༈ དགེ་འདུན་ཆོས་འཕེལ་ནི“གྲྭ་ལོག”ཅིག་རེད་དམ།

3825

                               རྩོམ་པ་པོ།  སྒོ་ཡོན།



       རིག་པའི་དབང་པོ་དགེ་འདུན་ཆོས་འཕེལ(1903-1951)ལགས་ཀྱི་སྐུ་ཚེའི་རྣམ་ཐར་ལ་མཇལ་དུས། ཁོང་གི་སྐུ་ཚེ་ཧྲིལ་པོ་རིགས་གསུམ་དུ་དབྱེ་ཆོག་པར་སྙམ་སྟེ། དགུང་གྲངས་བརྒྱད་ནས་ཉེར་ལྔའི་བར་དུ་ཡ་མ་བཀྲ་ཤིས་འཁྱིལ་དང་།   གཏེར་དགོན།  རྡི་ཚ།  བླ་བྲང་བཀྲ་ཤིས་འཁྱིལ་རྣམས་སུ་བཞུགས་ཏེ།  “མཁན་ཆེན་སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས”[1]པའི་གྲྭ་བཙུན་གྱི་ཚུལ་མཛད་པ་དང་། དགུང་གྲངས་ཉེར་ལྔའི་སྟེང་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་ར་སྐོར་ལས་བརྒལ་ཏེ་འབྲས་སྤུངས་ཕྱོགས་སུ་ཕེབས་རྗེས།  རི་མོ་བཙོང་བ་སོགས་ཀྱི་གླ་ཡོན་འཚོལ་བའི་ལྷ་སའི་སྲང་བར་གྱི་ཕྱེད་རབ་བྱུང་པའི་ཚུལ་དང་།   དགུང་གྲངས་སོ་གཉིས་སྟེང་རྒྱ་གར་དུ་བྱོན་པ་ནས། བུ་མོ་ཨ་ས་ལི་ལ་དང་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་སོགས་མཛའ་མོར་བསྟེན་པའི་ཁྱིམ་པ་མཛད་པ་བཅས་རིགས་གསུམ་དུ་དགར་ཆོག་པར་འདོད།    དེ་ལྟར་ན།   རིགས་མི་འདྲ་བ་གསུམ་ལས“གྲྭ་པ”ཞེས་པའི་རིགས་འདི་ཉིད་ཁོང་གི་སྐུ་ཚེའི་ཁྲོད་རྣམ་པར་མངོན་པ་ཇི་བཞིན།   “གྲྭ་ལོག”ཅེས་པའང་དེ་བཞིན་ནོ། །

དེ་ཡང“གྲྭ་ལོག”(བན་ལོག་གམ་དགེ་ལོག)ཅེས་པའི་ཐ་སྙད་འདི་ཉིད་གྲུབ་ནས་ཡུན་རིང་ཕྱིན་མེད་པ་འདྲ་ཡང་།  མིང་འདིའི་ནང་དོན་བྱུང་ནས་མི་ལོ་ཉིས་སྟོང་ལྷག་རྫོགས་པ་སྟེ། ཐུབ་པ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་གསར་གཏོད་མཛད་དེ་དུས་ཡུན་གང་འཚམ་སོང་རྗེས།  དཀོར་གྱི་ཉེས་པར་སྐྲག་སྟེ་དགེ་སློང་ལྔ་བརྒྱ་ཁྱིམ་པར་བབས་པ་དང་། ཚུལ་འཆལ་གྱི་རྣམ་སྨིན་ལ་སྐྱི་གཡའ་བའི་དགེ་སློང་དྲུག་ཅུས་བསླབ་པ་ཕུལ་བ་[2]སོགས། ཐུབ་པ་དངོས་སུ་ཞལ་བཞུགས་པ་ནས་ད་ལྟའི་བར་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་འགྲིབ་དང་འགྲོགས་ནས“གྲྭ་ལོག”ཀྱང་ཟམ་མ་ཆད་པ་བྱུང་བར་གྲགས་ན།  དགེ་འདུན་ཆོས་འཕེལ་ལགས་ཀྱང་དེ་དག་གི་གྲས་ལས་གཅིག་ལ་བགྲང་འོས།

སྤྱིར་བཏང་བོད་ལ་མཚོན་ན།  ཆོས་གཞུང་ཁྲོད་དུ་བསྟན་པ་ནང་བཞིན། “ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང”[3]བའི་གྲྭ་པ་མང་པོ་ཡོད་རྒྱུ་མ་རེད། 

གྲྭ་བཙུན་གང་ཞིག་ཚེ་གཅིག་ལུས་གཅིག་ལ་དགེ་ཚུལ་སློང་གི་སྡོམ་པ་ལེན་མཁན་མང་མོད།   དེ་དག་ཀྱང་།   ཕལ་མོ་ཆེ་ནི་གནའ་རབས་ཀྱི་སྐབས་སུ་རྒྱལ་པོའི་བང་མཛོད་དང་བཀས་བཅད་ཀྱི་འབངས་ཁྱིམ་[4]ལ་བརྟེན་ནས་འཚོ་བ་ལ། ད་ལྟའི་ཆར་ཡང་སོ་སོའི་ཁྱིམ་ཚང་དང་ཕ་མའི་ཡོང་སྒོ། དད་ལྡན་མང་ཚོགས་ཀྱི་འབུལ་ཡོན་བཅས་ལ་བརྟེན་པའི་སྒོ་ནས་འཚོ་བ་སྐྱེལ་བཞིན་ཡོད།  དེ་དང་ཆབས་ཅིག་དུས་རབས་གསར་རྙིང་ཀུན་ཏུ་དགོན་པར་བསྡད་པའི་གྲྭ་པའི་ཁྲོད“གྲྭ་ལོག”བྱེད་མཁན་མི་ཉུང་བ་ཞིག་མཆིས་ཤིང་།  སྤྱིའི་ཆ་ནས“འཁོར་བ་བཙོན་རར་མ་མཐོང”[5]བའི་ངང་ཚུལ་འདི་ཉིད། དགོན་པའི་ཆོས་རིག་སློབ་གསོ་ལ་འཐུས་ཤོར་གྱི་གནད་དོན་ཡོད་པས་ཡིན་སྲིད་མོད།    བྱེ་བྲག་ཏུ་དེ་ལའང་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད་པ་རེད།  

འོ་ན་དབེན་པའི་རི་ལ་ཕྱོགས་པའི་གྲྭ་པ་དེ་རྣམས། སླར་ཡང་ཁྱིམ་པའི་གནས་སུ་ཕྱིར“གྲྭ་ལོག”བྱེད་དགོས་དོན་ཅིའི་ཕྱིར་ཡིན་ནམ་ཞེ་ན། དེར་རྒྱུ་དྲུག་དང་རྐྱེན་བཞི་སོགས་ཡོད་པ་ལས།  གཤམ་གྱི་དོན་ཚན་བཅུ་ཙམ་དུ་མ་འདུས་པ་ཆེར་མི་སྣང་སྟེ། 

གཅིག ཁྱིམ་ཚང་གི་འཚོ་ཐབས་ཞན་པ་དང་། ཁྱིམ་མིར་སྐྱེས་པ་ཕོ་སྟོངས་ཏེ་གྲྭ་པ་བྱེད་པའི་སྐལ་བ་དབེན་པ།

གཉིས། ཆུང་ངུའི་དུས་ནས་གཅིག་པུར་བསྡད་དེ། ཁམས་དཀར་པོ་ཕྱིར་མ་འཕོས(ལག་གཡེམ་མ་བྱས)པས། སྙིང་ན་བ་སོགས་ནད་ཀྱིས་གདུང་སྟེ་གྲྭ་པའི་བླང་བྱ་དོར་བ།  

གསུམ། སྐྱེས་མ་གང་སུ་ཞིག་ལ་མཉེས་ཏེ།  བརྩེ་དུངས་ཀྱི་མདུད་པ་འགྲོལ་མ་བཏུབ་པ། 

བཞི། ཚོང་ཁེ་དང་འགྲུལ་བཞུད་ལ་གོམས་པས།  རིམ་གྱིས་གྲྭ་པའི་འཚོ་བར་སྤྲོ་སྣང་ཉམས་པ།   

ལྔ། ཆོས་ལུགས་གྲུབ་མཐའི་ལྟ་སྤྱོད་ལ་དོགས་པ་བསླངས་ཏེ།   དགོན་པ་ནས(དགོན་པའི་དབུ་འཛིན་དང་རྒྱུན་ལས་ཁང་།  ཡང་ན་གྲྭ་དམངས་གང་རུང་གིས)གནས་དབྱུང་བཏང་བ། 

དྲུག དགེ་འདུན་པའི་དཀོར་གྱི་ཉེས་དམིགས་ལ་འཇིགས་ཏེ།  རབ་བྱུང་གི་འཚོ་བ་སྤངས་པ།

བདུན། དགོན་པའི་སྒྲིག་ཁྲིམས་བཙན་པ་དང་འཚོ་བ་དབུལ་བས་མ་བཟོད་དེ། གྲོང་ལ་འཁྱམ་དགོས་བྱུང་བ།   

བརྒྱད། མ་བྱིན་པ་བླངས་པ་དང་རྡོ་རྗེའི་མཆེད་ལྕམ་ལ་འགལ་ཟླ་ཆགས་པ་སོགས་སོར་བྱང་སྔགས་གསུམ་གྱི་རྩ་བའི་སྡོམ་པ་བརླགས་པས།  དགེ་འདུན་པའི་གྲལ་ནས་མི་འབུད་ཀ་མེད་བྱུང་བ།

དགུ། ཡེ་ཤུ་དང་མུ་སི་ལིམ་སོགས་ཆོས་ལུགས་གཞན་གྱི་ཆོས་སྒོར་ཞུགས་ཏེ། ནང་བསྟན་གྱི་གྲྭ་པའི་ཚུལ་ལུགས་སྤངས་པ།

བཅུ། ཨུ་དུམ་བཙན་པོའི“གསར་བརྗེའི”སྐབས་དང་། ད་ལྟའི་བོད་ལུང་མང་པོའི་གནས་སྟངས་ལྟར།  སྲིད་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གྲྭ་པའི་གྲངས་ཀ་ཚོད་འཛིན་བྱས་པ་སོགས།  མདོར་ན། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས།  སོ་སོ་གྲྭ་པའི་འཚོ་བ་དང་ཁ་མི་འབྲལ་ཐབས་མེད་བྱུང་དང་འབྱུང་བཞིན་ཡོད།   

དེས་ན།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཡང་སྙིང“གྲྭ་ལོག”བྱེད་དགོས་དོན་ག་རེ་ཡིན་ནམ་ཞེ་ན། དེར་ཕྱི་ནང་གི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་སྲིད་པས།  མཐའ་གཅིག་ཏུ་ཁ་ཚོན་གཅོད་ཐབས་བྲལ་ཡང་། བརྟག་པ་མཐར་བཟུང་གིས“ཆོས་ལུགས་གྲུབ་མཐའི་ལྟ་སྤྱོད་ལ་དོགས་པ་བསླངས་ཏེ།   དགོན་པ་ནས་གནས་དབྱུང་བཏང་བ”ཞེས་པའི་དོན་དེར་རྗེས་སུ་དཔག་ན།  ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ“དགེ་བཤེས་མཁས་པ་དག་ལ་རྩོད་པ་བྱེད་སྐབས། འཇམ་བཞད་ཀྱི་ཡིག་ཆར་ཡང་ཁས་མ་བཞེས་པའི་རིག་ལམ་ཕྲ་མོ་སུན་འབྱིན་པ”[6]དང་། “སྐབས་དེར་གྲྭ་པ་ཚོའི་ཁ་ནས་འདྲ་མིན་སྣ་ཚོགས་བཤད་དེ། ལྡི་ཚ་ཨ་ལགས(དགེ་འདུན་ཆོས་འཕེལ)ལ་དད་པ་མེད”[7]ཅིང་།  “དཔེ་ཆར་མི་བལྟ་བར་གཙོ་བོ་རིག་གནས་ནང་ལ་འཁོར་ནས་འདུག”[8]ཅེས་སོགས་བསྒྲགས་པར་བརྟེན། དགོན་པ་དེར་མུ་མཐུད་བཞུགས་ཏེ་ཐོས་བསམ་སྒོམ་གསུམ་དང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པར་དགོན་པའི་དབུ་ཁྲིད་དམ་གྲྭ་དམངས་ཀྱིས“བར་ཆད”བརྩམས་ཡོད་སྲིད།   གཅིག་བྱས་ན“བར་ཆད”དེ་ནི་ཁོང་གི་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་དབུ་བརྩམས་པ་མ་ཡིན་ནམ།

གང་ལྟར།  དུས་དེ་ནས་བཟུང་སྟེ།   དབུས་ལྷ་སའི་ཡུལ་དང་རྒྱ་གར་འཕགས་པའི་གནས་རྣམས་སུ་འགྲུལ་བཞུད་བརྩམས་ཏེ།   “ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང་། །མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ། །གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས།།  ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན”[9]སྙམ་པའི་ཕུགས་འདུན་ལ་གཞོལ་བ་རེད།   ཕུགས་འདུན་དེ་ནི“བཙུན་གཟུགས་ཐལ་དོང་དུ་བསྐྱུར”པའི་ངང་ཚུལ་ཏེ།   “གྲྭ་ལོག”ཅེས་བྱ་བ་ཞིག་གཞི་གྲུབ་པའི་ཉེར་བསྡོགས་སོ།། 

འོན་ཀྱང་།  “རང་ཡུལ་རང་ལ་རྒྱུས་ཡོད”[10]པའི་བོད་ལ་མཚོན་ན། གྲྭ་པ་བྱེད་རྒྱུ་ནི་ལས་སླ་མོ་ཡིན་ནའང་།  “གྲྭ་ལོག”བྱེད་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན།   དེ་ནི་གནའ་བོའི་རོམ་གྱི་དམར་འཛིང་མཁན་རྣམས་འཐབ་རའི་ནང་ལ་འཛུལ་བར་ཚེགས་མེད་ཀྱང་།  ནང་ནས་གསོན་པོར་སྒོར་འཐོན་རྒྱུ་ཤིན་ཏུ་དཀའ་བ་དང་མཚུངས།   

དེ་ཡང་ཆོས་གཞུང་དུ་ཐེག་པ་ཆེ་ཆུང་གི་ཁྱད་པར་ལ་ལྟོས་ཏེ། “……དགེ་སློང་གི་དྲུང་དུ་སོང་ནས་བསླབ་པ་འབུལ་ལོ་ཞེས་སྨྲས་ན་བསླབ་པ་ཕུལ་བའོ། །”[11]ཞེས་སོགས་བསླབ་སྡོམ་དབུལ་རུང་བའི་རྣམ་གཞག་ཙམ་མཛད་ཡོད་ཀྱང་།   སྤྱིའི་ཆ་ནས་སོ་སོར་ཐར་བའི་ཕྱི་ནང་གསང་གསུམ་དུ་གྲྭ་པ་ལས་ལོག་པར་སྔོན་འགོག་སྣ་ཚོགས་བྱས་ཡོད་པས།   ཆོས་ལུགས་ཀྱི་ཁྲིམས་སྲོལ་དང་དགོན་སྡེའི་བཙན་ཁྲིམས་ལ་འཇིགས་དགོས་པ་དང་།  གཉིས་ནས་ཆོས་དད་ཤིན་ཏུ་ཟབ་པའི་སོ་སོའི་ཕ་མ་དང་གཉེན་ཉེ་རྣམས་ཀྱིས་གྲྭ་པའི“གོ་ས”ནི་ཀུན་ཀྱི་མཆོག་ཏུ་བརྩི་བས།  ཁྱིམ་མིའི་དད་ཞེན་དང་རེ་འབྲས་བཟློག་ཐབས་དཀའ་ལ།  གསུམ་ནས་གནའ་དེང་གི་བོད་མི་ཕལ་མོ་ཆེའི་སྣང་བརྙན་ལ།  གྲྭ་པ་ལས་ལོག་པ་ནི“དགེ་བ”དང“ཡང་དག་པ”ལས་ལྡོག་པ་ལྟ་བུར་ངོས་འཛིན་བྱེད་པས།  སྤྱི་ཚོགས་ཀྱི་བཤད་ཡམས་སྣ་ཚོགས་གདོང་ལེན་དཀའ་བ།   བཞི་ནས་དགོན་པའི་ཤེས་རིག་ཁྲོད་མི་སྒེར་གྱི་ལྟོ་གོས་གཏམ་གསུམ་ལ་ཐད་ཀར་སྨན་པའི་ཉེར་མཁོའི་ཤེས་བྱ་ཕོན་ཆེན་སློབ་རྒྱུ་མེད་པས། གྲོང་པའི་སྤྱི་ཚོགས་སུ་རྒྱུ་བར་རང་ཁ་རང་གསོ་མི་ཐུབ་པའི་འཚོ་བའི་གནད་དོན་འབྱུང་བ་སོགས།   འདྲ་མཉམ་དང་རང་དབང་གི་ལྟོ་བ་ཡངས་པའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས“གྲྭ་ལོག”ནི་ནག་ཉེས་ཤིག་ཏུ་མི་བརྩི་མོད། ཆབ་སྲིད་དང་ཆོས་ལུགས“རབ་རིབ”དར་བའི་སྒེར་གཅོད་ཀྱི་སྤྱི་ཚོགས་སུ“གྲྭ་ལོག”ལ་བཟུང་བའི་རྣམ་འགྱུར་རབ་ཏུ་རྩུབ་བོ།།

དེ་བས།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་།  “བདག་ནི་ངོ་ཚ་ཆུང་ཞིང་མོ་དད་ཆེ། །ངན་པ་བདམས་ཤིང་བཟང་པོ་འདོར་བའི་རིགས།  །སྡོམ་པའི་མགོ་བོ་སྔོན་ནས་མེད་མོད་ཀྱང་།  །བརྫུ་ཡི་རྒྱུ་མ་ཉེ་དུས་འདི་རུ་ཆད”[12]ཅེས།  གནའ་དེང་གི“གྲྭ་ལོག”མང་ཤོས་འཕྲད་ངེས་པའི་སྤྱིའི་དཀའ་ཁག་དང་འདྲ་བར།    སྡོམ་པའི་རྩ་བ་སྔོན་ནས་རུལ་བར་གྱུར་ཀྱང་།  ཕྱི་ནང་གི་གནོན་ཤུགས་མཐའ་ཡས་པས་དུས་ཡུན་རིང་པོར་སྔར་བཞིན་བཙུན་པ་ཡིན་ཁུལ་གྱི“བརྫུ་ཡི་རྒྱུ་མ”བཀྲོལ་མ་ཐུབ་པར་ལུས་ཡོད་ངེས་རེད།     

འོན་ཀྱང་། “གྲྭ་ལོག”ལའང་ནང་གསེས་ཀྱི་ཁྱད་པར་འགའ་ཞིག་འདུག་སྟེ།   “ཁྱིམ་པའི་རྟགས་བླངས་རབ་བྱུང་རྟགས་ལས་ཉམས”[13]ཀྱང་།  ཁས་བླངས་ཀྱི(ནང་གི)སྲུང་སྡོམ་མ་ཉམས་པར་གནས་པའི་ཕྱིའི“གྲྭ་ལོག”དང་།  གོས་ཀྱི་པགས་པ་དམར་སེར་ངུར་སྨྲིག་བགོས་ཀྱང་།   བསླབ་སྡོམ་གྱི་དམ་ཚིག་གང་ཡང་བྲལ་བའི་ནང་གི“གྲྭ་ལོག”  ཆས་གོས་དང་འདུལ་ཁྲིམས་གཉིས་ཀས་དབུལ་བའི་ཕྱི་ནང་ཟུང་ལྡན་གྱི“གྲྭ་ལོག”སྟེ། ཁྱད་པར་མི་འདྲ་བའི་མུ་བཞི་བརྩི་རྒྱུ་ཡོད་པ་ལས།   དགེ་འདུན་ཆོས་འཕེལ་ལགས་ནི་གོ་རིམ་དེ་དག་དལ་གྱིས་བརྒྱུད་པའི་ཕྱི་ནང་ཟུང་ལྡན་གྱི“གྲྭ་ལོག”ཅིག་ཡིན་པར་སྙམ།  གང་ལྟར།   “ཨ་འཐས་ཞེན་པའི་སྲུང་སྡོམ་གྱི་ན་རུ་བོར་ཏེ།”[14] མཐར“རྙེད་པ་སླ་ཞིང་གཅིག་གིས་གཅིག་འདོད་ན། །སྤྱད་པ་ལས་ཀྱང་སྲེད་པ་སྡིག་ཆེ་བས། །ཅིས་ཀྱང་འཁྲིག་པའི་ལོངས་སྤྱོད་བརྟེན་པར་འཐད”[15]པའི་འཇིག་རྟེན་གྱི་འདོད་པའི་དཔལ་ཡོན་དང་དུ་བླངས་པའོ།།

གཞན་ཡང་དགེ་འདུན་ཆོས་འཕེལ་ལགས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དགོན་པའི་ཤེས་རིག་གི་ཤུགས་རྐྱེན་ཟབ་མོ་མངའ་བའི“གྲྭ་ལོག”རྟོགས་ལྡན་ཞིག་སྟེ། ཇི་སྐད་དུ། “ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་གཞག་ལ། །མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མིན་ཞིང་། །སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།  །སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས”[16]ཞེས།  མཛེས་པ་དང་། སྐྱིད་པ་དང་། བདེན་པར་སྣང་བའི་འདུས་བྱས་ཀྱི་ཆོས་གང་ལའང་བསམས་ཤིང་བསམ་ན་ནི་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་ཕྱིར། ཀུན་ཀྱང་སྐྱོ་བའི་སྣོན་མ་ལས་མི་འདུག་པའི་ངང་ཚུལ་ལ་ཁོ་ཐག་ནང་ནས་ཆོད་དེ།  མཐར་དམ་པའི་ཆོས་རྣལ་མ་ཞིག་བསྒྲུབ་པར་རེ་ཞིང་། “མདོར་ན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ།  །སེམས་ནི་སྟོང་བ་གཞི་མེད་རྩ་བྲལ་ཉིད།  །གཞི་མེད་ཆོས་ལ་བདག་ཏུ་བཟུང་བ་ཡིས།  །ཁྱོད་དང་ང་ཡང་འཁོར་བའི་གནས་སུ་འཁྱམས”[17]པའི་དབང་གིས། གནས་ལུགས་གདོད་མའི་མགོན་པོ་དེ་བཞིན་ཉིད་ཀྱི་རང་ཞལ་དངོས་སུ་མཐོང་བའི་ནང་བསྟན་མཚན་ཉིད་རིག་པ་ཡི་བསྟན་བྱའི་སྙིང་པོ་ནི། ཁོང་གི་སྐུ་ཚེའི་མཐའ་མཇུག་གི་འབབ་ཚིགས་ལྟ་བུར་གྱུར་འདུག

ཡིན་ན་ཡང་། ཁོང་ནི་ནང་བའི་བསྟན་པ་འབའ་ཞིག་ལ་ཞེན་པ་མཁྲེགས་པོ་བཞེས་པའི་མཁས་པ་ཞིག་གཏན་མིན་ཏེ། ཁོང་གིས“དོན་དགོས་གལ་ཆེ་བའི་ལེགས་སྦྱར་དང་།  །མི་དགོས་ཕྱི་གླིང་སྐད་ཀྱང་བསླབས”[18]པ་མ་ཟད།  ཤེས་རིག་རྙིང་བའི་ཕོ་བྲང་ལ་སྒེའུ་ཁུང་གསར་པ་སྤྲོད་པའི་བླ་ན་མེད་པའི་མཁྱེན་དཔྱོད་གང་གིས།   ཤེས་རིག་དང་རིག་གནས་གང་ལའང“གྱང་གི་ཕ་རོལ”ཕྱིན་ནས་ཚུར་གཟིགས་པར་མཛད་པས། ད་གཟོད“ཕྱི་རོལ་རྫི་ཡི་ཁྱད་པར”[19]མངའ་བའི་བོད་ཀྱི“གྲྭ་ལོག”རྣམ་པའི་གྲས་ལ། གང་ཉིད་ནི་ཁྱད་དུ་འཕགས་པའི“གྲྭ་ལོག་དགེ་འདུན་ཆོས་འཕེལ”ཞེས་བྱ་བར་གྲགས་པ་རེད།

དེ་ལྟ་ན།  འཇིག་རྟེན་མི་ཆོས་ཀྱི་བླང་བྱ་དང་སྤྱི་ཚོགས་གསར་པའི་འཕོ་འགྱུར་གྱི་ངོས་གང་ནས་བལྟས་ཀྱང་། རྒྱ་ནག་ལ་ལུའུ་ཞུན(鲁迅,1881-1936)ལྟ་བུའི“སྟག་ཤར”མང་དུ་མཁོ་བ་ཇི་བཞིན།  ད་ལྟའི་བོད་ལའང་རྟོགས་པའི་ས་མཐོར་བརྙེས་པའི་དགེ་འདུན་ཆོས་འཕེལ་ལྟ་བུའི“གྲྭ་ལོག”མང་པོ་མཁོའོ། །

                    ༢༠༡༤.༠༤.༠༡ལ་མགོ་ལོག་ཏུ་བྲིས།
                   ༢༠༡༩.༠༤.༠༥ལ་དར་མདོར་བཅོས།

            ཟུར་མཆན།


[1] «གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད།»  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༢ལོའི་ཟླ༡༢པར་པར་ཐེངས་དང་བོ་བཏབ།   ཤོག་ངོས༣༡༩པར་གསལ། 
[2] «འཕགས་པ་དཀོན་མཆོག་བརྩེགས་པའི་མདོ»དང«འདུལ་བ་གཞི»སོགས་སུ་གསལ།
[3]  «འདུལ་བ་ལུང»གི་ཚིག
[4] «ཆོས་འབྱུང་མཁས་པའི་དགའ་སྟོན།»   དཔའ་བོ་གཙུག་ལག་ཕྲེང་བ་བརྩམས།།  མི་རིགས་དཔེ་སྐྲུན་ཁང་།   ༢༠༠༦ལོའི་ཟླ་དང་པོར་པར་གཞི་དང་པོ་བསྒྲིགས།   ཤོག་ངོས༢༡༩པར་གསལ།
[5]  དཔལ་སྤྲུལ་འཇིགས་མེད་དབང་པོའི་གསུང་།
[6] «དུང་དཀར་ཚིག་མཛོད་ཆེན་མོ།»   བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༢ལོའི་ཟླ༤བར་པར་གཞི་དང་བོ་བསྒྲིགས། ཤོག་ངོས༦༠༥པར་གསལ།
[7] «དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི།»  ལུག་ཤེ་ཌི་ལེར(Cuc schaedler)གྱིས་ཨ་ལགས་ཡོངས་འཛིན་ཚང་ལ་བཅར་འདྲི་བྱས་པའི་ཚིག ༢༠༡༦ལོའི་ཟླ༡༢པའི(ནང་ཁུལ)པར་གཞི། ཤོག་ངོས༩-༡༠པར་གསལ།
[8] «དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི།»  ལུག་ཤེ་ཌི་ལེར(Cuc schaedler)གྱིས་ཨ་ལགས་ཡོངས་འཛིན་ཚང་ལ་བཅར་འདྲི་བྱས་པའི་ཚིག ༢༠༡༦ལོའི་ཟླ༡༢པའི(ནང་ཁུལ)པར་གཞི།  ཤོག་ངོས༡༤པར་གསལ།
[9] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་
བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར། ༢༠༠༦ལོའི་པར་གཞི།  ཤོག་ངོས༡༦༣པར་གསལ།
[10] དགེ་འདུན་ཆོས་འཕེལ་གྱི་གསུང་།
[11] «འདུལ་བ་གཞུང་དམ་པའི»ཚིག
[12] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར། ༢༠༠༦ལོའི་པར་གཞི།  ཤོག་ངོས༧༡པར་གསལ།
[13] «སྡོམ་གསུམ་རྣམ་ངེས»ཀྱི་ཚིག
[14] འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་གསུང་།
[15] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར།   ༢༠༠༦ལོའི་པར་གཞི།  ཤོག་ངོས༧༠པར་གསལ།
[16] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར། ༢༠༠༦ལོའི་པར་གཞི།  ཤོག་ངོས༧༠པར་གསལ།
[17] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར།   ༢༠༠༦ལོའི་པར་གཞི།  ཤོག་ངོས༡༧༡པར་གསལ།
[18] «མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཞུགས་སོ།།» (པོད་དང་བོ)  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར།   ༢༠༠༦ལོའི་པར་གཞི།  ཤོག་ངོས༡༤༣པར་གསལ།
[19]  དགེ་འདུན་ཆོས་འཕེལ་གྱི་གསུང་།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།