གནའ་བོའི་བོད་དང་པེར་ཤ་ཡ་གི་འབྲེལ་བ།

2985

                                           རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།


       པེར་ཤ་ཡ་ཟེར་བ་ནི་ཨེ་ཤ་ཡ་ཡི་ལྷོ་ནུབ་ཀྱི་ཁུལ་དུ་ཆགས་པའི་ཡུལ་གྲུ་ཞིག་ཡིན་པ་ལ། དེ་ལ་དེང་སང་ཨི་རན་ཞེས་འབོད་ཅིང་། མུ་སི་ལིམ་གྱི་རྒྱལ་ཁབ་གྲགས་ཆེ་ཤོས་ཤིག་ཡིན་པ་རེད། འདི་ཡི་མི་རིགས་ནི་འཕགས་པའི་མི་རིགས་ཡིན་པས་རྒྱ་གར་དང་ཡུ་རོབ་སོགས་ཀྱི་མི་རིགས་དང་གཅིག་ཡིན་པར་ངོས་འཛིན་བྱ་སྲོལ་ཡོད་ཅིང་། དེང་སང་ཨི་རན་ཞེས་འབོད་པ་ཡང་ཨརྱཱ་སྟེ་འཕགས་པའི་མི་རིགས་ཞེས་པའི་དོན་རེད། འདི་ནི་ལོ་རྒྱུས་ཐོག་རིག་གནས་ཀྱི་ལྟེ་གནས་རྙིང་ཤོས་ཤིག་ཡིན་པ་དང་། སྟོབས་ཤུགས་ཀྱང་ཆེ་བས་གནའ་བོའི་རྒི་རི་སི་ལ་འཇིགས་སྐུལ་གཏོང་མཁན་གཙོ་བོ་ཞིག་ཡིན་པ་རེད། པེར་ཤ་ཡ་གི་མངའ་ཐང་རྒྱས་སྐབས་དཀྱིལ་ཤར་ཡུལ་གྲུ་ཕལ་མོ་ཆེ་པེར་ཤ་ཡ་གིས་དབང་དུ་བསྡུས་པའི་ལོ་རྒྱུས་ཡོད་ཅིང་། དེའི་ཆོས་ལུགས་དང་རིག་གནས་ཀྱི་ཤུགས་རྐྱེན་གྱིས་རྒི་རི་སི་སོགས་ནུབ་ཕྱོགས་དང་། རྒྱ་གར་དང་རྒྱ་ནག་སོགས་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་ཁྱབ་ཡོད།

         ལོ་རྒྱུས་ཀྱི་དོན་རྐྱེན་དང་གལ་གནད་དེ་དག་གི་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་དུ་ཡོད་ཅིང་། དེ་དག་གིས་བརྩམས་པའི་དཔེ་དེབ་ཀྱང་གྲངས་མེད་པ་ཡོད་ན་ཡང་འདིར་གཞན་རྣམས་གཡུགས་ནས་སྐབས་སུ་བབ་པར་པེར་ཤ་ཡ་དང་གནའ་བོའི་བོད་ཀྱི་བར་དུ་བྱུང་བའི་འབྲེལ་བའི་སྐོར་ལ་ཅུང་ཟད་བཤད་པར་འདོད། དེ་ཡང་བོད་བཙན་པོ་དང་འབྲེལ་བའི་ཡིག་ཆ་རྣམས་སུ་པར་སིཀ་ཅེས་ཡང་ཡང་འབྱུང་བ་ལ་དོན་དུ་པར་སིཀ་ནི་པེར་ཤ་ཡ་གི་སྒྲ་ཟུར་ཆགས་པ་ཞིག་ཡིན་པ་དང་། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ་བོད་དང་པར་སིཀ་གི་འབྲེལ་བ་ཧ་ཅང་ཟབ་པས་ལོ་རྒྱུས་ཐོག་བོད་ནི་ཐོག་མར་པེར་ཤ་ཡ་དང་འབྲེལ་བ་ཆེ་ཤོས་བྱུང་ཞིང་། དེ་རྗེས་རྒྱ་གར་དང་འབྲེལ་བ་ཆེ་ཤོས་བྱུང་། དེ་ནས་རྒྱ་ནག་དང་འབྲེལ་བ་ཆེ་ཤོས་བྱུང་སྟེ་རིམ་པས་ད་ལྟའི་བོད་ཀྱི་རྣམ་པ་འདི་གྲུབ་ཡོད།

      དེ་ཡང་བོད་དང་པེར་ཤ་ཡ་གཉིས་ཀྱི་འབྲེལ་བ་བྱུང་བ་ཡང་གཙོ་བོ་ས་ཁམས་དང་འབྲེལ་བ་ཆེན་པོ་ཡོད་པ་ནི་བཤད་མ་དགོས་པ་སྟེ། གནའ་བོའི་པེར་ཤ་ཡ་གི་མངའ་ཐང་རྒྱས་སྐབས་དེའི་ཤར་ཕྱོགས་ཀྱི་ས་མཚམས་དང་བོད་ཀྱི་ནུབ་ཕྱོགས་ཀྱི་ས་མཚམས་རྣམས་ཧ་ཅང་ཉེ་བོ་ཡོད་པས་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཡོང་བའི་རྨང་གཞི་ཚུགས། དེར་བརྟེན་མཁས་པ་རྣམས་ཀྱིས་གནའ་བོའི་པེར་ཤ་ཡ་དང་བོད་ནུབ་ཕྱོགས་གཙོ་བོར་གྱུར་པའི་བོད་རིགས་རྣམས་ཀྱིས་མི་ཤི་བའི་ཕུང་པོ་ལ་རས་དཀར་པོས་བཀབ་ནས་རྡོ་ཡི་ཐོག་ཏུ་འཇོག་པ་དང་། བྱ་རྒོད་ལ་སྤྲོད་ཚུལ་སོགས་ཡུལ་གྲུ་གཉིས་པོའི་ལུགས་སྲོལ་རྙིང་པ་མང་པོ་འདྲ་མཚུངས་ཧ་ཅང་ཆེ་ཞིང་། དེ་འདྲའི་ལུགས་སྲོལ་ནི་གནའ་བོའི་པེར་ཤ་ཡ་དང་བོད་གཉིས་ལས་ཡུལ་གྲུ་གཞན་ལ་ཧ་ཅང་དཀོན་པར་བཤད།

     ད་དུང་ནུབ་ཕྱོགས་ཀྱི་མཁས་པ་Giuseppe Tucci ཏུ་ཅི་དང་Geoffery Samuel སེ་མུ་ཨེལ་གཉིས་ཀྱིས་གནའ་བོའི་བོན་གྱི་ལུགས་སུ་ཐོག་རྡེའུ་འམ་གནམ་ལྕགས་དགུ་བསྒྲིགས་རྙེད་ན་ཧ་ཅང་བཟང་པོར་འཛིན་སྲོལ་ཡོད་པ་ལྟར་པེར་ཤ་ཡ་གི་ནུབ་ཕྱོགས་ནས་ཡིན་པ་ལུ་རི་སི་ཏན་ཞེས་པའི་ལུང་པ་དེ་ནས་ཀྱང་དངོས་པོ་དེ་འདྲའི་རིགས་རྙེད་སོན་བྱུང་བ་དེས་རིག་གཞུང་གཉིས་པོའི་བར་དུ་གནའ་བོའི་དུས་སུ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་བྱུང་ཡོད་པར་དྭོགས་པ་གནང་ཡོད།

       འགའ་ཤས་ཀྱིས་གནའ་བོའི་པེར་ཤ་ཡ་དང་བོད་ཀྱི་ལུགས་སྲོལ་གཉིས་ཧ་ཅང་འདྲ་བ་ཡང་ཆེས་སྔ་མོའི་དུས་སུ་དེ་གཉིས་ཀྱི་འཚོ་གནས་ཀྱི་ཡུལ་ཁམས་སམ་ཁོར་ཡུག་བཅས་འདྲ་བའི་རྒྱུ་མཚན་གྱིས་ཡིན་པར་དྭོགས་པ་བྱེད་ཅིང་། ད་དུང་པེར་ཤ་ཡ་གི་བཤད་སྲོལ་ལྟར་ན་པེར་ཤ་ཡ་གི་རྒྱལ་པོ་དང་པོར་གྲགས་པ་གྷ་ཡ་མ་ར་ཏན་ཞེས་པའི་མི་སེར་རྣམས་རི་མཐོན་པོའི་ཁུལ་དུ་གནས་ཤིང་། ལུས་ལ་སེམས་ཅན་གྱི་པགས་པ་གྱོན། སེམས་ཅན་སྒོ་ཕྱུགས་སུ་གསོས་ཏེ་འཚོ་བ་སྐྱེལ་གྱི་ཡོད་པར་བཤད་པ་ཡང་འགའ་ཤས་ཀྱིས་ས་ཆ་དེ་ནི་བོད་ཡིན་མིན་ལ་དྭོགས་པ་བྱེད་ཀྱི་ཡོད། གང་ལྟར་ཡང་ལོ་ངོ་ཆིག་ཁྲི་བརྒྱད་སྟོང་ཡས་མས་ཙམ་གྱི་གོང་དུ་བོད་ནུབ་ཕྱོགས་ཀྱི་ས་ཆ་ཞང་ཞུང་དང་པེར་ཤ་ཡ་གཉིས་པོའི་བར་དུ་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ་བྱུང་སྟེ། བོད་ཀྱི་ཆོས་ལུགས་རྙིང་ཤོས་བོན་ཡང་དོན་དུ་པེར་ཤ་ཡ་ནས་བོད་ལ་དར་ཁྱབ་བྱུང་བའི་རྣམ་པ་གསལ་པོ་ཡོད་པ་རེད།

      དཔེར་ན་བོན་གྱི་སྟོན་པའི་མཚན་གཤེན་རབ་ལ་སོགས་པའི་བོན་གྱི་ཐ་སྙད་མང་པོ་ཞིག་བོད་དང་ཞང་ཞུང་གི་སྐད་ལས་ཀྱང་པེར་ཤ་ཡ་གི་སྐད་དང་ཧ་ཅང་འདྲ་ཆེ་བ་དང་མང་པོ་ཞིག་གིས་བོད་དང་ཞང་ཞུང་གི་སྐད་ལ་དོན་དམིགས་བསལ་མི་སྟོན་ཀྱང་པེར་ཤ་ཡའི་བརྡ་རྙིང་ནང་དུ་དོན་དག་གསལ་པོ་ཡོད་པ་དེས་ཞིབ་འཇུག་པ་མི་ཉུང་བ་ངོ་མཚར་དུ་བཅུག་པར་གྲགས། ད་དུང་བོན་གྱིས་ཞིང་ཁམས་སུ་ངོས་འཛིན་པའི་འོལ་མོ་ལུང་རིང་ཞེས་པ་དེ་ཡང་མཁས་པ་རྣམས་ཀྱིས་གནའ་བོའི་དུས་སུ་པེར་ཤ་ཡའི་ས་ཁུལ་ཡིན་ཀྱང་། ད་ལྟའི་ཆར་ཨུ་ཛ་རྦེ་ཀི་སི་ཐན་གྱི་ལུང་པར་ཡོད་པའི་ཨོལ་མ་ལིཥ་ཞེས་པ་དེ་ཡིན་པར་དྭོགས་པ་བྱེད་ཀྱི་ཡོད་པ་རེད།

      དུས་རབས་བདུན་པའི་ནང་དུ་ཨ་རབ་ཀྱི་སྟོབས་ཤུགས་རྒྱས་པས་པེར་ཤ་ཡའི་སྟོབས་ཤུགས་ཉམས་མགོ་ཚུགས་ན་ཡང་། པེར་ཤ་ཡ་དང་བོད་གཉིས་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད། སྐབས་དེར་བོད་དུ་སྲོང་བཙན་སྒམ་པོས་བཙུགས་པའི་ཡར་ཀླུངས་རྒྱལ་རབས་ཀྱི་སྟོབས་ཤུགས་ཧ་ཅང་རྒྱས་པས་བོད་བཙན་པོ་ནི་དུས་རབས་བདུན་པའི་ནང་དུ་ཨེ་ཤ་ཡའི་ས་ཁུལ་དུ་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། རྩོམ་པ་པོ་A. Nikitin ནི་ཀི་ཊིན་ཞེས་པས་སྐབས་དེར་བོད་བཙན་པོའི་དམག་དཔུང་གི་སྟོབས་ཤུགས་གློ་བུར་དུ་རྒྱས་པ་ཡང་ཨ་རབ་ཀྱི་བཙན་འཛུལ་ལ་བརྟེན་ནས་པེར་ཤ་ཡའི་མི་མང་པོ་ཞིག་ཤར་ཕྱོགས་སུ་བྲོས་ནས་རིམ་པས་བོད་ལ་སྐྱབས་ཞུས་པ་དང་། དེ་ཚོ་འགའ་ཤས་ཤིག་བོད་བཙན་པོའི་མི་སྣ་གལ་ཆེན་དུ་གྱུར་ཏེ་ཁོ་ཚོས་བོད་དམག་གི་སྦྱོང་བརྡར་སྔར་ལས་ཀྱང་ཕུན་སུམ་ཚོགས་པ་བཟོས་པས་ཡིན་པར་བཤད།

       དེ་ལ་རྒྱུ་མཚན་མེད་པ་ཡང་མ་ཡིན་པར་རྩོམ་པ་པོ་ Beckwith རྦེཀ་ཝིཐ་ཞེས་པས་རྒྱ་ནག་གི་ཡིག་ཆ་འགར་བོད་བཙན་པོའི་དམག་རྣམས་ནི་པེར་ཤ་ཡའི་རྒྱལ་རབས་མཐའ་མ་སྟེ་སེ་སཱ་ནིའེན་ཞེས་པའི་དམག་ཆས་དང་འདྲ་བར་དམག་དང་རྟ་གཉིས་ཀའི་མགོ་དང་ཁོག་སྟོད་ཕལ་མོ་ཆེ་ཁྲབ་རྨོག་གིས་བཀབ་ཡོད་ཚུལ་བཤད་ཡོད་པ་རེད། ཨ་རབ་ཀྱིས་སེ་སཱ་ནིའེན་རྒྱལ་རབས་ཆམ་ལ་ཕབ་ནས་མུ་མཐུད་ཤར་ཕྱོགས་སུ་སྟོབས་ཤུགས་བསྐྱེད་ན་ཡང་བོད་བཙན་པོས་ཡུ་གུར་ནས་ཡིན་པའི་ཊུར་གི་མི་རིགས་དང་མཉམ་འབྲེལ་གྱིས་ཨ་རབ་ཀྱི་དམག་དཔུང་ཕྱིར་བསྐྲོད་བཏང་རྗེས་དེ་སྔོན་པེར་ཤ་ཡ་གི་ཤར་ཕྱོགས་སུ་ཆགས་ཤིང་པེར་ཤ་ཡ་གི་མངའ་ཁོངས་ཡིན་པའི་ཡུལ་གྲུ་ཁོ་ཏན་ལ་སོགས་པ་མི་ཉུང་བ་ཞིག་བོད་ཀྱི་མངའ་འོག་ཏུ་བསྡུས་ཡོད།

      དེའི་འབྲས་བུར་ཁོ་ཏན་ནས་ནང་པའི་གྲྭ་པ་དང་། ལག་རྩལ་པ་དང་། ཚོང་པ་མི་ཉུང་བ་ཞིག་བོད་དུ་གནས་སྤོས་བྱས་པ་དེས་དེ་དག་གིས་བོད་ཀྱི་རིག་གནས་ལ་ཤུགས་རྐྱེན་རྒྱ་མི་ཆུང་བ་བཞག་ཅིང་། ལྷག་པར་པེར་ཤ་ཡའི་ཤར་ཕྱོགས་ནས་ཡིན་པའི་ལུང་པ་ Sogdia སོག་དྷི་ཡ་ཞེས་པའི་(དེང་སང་ཏ་ཇི་ཀི་སི་ཐན་དང་ཨུཛ་རྦེ་ཀི་སི་ཐན་སོགས་ཀྱི་ས་ཁུལ་དུ་ངོས་འཛིན་སྲོལ་ཡོད།)ལུང་པ་དེའི་མི་མང་པོ་ཞིག་བོད་བཙན་པོ་ལ་སྐྱབས་བཅོལ་བས་དེ་དག་གི་བརྒྱུད་ནས་བོད་དང་པེར་ཤ་ཡ་ཙམ་མིན་པར་བོད་དང་ཨ་རབ་ཀྱི་བར་དུ་ཡང་ཚོང་འབྲེལ་ཆེན་པོ་བྱུང་། བོད་ནས་པེར་ཤ་ཡ་དང་ཨ་རབ་ལ་ཕྱིར་འདྲེན་བྱས་པའི་ཚོང་རྫས་གྲགས་ཆེ་ཤོས་ཤིག་ནི་གླ་རྩི་ཡིན་པ་ལ་སྐབས་དེར་བོད་ནས་བྱུང་བའི་གླ་རྩི་ནི་དྲི་བཟང་གོང་ཚད་ཆེ་ཤོས་སུ་གྱུར་ཡོད་པ་རེད། དུས་རབས་བཅུ་པའི་ནང་དུ་བྱོན་ཅིང་ཨ་རབ་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཆེ་ཤོས་དང་འཛམ་གླིང་འགྲུལ་བཞུད་པ་ Al Mas’udi མ་སུ་ཌི་གི་གསུང་རྩོམ་དུ་པེར་ཤ་ཡའི་ཤར་ཕྱོགས་སུ་བོད་དང་རྒྱ་ནག་ནས་ཡིན་པའི་ཚོང་པ་མང་པོ་དང་ཐུག་འཕྲད་བྱུང་ཚུལ་གསུངས་ཡོད་པ་རེད།

     ད་དུང་བོད་དུ་ཧ་ཅང་དར་ཁྱབ་ཆེ་བའི་གོས་ཆེན་ཀྱང་དེང་སང་ཞིབ་འཇུག་པ་རྣམས་ཀྱིས་ཐོག་མར་རྒྱ་ནག་ནས་བོད་དུ་བྱུང་བ་ཞིག་མ་ཡིན་པར་སོག་དྷི་ཡ་ནས་བོད་ལ་སླེབས་པའི་དྭོགས་གཞི་ཆེ་བར་གཟིགས་ཀྱི་ཡོད་པ་དང་། གནའ་བོའི་དུས་སུ་བོད་བཙན་པོས་དབང་དུ་སྒྱུར་བའི་མདོ་སྨད་ཀྱི་ས་ཁུལ་ནས་སོག་དྷི་ཡ་གིས་བཟོ་སྐྲུན་བྱས་པའི་དངོས་པོ་འགའ་ཤས་ཉེ་དུས་རྙེད་སོན་བྱུང་ཡོད་ཅིང་། གཞན་ཡང་གནའ་བོའི་པེར་ཤ་ཡ་གི་ཡིག་གཟུགས་ནང་དུ་བྲིས་པའི་ཅ་དངོས་རྙིང་པ་ཊམ་ཀ་སོགས་མི་ཉུང་བ་ཞིག་ཀྱང་བོད་ནས་རྙེད་སོན་བྱུང་ཡོད་པ་རེད། གང་ལྟར་རྒྱ་ནག་དང་བོད་ལུགས་ཀྱི་རི་མོ་ཡོད་པའི་ཅ་དངོས་མི་ཉུང་བ་ཞིག་སོག་དྷི་ཡ་ནས་རྙེད་སོན་བྱུང་ཞིང་། པེར་ཤ་ཡ་གི་ལུགས་ཀྱི་རི་མོ་ཡོད་པའི་གནའ་རྫས་མི་ཉུང་བ་ཞིག་རྒྱ་ནག་དང་བོད་ཀྱི་ས་ཁུལ་ནས་རྙེད་སོན་བྱུང་བ་དེས་པེར་ཤ་ཡ་དང་བོད་ཀྱི་བར་དུ་འབྲེལ་བ་ཟབ་མོ་ཡོད་པ་ནི་གཏམ་རྒྱུད་ཙམ་མིན་པར་ལོ་རྒྱུས་རང་བཞིན་ཡིན་པའི་དཔང་རྟགས་གསལ་པོར་གྱུར་ཡོད།

     དེ་བཞིན་བོད་པ་རྣམས་ཀྱིས་ཧ་ཅང་དད་མོས་ཆེ་བའི་སངས་རྒྱས་འོད་དཔག་མེད་ཀྱང་། རྒྱ་གར་ཡུལ་དབུས་སུ་སྙན་གྲགས་དེ་ཙམ་མེད་པ་ལ་གཙོ་བོ་པེར་ཤ་ཡའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་བའི་དཀྱིལ་ཤར་ཡུལ་གྲུ་ནས་དར་ཏེ་ཐོག་མར་རྒྱ་ནག་ཏུ་དར་ཞིང་། རིམ་པས་བོད་དུ་དར་བ་ཞིག་ཡིན་པ་དང་། འོད་དཔག་མེད་དང་འབྲེལ་བའི་འགྲེལ་བརྗོད་རྣམས་ནི་གནའ་བོའི་པེར་ཤ་ཡའི་ཆོས་ལུགས་སྟོན་པ་Zartosht རྫར་ཏོ་ཤྟ་གསུངས་པའི་ལྟ་གྲུབ་དང་ཧ་ཅང་འདྲ་མཚུངས་ཆེ་བས་ན་ཞིབ་འཇུག་པ་མང་པོས་འོད་དཔག་མེད་ཀྱི་དད་མོས་རིང་ལུགས་ནི་དོན་དུ་རྒྱ་གར་ལས་བྱུང་བ་མིན་པར་པེར་ཤ་ཡ་ལས་བྱུང་བར་དྭོགས་པ་བྱེད་ཀྱི་ཡོད། དེ་དང་འབྲེལ་བའི་སྒོ་ནས་པེར་ཤ་ཡའི་ལོ་རྒྱུས་མདོར་བསྡུས་ཙམ་ཁོ་བོས་རྩོམ་གཞན་ཞིག་ཏུ་བྲིས་པས་འདིར་བསྐྱར་དུ་མི་བཤད།

       མདོར་ན་ང་ཡང་སྔ་མོ་པེར་ཨི་རན་ནམ་པེར་ཤ་ཡ་ནི་མུ་སི་ལིམ་གྱི་ལུང་པ་ཞིག་རེད་ཅེས་སྙམ་པ་ལས་དེ་ལ་སེམས་ཚོར་གང་ཡང་མེད་མཁན་ཞིག་ཡིན་ན་ཡང་། Joseph Cambell གིས་བརྩམས་པ་The Masks of God ཞེས་པའི་ནང་དུ་ཡོད་པའི་པེར་ཤ་ཡ་དང་འབྲེལ་བའི་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་ལེ་ཚན་དེ་ཞིབ་བལྟས་བྱས་རྗེས་ཡུལ་གྲུ་འདི་དང་དེའི་མི་རིགས་ལ་སེམས་ཐག་ཧ་ཅང་ཉེ་བའི་ཚོར་སྣང་ཞིག་སྐྱེས་ཤིང་། དེས་ལོ་རྒྱུས་ཤེས་མིན་གྱིས་དངོས་པོ་གང་ལ་ཡང་ལྟ་སྟངས་ཀྱི་འགྱུར་བ་ཅི་ཙམ་ཐེབས་མིན་གྱི་ངེས་ཤེས་ཀྱང་སྔོན་དང་མི་འདྲ་བ་ཞིག་སྐྱེས། དེར་བརྟེན་དེ་རིང་ཞོགས་པ་ལང་དུས་དེ་རིང་པེར་ཤ་ཡ་གི་ལོ་གསར་ཡིན་པར་ཤེས་ནས་པེར་ཤ་ཡའི་སྐོར་གྱི་ཆེད་ལས་ཞིབ་འཇུག་པ་K.E. Eduljee གིས་བརྩམས་པ་ཨི་རན་དང་བོད་ཀྱི་འབྲེལ་བ་ཞེས་པའི་རྩོམ་ཐུང་དེའི་ནང་དོན་སྙིང་བསྡུས་ཙམ་ཞིག་སྔོན་ཚུད་ནས་བོད་ཡིག་ནང་དུ་སྤེལ་ཐུབ་ན་ཡག་པོ་འདུག་དྲན་ཀྱང་ད་ལྟའི་བར་ལུས་པ་ལ་དེ་རིང་ཞོག་པ་ཁོམ་སྐབས་སུ་བྲིས་ཏེ། པེར་ཤ་ཡ་དང་ལོ་རྒྱུས་ཀྱི་འབྲེལ་བ་ཟབ་པའི་བོད་རིགས་རྣམས་ལ་རྩོམ་འདིས་པེར་ཤ་ཡ་གི་ལོ་གསར་ལ་འཚམས་འདྲི་ཞུ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།