འོས་པ་ཁྱོད་ལས་མེད་ཅེས་བསྟོད་བསྔགས་གནང་། འོན་ཀྱང་ལོ་རྒྱུས་ཤེས་མཁན་མི་ཉུང་བས་ཕངས་སེམས་བྱེད་ས་ཞིག་ནི་གལ་སྲིད་སྐབས་དེར་རི་ཆར་ཌིས་ཅུང་ཟད་བསྒུགས་ཡོད་པའི་དབང་དུ་བཏང་ན་ཁོ་པར་གྲུབ་འབྲས་ཆེན་པོ་ཞིག་ཐོབ་ངེས་པ་ནི་ཟླ་བ་འགའ་ཤས་ཀྱི་རྗེས་སུ་ཨ་ལ་ཌིན་གྱིས་རང་གི་རྒྱུ་ནོར་ཕལ་མོ་ཆེ་དམངས་ལ་སྦྱིན་པ་བཏང་ནས་གྲོངས་པར་གྱུར་པས་རེད། དེ་ལྟར་མུ་སི་ལིམ་དང་ཡེ་ཤུའི་ཆོས་ལུགས་བར་ལོ་ཉིས་བརྒྱ་ཙམ་གྱི་རིང་དམག་འཁྲུག་ཆེན་པོ་གསུམ་བྱུང་ཞིང་། དེ་རྗེས་ཀུ་རུ་སེཌ་ལ་ཁ་གཏད་གཅོག་ཐུབ་པའི་མུ་སི་ལིམ་གྱི་དམག་དཔུང་ཤུགས་ཆེན་གནས་སྐབས་མ་བྱུང་ན་ཡང་། ཡུ་རོབ་ནས་པོབ་ཀྱིས་བསྐྱར་དུ་ཀུ་རུ་སེཌ་བཞི་པ་བཏང་བ་ལ་དེ་དག་གིས་རྦི་རྫེན་ཊེན་གྱི་རྒྱལ་སར་སླེབ་སྐབས་རང་མདོག་བསྟན་ནས་རྗེ་རུ་ས་ལིམ་ལ་འགྲོ་བའི་ཚབ་ཏུ་ཡུ་རོབ་རང་གི་རྒྱལ་ས་དེར་དམག་འཁྲུག་དང་འཕྲོག་བཅོམ་སོགས་བྱས་ནས་ལྷག་པས་ཀུ་རུ་སེཌ་བཞི་པ་ནི་ཡེ་ཤུའི་ནང་ཁུལ་གྱི་དམག་འཁྲུག་ཏུ་གྱུར་ནས་དེ་རྗེས་མུ་སི་ལིམ་དང་ཡེ་ཤུ་གཉིས་ཀྱི་བར་དུ་ཀུ་རུ་སེཌ་དངོས་ཤིག་བྱུང་མེད།

    འོན་ཀྱང་ཀུ་རུ་སེཌ་གི་དམག་བསྐྱར་དུ་མ་སླེབས་ཀྱང་རིང་པོ་མ་ལོན་པར་དུས་རབས་བཅུ་གསུམ་པའི་དཀྱིལ་དེར་མུ་སི་ལིམ་ལ་སླར་ཡང་འཇིགས་སུ་རུང་བའི་ཉེན་ཁ་ཞིག་འཕྲད་པ་ནི་གཞན་མ་ཡིན་པར་ཇིང་གེར་ཧན་གྱིས་དབུ་ཁྲིད་པའི་སོག་པོའི་དམག་དཔུང་གིས་སྤྱི་ལོ་༡༢༥༨ ལོར་བྷག་ཌད་གཙོ་བོར་གྱུར་པའི་མུ་སི་ལིམ་གྱི་གྲོང་ཁྱེར་མང་པོ་གཏོར་ཞིང་། མི་གྲངས་མེད་པ་དམར་གསོད་བྱས་པ་དེ་རེད། དེས་གྱོང་ཆེ་ཙམ་ཐེབས་ཀྱང་སྟབས་ལེགས་པ་ཞིག་ལ་རིམ་པས་ཕྱི་རོལ་དུ་གཞིས་ཆགས་ནས་གནས་པའི་སོག་པོའི་རྒྱལ་བརྒྱུད་ཕལ་མོ་ཆེ་ཆོས་ལུགས་མུ་སི་ལིམ་ལ་ཞུགས་པ་དེ་སོག་པོ་རང་གི་སྟོབས་ཤུགས་ཉམས་ཤིང་། མུ་སི་ལིམ་གྱི་ཆོས་ལུགས་དར་བའི་ཆ་རྐྱེན་དུ་གྱུར། སོག་པོའི་རྒྱལ་སྲས་རྣམས་ཀྱིས་མཚོན་དུས་སྐབས་དེར་མུ་སི་ལིམ་གྱི་ས་ཁུལ་རྣམས་རང་བཙན་ཡོད་ལ་མེད་ཀྱི་རྒྱལ་ཁབ་ཐར་རེ་ཐོར་རེའི་རྣམ་པར་ཡུན་རིང་གནས་ཡོད་པ་ལ། དུས་རབས་བཅུ་བཞི་པར་དེ་ཕལ་མོ་ཆེ་དབང་དུ་བསྡུ་བའི་བཙན་པོའི་རྒྱལ་རབས་སྙན་གྲགས་ལྡན་པ་ཞིག་དབུ་བརྙེས་པ་ལ་ལོ་རྒྱུས་ཐོག་ཨོ་ཊོ་མན་བཙན་པོའི་རྒྱལ་རབས་ཞེས་གྲགས། དེ་ནི་མི་རིགས་ཊུར་ཀི་དང་ཆོས་ལུགས་མུ་སི་ལིམ་ཡིན་པ་ཞིག་གོ། ཨོ་ཊོ་མན་ཞེས་ཐོགས་པ་ནི་སྤྱི་ལོ་༡༣༠༡ ལོར་དེ་ཉིད་ཐོག་མར་འཛུགས་མཁན་ཨོ་སི་མན་ཞེས་པ་ལས་བྱུང་བས་རེད། དེ་ཚོ་ཐོག་མར་ཤར་ཕྱོགས་ནས་ཡོང་བའི་འབྲོག་པའི་རིགས་ཡིན་པ་ལ་ཨོ་སི་མན་གྱིས་མགོ་ཁྲིད་པའི་འོག་ཏུ་ལོ་ལྔ་བཅུ་ཙམ་གྱི་ནང་དུ་འབྲོག་པའི་ཚོ་པ་ནས་མི་འབོར་ས་ཡ་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོར་གྱུར། ཁོ་ཚོ་འཕྲོགས་བཅོམ་ལ་དགའ་བོ་ཡོད་ཀྱང་ཆོས་ལུགས་ཀྱི་ཆ་ནས་གུ་ཡངས་ཆེ་ཙམ་ཡོད་པའི་ལོ་རྒྱུས་ཡོད།

     ཨོ་ཊོ་མན་གྱི་རྒྱལ་པོ་མེ་མེཌ་གཉིས་པས་སྤྱི་ལོ་༡༤༥༣ ལོར་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ས་གྲགས་ཅན་ཀོན་ས་ཊན་ཊི་ནོ་པོལ་དབང་དུ་བསྡུས་པ་ལ། རྒྱལ་ས་དེ་ནི་སྟོན་པ་མུ་ཧམ་མད་གིས་ཀྱང་དམག་དཔུང་སྟོབས་ཆེན་མེད་ན་ཀོན་སི་ཊན་ཊི་ནོ་པོལ་ལྟ་བུ་དབང་དུ་བསྡུ་མི་ཐུབ་ཅེས་གསུངས་པར་གྲགས་པ་བཞིན་གནའ་བོའི་དུས་ནས་མུ་སི་ལིམ་གྱི་མཐོང་སྣང་ལ་གཟི་བརྗིད་ཆེ་བའི་དཔེ་ཡིན་ཞིང་། རྒྱལ་ས་དེ་ལོ་གཅིག་སྟོང་ཙམ་ལྷག་ཙམ་གྱི་རིང་སུས་ཀྱང་དབང་དུ་བསྡུས་མ་ཐུབ་ཀྱང་ད་རེས་ཨོ་ཊོ་མན་གྱི་མུ་སི་ལིམ་ཚོས་དབང་དུ་བསྡུས་པ་ནི་མུ་སི་ལིམ་ཚོར་མཚོན་ན་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། དེ་དག་གིས་སྔར་གྱི་མིང་བརྙེས་པ་བརྗེས་ནས་མིང་གསར་པར་ཨི་ས་ཏན་རྦུལ་ཞེས་བཏགས་པས་ན་མིང་འདི་ད་ལྟའི་བར་གནས་ཡོད། དེར་རྒྱལ་ས་བཟུང་བའི་ཨོ་ཊོ་མན་གྱི་མངའ་ཐང་ཆེ་ཤོས་ནི་དུས་རབས་བཅུ་དྲུག་པའི་ནང་དུ་བྱུང་བའི་རྒྱལ་པོ་སུ་ལེི་མེན་དང་པོའི་སྐབས་སུ་བྱུང་ཞིང་། སྐབས་དེར་ཤར་ནུབ་ཀྱི་ས་ཆ་ཕལ་མོ་ཆེ་ཨོ་ཊོ་མོན་གྱི་མངའ་འོག་ཏུ་ཡོད་པས་འཛམ་གླིང་ཐོག་གི་བཙན་པོའི་རྒྱལ་ཁམས་རྒྱ་ཆེ་ཤོས་ཤིག་ཡིན་པ་དང་། ཁོ་ཚོ་མུ་སི་ལིམ་གྱི་ཤི་ཨ་དར་བའི་ས་ཁུལ་འགའ་ཤས་ལས་གཞན་མུ་སི་ལིམ་ལུང་པ་ཕལ་མོ་ཆེའི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་དུ་ཡང་གྱུར་ཡོད། ཁོ་ཚོས་དུས་ཡུན་རིང་པོའི་བར་དབང་བསྒྱུར་བྱས་པ་ལ་དེ་ཡང་ལས་སླ་པོས་བྱུང་བ་ཞིག་མ་ཡིན་པར། རྒྱལ་པོ་སེ་ལིམ་གྱིས་རྒྱལ་སྲས་གཅིག་རྒྱལ་པོའི་ཁྲིར་འཁོད་པ་ན་ཆབ་སྲིད་ཀྱི་བརྟན་ཆའི་ཆེད་དུ་རྒྱལ་སྲས་སྤུན་མཆེད་གཞན་ཚང་མ་གསོད་དགོས་པའི་ལུགས་སྲོལ་གཏན་འབེབས་བྱས། ལུགས་སྲོལ་དེ་ལྟར་ན་རྒྱལ་པོ་ཞིག་ཁྲིར་འཁོད་མ་ཐག་ཁོ་པའི་སྤུན་ཟླ་ཚང་མ་བཙོན་དུ་འཇུག་དགོས་ཤིང་ནམ་རྒྱལ་པོ་དེ་ལ་བརྒྱུད་འཛིན་ཕྲུ་གུ་བུ་ཞིག་སྐྱེས་ན་བཟང་བཙོན་དུ་ཚུད་ཡོད་པའི་སྤུན་ཟླ་ཚང་མ་དམར་གསོད་གཏོང་དགོས། དེའི་རྐྱེན་གྱིས་རྒྱལ་པོ་གཅིག་གིས་སྤུན་ཟླ་བཅུ་དགུ་ཙམ་གསོད་དགོས་བྱུང་ཡོད་ཅིང་འགའ་ཤས་ཀྱིས་སྙིང་རྗེའི་དབང་དུ་མི་གསོད་རྩིས་བྱས་ཀྱང་མཐའ་མཇུག་རྒྱལ་པོ་སོ་སོར་དཀའ་ངལ་འཕྲད་ཡོད། ཐ་ན་མཐའ་མར་ཨོ་ཊོ་མན་གྱི་བཙན་པོའི་རྒྱལ་རབས་འཐོར་བའི་རྒྱུ་རྐྱེན་གཅིག་ཨོ་ཊོ་མན་གྱི་རྒྱལ་པོ་གཅིག་གིས་སྤུན་ཟླ་རྣམས་མ་བསད་པར་བཙོན་ཁང་དུ་མུ་མཐུད་ཉར་བ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད།

      ད་དུང་ཁོ་ཚོས་མུ་སི་ལིམ་ནང་ཁུལ་དུ་ཡོད་པའི་རིགས་བརྒྱུད་བར་གྱི་འགལ་ཟླ་སོགས་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་ལ་གཞིགས་ནས་དུས་རབས་བཅུ་བཞི་པའི་ནང་དུ་ཁོ་ཚོས་ཡེ་ཤུའི་ཁྱིམ་ཚང་མང་པོའི་ཕྲུ་གུ་སྐྱེས་སྟོབས་ཀྱི་མཚན་ཉིད་བཟང་བ་རྣམས་བསྡུས་ནས་མུ་སི་ལིམ་གྱི་ཆོས་ལུགས་ལ་བཙུད་ཅིང་། དེ་ནས་དེ་དག་ལ་ནང་གི་ཤེས་ཡོན་དང་ཕྱིའི་ལུས་རྩལ་གཉིས་ཀ་བསླབས། དེའི་རྐྱེན་པས་ཐོག་མར་ཡེ་ཤུའི་ཁྱིམ་ཚང་ཚོའི་རང་གི་བུ་དང་བྲལ་བའི་སྡུག་བསྔལ་བཟོད་དཀའ་བ་བཤད་མ་དགོས་ཀྱང་ཕྱིས་སུ་བུ་དེ་དག་དམག་དཔོན་དང་རྒྱལ་པོའི་སྐུ་སྲུང་སོགས་གོ་གནས་མཐོ་བ་དང་བྱས་རྗེས་ཆེ་བ་མང་པོ་བྱུང་བས་རང་གི་བུ་དེའི་ནང་དུ་ཚུད་ཅི་ཐུབ་བྱེད་མཁན་ཡང་མང་པོ་བྱུང་ཞིང་། ཐ་ན་དེའི་དོན་དུ་ཆོས་ལུགས་འགྱུར་མཁན་ཡང་མང་པོ་བྱུང་། གཞན་ཡང་ཨོ་ཊོ་མན་གྱི་རྒྱལ་པོའམ་སུལ་ཏན་དུ་གྲགས་པ་ཚོར་ཡོད་པའི་སྐད་གྲགས་ཅན་གྱི་ཆ་རྐྱེན་གཞན་ཞིག་ནི་བུད་མེད་སྟོང་ཕྲག་ཙམ་ཡོད་པའི་ཁང་པ་ཧ་རེམ་ཟེར་བ་དེ་རེད། དེར་ཡོད་པའི་བུད་མེད་དེ་དག་ནི་ཆགས་སྤྱོད་ཀྱི་གཡོག་མོའི་ཚུལ་དུ་ཉར་བ་ཞིག་ཡིན་པ་དང་། ཨོ་ཊོ་མན་གྱི་རྒྱལ་པོ་ཚོར་དམིགས་བསལ་བཙུན་མོ་ཞེས་བསྐོ་སྲོལ་དེ་ཙམ་མེད་ཅིང་། དེ་དག་ལས་ཁྲི་ཐོག་ཏུ་བཞུགས་པའི་རྒྱལ་པོའི་སྐྱེས་སྨན་ལས་ཀྱང་རྒྱལ་པོའི་མ་ཡུམ་དུ་གྱུར་པ་ཉིད་གོ་ས་མཐོ་ཤོས་སུ་འགྱུར། ཐ་ན་རྒྱལ་པོས་བུད་མེད་གང་བསྟེན་མིན་སོགས་ཀྱི་དབང་ཆ་ཕལ་མོ་ཆེ་རྒྱལ་པོའི་མ་ཡུམ་ལ་ཡོད་སྐད། ཁང་པ་དེ་ནི་ཧ་ཅང་གསང་བ་ཡིན་པས་རྒྱལ་བརྒྱུད་རྣམས་མ་གཏོགས་དེར་འགྲོ་མི་ཆོག་ཅིང་། དེར་ཡོད་པའི་བུད་མེད་དེ་དག་ལ་ཆེད་དུ་བསྐོས་པའི་སྐྱེས་པ་མ་ནིང་རྣམས་ཀྱིས་སྲུང་སྐྱོབ་བྱེད་པ་དང་འབྲེལ་འདོད་པའི་སྒྱུ་རྩལ་དང་འབྲེལ་བའི་སྦྱོང་བརྡར་ཡང་སྤྲོད་དགོས། མུ་སི་ལིམ་གྱི་ཆོས་ལུགས་ལྟར་ན་སྐྱེས་པ་ཞིག་གིས་བརྩེ་བ་དང་ལྟ་སྐྱོང་འདྲ་མཉམ་བྱེད་ཐུབ་ན་བཟའ་ཟླ་བུད་མེད་བཞི་ཉར་བའི་ཐོབ་ཐང་ཡོད་ཀྱང་། སྐབས་དེའི་སུལ་ཏན་ཚོའི་བྱེད་སྟངས་ནི་མུ་སི་ལིམ་རང་གི་ཆོས་གཞུང་དང་འགལ་བར་ངོས་འཛིན་བྱེད། གང་ལྟར་རྒྱལ་སྲས་ཆ་ཚང་གསོན་པོར་ཡུན་རིང་སྡོད་པའི་དབང་ཆ་མེད་ཀྱང་། མ་བསད་བར་དུ་གསང་བའི་ཁང་པ་དེའི་ནང་དུ་ཉིན་མཚན་ཆད་མེད་བུད་མེད་དང་ལྷན་དུ་འདོད་པའི་ཡོན་ཏན་གང་དྲན་ལ་རོལ་ཆོག

       ཆོས་ལུགས་ཀྱི་ཐད་ནས་བཤད་ན་ཨོ་ཊོ་མན་གྱི་སྐབས་སུ་མུ་སི་ལིམ་གྱི་ཆོས་བརྒྱུད་དམིགས་བསལ་བ་ཞིག་དར་བ་ལ་དེའི་མིང་ལ་སུ་ཧྥི་ཞེས་ཡོངས་སུ་གྲགས། སུ་ཧྥི་ཞེས་པ་ནི་པེར་ཤ་ཡའི་སྐད་དུ་ཤེས་རབ་ལ་གོ་བར་བཤད་ཅིང་། སུ་ཧྥིའི་ཆོས་བརྒྱུད་འཛིན་པ་ཚོས་རྒྱུ་ནོར་གྱི་སྤྲོས་པ་སྤོང་ཞིང་ཚངས་སྤྱོད་ཀྱི་སྡོམ་པ་བསྟེན་པ། རས་དཀར་པོ་ལས་བཟོས་པའི་ཕྱུ་པ་དང་ཞྭ་མོ་དཀར་པོ་གྱོན་གྱི་ཡོད་པས་མུ་སི་ལིམ་གཞན་དང་མི་འདྲ། སུ་ཧྥི་རང་གིས་བཤད་ན་དེ་ནི་མུ་སི་ལིམ་གྱི་སྟོན་པ་མུ་ཧམ་མད་གིས་ཁོང་གི་ཚ་བོ་ཨ་ལི་ལ་ཆེད་དུ་གནང་བའི་གདམས་པ་ལས་བྱུང་བར་བཤད་ན་ཡང་མུ་སི་ལིམ་ཕལ་མོ་ཆེས་དེ་ཁས་མི་ལེན། མཁས་པ་འགའ་ཤས་ཀྱིས་འདི་ཉིད་ནང་ཆོས་ནས་དར་བར་ཡང་བཤད། གང་ལྟར་གྲུབ་མཐའ་འདིའི་ཁྱད་ཆོས་གཙོ་བོ་བྱམས་བརྩེ་ཡིན་ཅིང་། དེ་ཡང་ཐམས་ཅད་ལྷ་ལས་བྱུང་ཞིང་མཐར་ཡང་ལྷ་ལ་ཐིམ་འགྲོ་བས་ཐམས་ཅད་ཀྱི་ནང་དུ་ལྷ་ཡི་རང་བཞིན་མྱོང་བ་དང་། ལྷའི་མཛེས་སྡུག་ལྟ་བ། ལྷ་ཡི་གནས་ལུགས་རྟོགས་པར་བྱ་དགོས། དེ་ལྟར་བྱེད་པར་ཐ་མལ་པའི་ང་རྒྱལ་སྤངས་ནས་ལྷ་ཡི་རང་བཞིན་མངོན་དུ་བྱ་དགོས་པས་དེའི་ཆེད་དུ་ལུས་ཀྱི་ཟློས་གར་དང་རོལ་དབྱངས། ངག་གིས་བསྟོད་དབྱངས་དང་སྙན་ངག་སྒྲོག་པ། སེམས་ཀྱིས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པ་སོགས་བྱ་དགོས། དེས་ན་མུ་སི་ལིམ་གྱི་གྲུབ་ཐོབ་བུད་མེད་ཅིག་གིས་གལ་ཏེ་ཁོ་མོ་ཨ་ལ་ལ་གུས་པ་དེ་དམྱལ་བ་སོགས་ལ་འཇིགས་པས་ཡིན་ན་ཁོ་མོ་དམྱལ་བ་ལ་སྐྱེ་བར་གྱུར་ཅིག གལ་ཏེ་ཞིང་ཁམས་ལ་མོས་པས་ཡིན་ན་ཁོ་མོ་ཞིང་ཁམས་ནས་དབྱུངས་པར་གྱུར་ཅིག འོན་ཀྱང་གལ་ཏེ་ཨ་ལ་རང་ལ་གུས་པས་ཡིན་ན་ཁོ་མོ་ཨ་ལའི་འགྱུར་མེད་ཀྱི་མཛེས་སྡུག་དང་ལྡན་པར་གྱུར་ཅིག་ཅེས་སོགས་གསུངས་པ་ལྟར་ཨ་ལ་ལ་མོས་པ་ནི་ཞིང་ཁམས་ལ་རེ་བ་དང་དམྱལ་བ་ལ་དྭོགས་པ་བཅས་ཀྱིས་མ་ཡིན་པར་ཨ་ལའི་རང་བཞིན་དངོས་ལ་རང་བཞིན་གྱིས་མོས་པར་བྱེད་པའི་ཆོས་བརྒྱུད་ཅིག་གོ ཆོས་བརྒྱུད་འདི་འཛིན་པའི་མུ་སི་ལིམ་གྱི་མཁས་པ་ཤེས་རབ་ཅན་མང་དུ་བྱོན་པས་མུ་སི་ལིམ་གྱི་རྩོམ་རིག་རྨད་དུ་བྱུང་ཤོས་མང་པོ་ཞིག་སུ་ཧྥིའི་ཆོས་བརྒྱུད་ལས་བྱུང་བར་ངོས་འཛིན་སྲོལ་ཡོད།

      དེ་ལྟར་མུ་སི་ལིམ་གྱི་ཆོས་ལུགས་དེ་དུས་རབས་བདུན་པའི་ནང་དུ་ཐོག་མར་དབུ་བརྙེས་ནས་ལོ་བརྒྱ་ཕྲག་ཙམ་གྱི་རིང་དུ་གཙོ་བོ་ཨ་རབ་མི་རིགས་ཀྱིས་དབང་བསྒྱུར་ཞིང་། དེ་རྗེས་ཨ་རབ་ཙམ་མ་ཡིན་པར་ཨི་རཀ་དང་ཨི་རན་སོགས་དཀྱིལ་ཤར་ཡུལ་གྲུ་མང་པོས་ཆོས་ལུགས་དེའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། དེ་ནས་དུས་རབས་བཅུ་པ་ཙམ་གྱི་རྗེས་སུ་གལ་གནད་ཆེ་ཤོས་ནི་ཊུར་ཀིའི་མི་རིགས་རྣམས་ཡིན་པ་སྟེ། རྒྱ་གར་དུ་མུ་སི་ལིམ་གྱི་རྒྱལ་རབས་རྣམས་འཛུགས་མཁན་ཡང་གཙོ་བོ་ཊུར་ཀིའི་མི་རིགས་ཡིན་པ་དང་། དུས་རབས་བཅུ་བཞི་པའི་རྗེས་སུ་མུ་སི་ལིམ་གྱི་ལུང་པ་གཞན་ཕལ་མོ་ཆེ་དབང་སྒྱུར་མཁན་གྱི་ཨོ་ཊོ་མོན་བཙན་པོའི་རྒྱལ་རབས་ཀྱང་ཊུར་ཀིའི་མི་རིགས་ཀྱི་ཡིན་པས་རེད། དེ་དག་གིས་ཁ་ལོ་བསྒྱུར་བའི་དུས་རབས་མང་པོའི་རིང་དུ་མུ་སི་ལིམ་རྣམས་ནི་འཛམ་གླིང་ཐོག་གི་སྔོན་ཐོན་ཆེ་ཤོས་ཀྱི་སྲིད་པའི་དཔལ་ཡོན་གྲས་ཡིན་ཀྱང་། དུས་རབས་བཅུ་དྲུག་པའི་ནང་དུ་ཡུ་རོབ་མི་རིགས་རྣམས་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ལྟ་བུའི་རྨོངས་གཉིད་ཆེན་པོ་ལས་སད་དེ་དེ་དག་གིས་འཛམ་གླིང་གི་ལོ་རྒྱུས་ལ་བསམ་ཡུལ་ལས་འདས་པའི་ཡར་རྒྱས་དང་འཕོ་འགྱུར་མང་དུ་བཏང་བ་ལ། དེ་ལས་ལྡོག་སྟེ་མུ་སི་ལིམ་རྣམས་ནི་དུས་རབས་བཅུ་གཅིག་པ་ཡས་མས་ནས་མགོ་ཚུགས་ཏེ་རིམ་པས་ནང་ཁུལ་ལ་འཐེན་ཁྱེར་ཆེ། ཆབ་སྲིད་ལ་ཆིག་སྒྲིལ་མེད། གསར་གཏོད་ཀྱི་ཁ་ཕྱོགས་མེད། རྨོངས་ཞེན་གྱི་མུན་པ་འཐིབས། བུད་མེད་ཀྱི་རང་དབང་འཕྲོགས། ཆོས་ལུགས་ཀྱི་མིང་བེད་སྤྱད་ནས་ངན་དགུ་བྱས་པས་ཕྱིས་ཀྱི་མུ་སི་ལིམ་ཚོས་གནའ་བོའི་མུ་སི་ལིམ་གྱི་གཟི་བརྗིད་ཀྱི་འོད་སྟོང་ཡང་ལོ་རྒྱུས་ཀྱི་ཡིག་ཆ་ལ་མ་གཏོགས་མཐོང་རྒྱུ་མེད་པ་བཟོས་ནས་བསྒྲིབས་ཡོད། དེ་ལྟར་ན་ཡང་ཕྱིས་ཀྱི་མུ་སི་ལིམ་ཚོའི་སྤྱོད་ངན་གྱི་མུན་པས་གནའ་བོའི་མུ་སི་ལིམ་ཚོའི་བྱས་རྗེས་ཀྱི་འོད་སྣང་མེད་པ་བཟོ་ཐུབ་པ་ཞིག་ནི་མ་ཡིན་པར་གནའ་བོའི་མུ་སི་ལིམ་ཚོས་མི་ཡི་རིགས་སྤྱི་ལ་གལ་ཆེ་བའི་ལེགས་སྐྱེས་ཧ་ཅང་མང་པོ་བཞག་གནང་བ་ལས་དེ་དག་གི་སྐོར་ནི་དོན་ཚན་བཞི་པའི་ནང་དུ་བཤད་པར་བྱའོ། །


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།