དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན་ཨེ་ཌམ་སི་མི་ཐ།

7513


རྩིས་ཆེ་ལེགས་མཐོང་གིས་བརྩམས།

དང་པོ། ཨེ་ཌམ་སི་མི་ཐ་གི་མི་ཚེ།

དཔལ་འབྱོར་རིག་པ་བ་གྲགས་ཅན་ John Maynard Keynes ཀེ་ནི་ཛི་ (1883-1946)གིས། “དཔལ་འབྱོར་རིག་པ་བ་དང་། ཆབ་སྲིད་ལྟ་གྲུབ་སྨྲ་བ་པོ་རྣམས་ཀྱི་རིག་པ་ནི་འགྲིག་པ་དང་ནོར་བ་གཉིས་ཀའི་སྐབས་སུ་དུས་རྒྱུན་མི་ཚོར་གོ་རྟོགས་ཡོད་པ་ལས་ཀྱང་ནུས་པ་ཆེ། ད་དུང་དངོས་གནས་བྱས་ན་དེ་དག་ལས་གཞན་གྱིས་འཛམ་གླིང་དབང་དུ་སྒྱུར་བ་ནི་ཤས་ཆུང་ཆུང་རེད།” ཅེས་གསུངས་པ་ལྟར། སྤྱི་སྒེར་ཐམས་ཅད་ལ་མེད་དུ་མི་རུང་བའི་གཙོ་བོ་ནི་དཔལ་འབྱོར་རོ། དཔལ་འབྱོར་གྱི་གནད་དོན་ཐད་ཆོས་ལུགས་པ་མང་པོས་བཀའ་སློབ་གནང་ཞིང་། ཆབ་སྲིད་པ་མང་པོས་དོ་དམ་བྱས་ན་ཡང་། བཟང་དང་ངན། ཆོག་དང་མི་ཆོག་ཙམ་ལས། མི་རྣམས་ཀྱི་འདོད་པ་སྐོང་ཐུབ་ཅིང་ལག་ལེན་དངོས་ལ་དགེ་ཕན་ཡོད་པའི་རིག་པའི་གཞུང་ལུགས་མ་ལག་ཚང་བ་ཞིག་མེད་ནས་ཡུན་རིང་ལུས་པ་ལ། མཐར་དུས་རབས་བཅོ་བརྒྱད་པའི་ནང་དུ་ནུབ་ཕྱོགས་ཀྱི་མཁས་པ་ཆེན་པོ་ Adam Smith ཨེ་ཌམ་སི་མི་ཐ་(1723-1790) བྱུང་སྟེ། ཁོང་ནི་ཡོངས་གྲགས་སུ་དེང་རབས་དཔལ་འབྱོར་རིག་པའི་སྲོལ་འབྱེད་པ་པོར་ངོས་འཛིན་སྲོལ་ཡོད།

འོན་ཀྱང་ཨེ་ཌམ་སི་མི་ཐ་སྐུ་སྒེར་གྱི་མི་ཚེ་ནི་ཆེས་ངོ་མཚར་འོས་པ་ཞིག་མ་ཡིན་པར་ཁོང་ནི་དུས་རྒྱུན་བརྗེད་ངས་ཤས་ཆེ་ཞིང་ཡ་མེད་ཚད་ལས་འདས་པ་ལྟ་བུ་གནང་མཁན་ཞིག་ཡིན་པས་ཐེངས་ཤིག་ཁོང་གིས་མར་ཁུའི་ནང་དུ་བག་ལེབ་སྦངས་ནས་རོལ་སྐབས་ཇ་འདི་ཞིམ་པོ་ཅི་ཡང་མི་འདུག་ཅེས་བཤད་སྐད། ཁོང་གི་འཁྲུངས་ཡུལ་ནི་ཡུ་རོབ་ཀྱི་ལུང་པ་Scotland སི་ཀོ་ཊི་ལེན་ཌི་ལ་ཡོད་པའི་ Edinburgh ཨེ་ཌིན་རྦུར་གྷ་ཞེས་པ་དེ་ཡིན་པ་ལ། ས་ཆ་དེར་ནམ་རྒྱུན་ཁོང་གིས་དུག་སློག་ཕྱེད་གོན་ལ་ཕྱེད་མ་གོན་ཞིང་། འབུ་སྲིན་ཞིག་ལྟར་འཁྱར་མ་འཁྱོར་གྱིས་འགྲོ་བ་དང་། ད་དུང་སྨྱོན་པ་ཞིག་ལྟར་དོན་མེད་གཡས་ལྟ་གཡོན་ལྟ་མང་པོ་བྱེད་པ་མ་ཟད་ཐ་ན་རང་ཉིད་སྒེར་དང་ལྷན་དུ་ཆིག་ལབ་བྱས་ཏེ་རྩོད་པ་དང་བགྲོ་གླེང་ཡང་མང་དུ་གནང་སྐད།

མི་ཕལ་མོ་ཆེས་ཁོང་ནི་སྨྱོན་པ་ཞིག་ལྟར་སྐྱུག་བྲོ་བ་ཞིག་ཏུ་མཐོང་གི་ཡོད་པས་ཕལ་ཆེར་དགའ་གྲོགས་ཀྱང་མེད་སྐད། འོན་ཀྱང་མ་ཡུམ་གྱིས་ཁོང་ལ་བྱམས་སྐྱོང་ཆེན་པོ་གནང་གི་ཡོད་པ་དེས་ཁོང་ལ་བྱམས་བརྩེ་བྲལ་བའི་དཀའ་ངལ་ཕལ་ཆེར་མེད་སྲིད་ལ་ཁོང་ལ་མཚོན་ན་སྤྱིར་བཏང་གི་བྱམས་བརྩེ་ནི་གལ་ཆེན་ཞིག་མིན་ཀྱང་སྲིད། ཁོང་གི་མི་ཚེ་ཧྲིལ་པོ་རང་ཉིད་ཀྱི་ཡུལ་གྲུ་ཙམ་མིན་པར་འཛམ་གླིང་ཧྲིལ་པོ་ཡར་རྒྱས་ཡོང་ཐབས་ཀྱི་བསམ་གཞིགས་ཀྱི་ཀློང་དུ་ཟད་པར་གྱུར་ཏེ། སྔར་མེད་ཀྱི་ལྟ་གྲུབ་ངོ་མཚར་ཅན་མང་པོ་གསར་གཏོད་གནང་བས། དུས་སྐབས་དེར་ཧྥ་རན་སི་ནི་ཤེས་རིག་གི་ཡུལ་གྲུ་ལྟ་བུ་ཡིན་ཀྱང་། སི་མི་ཐ་གིས་བརྩམས་པའི་དཔེ་དེབ་གྲགས་ཅན་རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་ཞེས་པ་དེ་ཧྥ་རན་སིའི་སྐད་ཡིག་ཏུ་བསྒྱུར་ཟིན་རྗེས་སྐབས་དེར་ཡུ་རོབ་ཏུ་མཚན་སྙན་རབ་ཏུ་རྒྱས་པའི་མཚན་ཉིད་རིག་པའི་མཁས་པ་ཆེན་པོ་ Volaire ཝོལ་ཊེར་(1694-1778)གིས་ང་ཡི་ཕ་ཡུལ་གཅིག་པའི་མཁས་པ་རྣམས། དགོངས་པ་མ་འཚམས་རོགས། ང་ཚོར་ཁོང་ལ་དོ་ཟླ་ནུས་པ་གང་ཡང་མི་འདུག་པས་ང་ནི་ངོ་ཡང་ཚ་བྱུང་ཞེས་གསུངས་སྐད།

སི་མི་ཐ་ཁོང་སྐུ་ཚེའི་སྨད་ཙམ་དུ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་སྐབས། བློན་པོ་ཐམས་ཅད་དེ་མ་ཐག་ཏུ་བཞེངས་ཤིང་། དེའི་ནང་ནས་བློན་པོ་ཞིག་གིས་སྐུ་ཞབས་སི་མི་ཐ་ལགས། ང་ཚོ་འདིར་ཡོད་ཀྱི་མཁས་པ་ཐམས་ཅད་ཁྱེད་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས་ཁྱེད་ཕེབས་ན་ང་ཚོ་ལོས་ལང་ཞེས་གསུང་སྐད། དེ་ལྟར་སྐབས་དེར་ས་གནས་ཀྱི་ཡུལ་མིས་མཐོང་ཆུང་བྱ་སའི་མཁས་པ་དེ་ཉིད་རིམ་པས་སི་ཀོ་ཊི་ལེན་ཌི་ཙམ་མ་ཡིན་པར་ཡུ་རོབ་མི་རིགས་ཡོངས་ཀྱིས་སྤོབས་པ་བྱ་ས་ཞིག་དང་། ད་ལྟའི་ཆར་འཛམ་གླིང་ཧྲིལ་པོས་བཀའ་དྲིན་རྗེས་དྲན་བྱ་དགོས་པ་ཞིག་ཏུ་གྱུར། ཁོང་གིས་སྔ་རྗེས་སུ་ཁྲིམས་དང་། སྐར་རྩིས། ཚན་རིག་སོགས་དང་འབྲེལ་བའི་རྩོམ་དང་། ཟིན་བྲིས། དཔེ་དེབ་བཅས་མི་ཉུང་བ་བྲིས་གནང་ཡོད་ན་ཡང་། ཁོང་གིས་དེ་དག་ལ་པར་སྐྲུན་བྱ་འོས་པའི་རིན་ཐང་མེད་པས་མེར་བསྲེགས་གཏོང་དགོས་པའི་ཞལ་ཆེམས་དང་བཅས་དགུང་གྲངས་རེ་བདུན་ཐོག་འཁྲུངས་ཡུལ་རང་དུ་སྐུ་གཤེགས།

གཉིས་པ། ཨེ་ཌམ་སི་མི་ཐ་གི་བརྩམས་ཆོས།

ཨེ་ཌམ་སི་མི་ཐ་གིས་མཛད་པའི་དཔེ་དེབ་གཙོ་བོ་ཡོངས་གྲགས་གཉིས་ཡོད་པ་ལས། ཐོག་མར་ཁོང་གིས་སྤྱི་ལོ་༡༧༥༩ ལོར་ Theory of Moral Sentiments ཀུན་སྤྱོད་ཀྱི་འདུ་ཤེས་ཀྱི་ལྟ་གྲུབ་ཅེས་པ་དེ་བརྩམས་གནང་ཞིང་། དེ་ལ་ཡོངས་གྲགས་སུ་བསྡུས་མིང་ལ་Theory ལྟ་གྲུབ་ཅེས་བརྗོད་སྲོལ་ཡོད་ཀྱང་འདིར་ཁོ་བོས་གོ་བདེ་ཕྱིར་ཀུན་སྤྱོད་ཀྱི་ལྟ་གྲུབ་ཅེས་བརྗོད་པར་བྱ། ཁོང་གིས་དེ་རྗེས་བརྩམས་ཤིང་སྤྱི་ལོ་༡༧༧༦ ལོར་པར་སྐྲུན་གནང་བ་ནི་གྲགས་ཆེ་ཤོས་ཏེ། མིང་ཧྲིལ་པོར་An Inquiry into the Nature and Causes of the Weatlh of Nations རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་གྱི་རང་བཞིན་དང་རྒྱུ་རྐྱེན་ལ་རྩད་ཞིབ་བྱེད་པ་ཞེས་པའམ། ཡོངས་གྲགས་སུ་Wealth of Nations རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་ཞེས་བརྗོད་སྲོལ་ཡོད།འགྱུར་འགའ་ཤས་ཀྱི་ནང་དུ་‘རྒྱལ་ཁབ་ཀྱི་’ལྟ་བུ་རྒྱལ་ཁབ་ལ་མང་ཚིག་མེད་ཀྱང་། སི་མི་ཐ་གིས་རྒྱལ་ཁབ་བྱེ་བྲག་པ་མ་ཡིན་པར་རྒྱལ་ཁབ་མང་པོའི་གནད་དོན་ལ་དགོངས་ནས་མཛད་པས་དེབ་འདིའི་མིང་དུ་དབྱིན་ཡིག་གི་ནང་དུ་Nations ཞེས་རྒྱལ་ཁབ་ལ་མང་ཚིག་ཡོད་པས་འདིར་ཁོ་བོས་ཀྱང་རྒྱལ་ཁབ་‘རྣམས་’ཞེས་པའི་མང་ཚིག་འདི་བེད་སྤྱད་ཡོད།

ཨེ་ཌམ་སི་མི་ཐ་གི་དུས་སྐབས་ནི་ཡུ་རོབ་ལུང་པར་རྟོག་སད་ཅེས་པ་སྲོལ་རྒྱུན་དང་ཆོས་ལུགས་ཁོ་ནའི་འགྲེལ་བརྗོད་ཀྱི་འདོད་པ་མ་ཚིམས་པར་འགྲོ་བ་མི་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་འདོན་པའི་དུས་སྐབས་ཤིག་ཡིན་པ་ལ། སྐབས་དེ་ནི་མི་ཆོས་དང་ལྷ་ཆོས་གཉིས་པོའི་འགལ་ཟླ་ཛ་དྲག་ཆེ་བ་གང་ཞིག་ལ་མི་ཆོས་རིང་ལུགས་ལ་རྒྱལ་ཁ་འཐོབ་བཞིན་པའི་དུས་ཚོད་ཅིག་ཀྱང་ཡིན་པ་རེད།  ཨེ་ཌམ་སི་མི་ཐ་སྒེར་ངོས་ནས་ཆོས་ལུགས་ལ་དད་པ་ཡོད་མེད་ཁོང་གི་གསུང་རྩོམ་རྣམས་སུ་གསལ་པོ་མེད་ཀྱང་། ཁོང་གིས་བརྩམས་པའི་དཔེ་དེབ་རྣམས་སུ་དཀོན་མཆོག་གམ་གནམ་བདག་གི་སྐད་ཆ་ཡང་ཡོད་པ་ལ་གཙོ་བོ་ཀུན་སྤྱོད་དང་དཔལ་འབྱོར་གྱི་གནད་དོན་ཐམས་ཅད་ཆོས་ལུགས་ཁོ་ནའི་ངོས་ནས་འགྲེལ་བརྗོད་བྱེད་པའམ་སྟངས་འཛིན་བྱ་དགོས་པ་ཞིག་མ་ཡིན་པར་འགྲོ་བ་མི་རྣམས་ཀྱི་རང་བཞིན་གྱི་བསམ་བློ་དང་ཐབས་ལམ་གྱིས་གདོང་ལེན་ཐུབ་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་ནས་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ཡང་དཔེ་དེབ་དང་པོ་ཀུན་སྤྱོད་ཀྱི་ལྟ་གྲུབ་ཅེས་པའི་ནང་དུ་བརྗོད་བྱ་གཙོ་བོ་འགྲོ་བ་མི་ཡི་ཀུན་སྤྱོད་ཡིན་པ་ལ། དེ་སྔོན་ཡེ་ཤུའི་ཆོས་ལུགས་ཀྱིས་མི་ཡི་རང་བཞིན་ནི་མི་དགེ་བ་ཡིན་པར་བཤད་ཅིང་། སི་མི་ཐ་གི་སྔོན་ཙམ་དུ་བྱོན་པའི་མཚན་ཉིད་རིག་པ་བ་འགའ་ཤས་ཀྱིས་ཐ་ན་མི་ཡི་རིགས་ཀྱིས་སྦྱིན་པ་གཏོང་བ་སོགས་གཞན་ཕན་གྱི་ལས་བྱེད་པ་ཡང་དོན་དམ་དུ་རང་དོན་ཡིན་པས་མི་དགེ་བ་ཡིན་པར་བཤད། འོན་ཀྱང་སི་མི་ཐ་གིས་གཞན་ལ་རྩ་བ་ནས་མ་བསྟུན་པར་འཚོ་གནས་ཐུབ་པ་ནི་དཀོན་མཆོག་ཁོ་ན་ཡིན་པས་མི་ཡི་རིགས་ཀྱིས་རང་དོན་བསམ་པ་ཐམས་ཅད་མི་དགེ་བར་ངོས་བཟུང་ན་ཐལ་དྲགས་པ་དང་། རང་དོན་ཡོད་པ་ཙམ་གྱིས་གཞན་དོན་མེད་པའི་དོན་མ་ཡིན་པར་བདག་གཅེས་འཛིན་ལ་ཡང་རང་དོན་དང་གཞན་དོན་གཉིས་ཀའི་ཆ་ཡོད་པ་དང་། མི་ཞིག་རང་འདོད་ཅི་ཙམ་ཆེ་ཡང་གཞན་ལ་སེམས་ཁུར་དང་གཞན་ཕན་གྱི་བསམ་པ་ཡོད་ཅིང་། མ་མཐར་ཡང་རང་ཉིད་ཀྱི་དོན་དུ་གཞན་གྱི་དོན་བྱེད་པ་ཡོད་པས་ན་མི་ཡི་རང་བཞིན་ལ་བཟང་ངན་གྱི་ཆ་གཉིས་ཀ་ཡོད་པ་ཞིག་ལས་གང་རུང་ཞིག་ཏུ་ཁ་ཚོན་གཅོད་ཐུབ་པ་ཞིག་མིན་པར་གསུངས། དེ་ལྟར་ཀུན་སྤྱོད་ཀྱི་ལྟ་གྲུབ་ཅེས་པའི་དེབ་དེའི་ནང་དུ་ཨེ་ཌམ་སི་མི་ཐ་གིས་ཀུན་སྤྱོད་ཀྱི་རྨང་གཞི་ནི་གཞན་ཕན་ནམ་སྙིང་རྗེ་ཡིན་པར་ངོས་འཛིན་གནང་ཡོད།

དཔེ་དེབ་ཕྱི་མ་སྟེ་རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་ཞེས་པའི་ནང་དུ་ཁོང་གིས་བརྗོད་གཞི་གཙོ་བོ་དཔལ་འབྱོར་རིག་པ་གནང་ཡོད་ཅིང་བཤད་སྲོལ་ལ་ཁོང་རང་ཉིད་ཀྱིས་དཔེ་དེབ་སྔ་མ་གལ་ཆེ་བར་དགོངས་ཀྱི་ཡོད་ཀྱང་སྙན་གྲགས་དང་ཤུགས་རྐྱེན་ནི་དེབ་ཕྱི་མ་ཉིད་ཆེ་བར་གྱུར། དེབ་ཕྱི་མ་འདིའི་ནང་དུ་ཁོང་གིས་ཧ་ཅང་སྙན་གྲགས་ཆེ་བའི་ཚིག་ཅིག་སྟེ། “ང་ཚོས་ཤ་འཚོང་འཁོན་དང་། ཆང་འཚོང་མཁན། བག་ལེབ་འཚོང་མཁན་བཅས་ཀྱི་གཞན་ཕན་གྱི་བསམ་པ་ལས་དགོང་མོའི་ཟ་མ་འཐོབ་པའི་རེ་བ་བྱེད་པ་ཞིག་མ་ཡིན་པར་དེ་དག་གི་སོ་སོའི་ཁེ་ཕན་གྱི་བསམ་བློ་ལས་ཡོང་བ་ཞིག་གོ།” ཞེས་གསུངས་ཏེ། མདོར་ན་དཔལ་འབྱོར་རིག་པ་ཟེར་བ་ཡང་གཙོ་བོ་ཚོང་དོན་རིག་པ་དང་འབྲེལ་བ་ཞིག་ཡིན་པ་ལ་ཨེ་ཌམ་སི་མི་ཐ་གིས་ཚོང་དོན་རིག་པ་ཡང་མཐར་གཏུགས་ན་རང་དོན་འགྲུབ་ཐབས་ཀྱི་གཞན་དོན་ཞིག་ཡིན་པར་གསུངས་པ་ནི་དེབ་འདིའི་རྩ་བའི་སྒྲོམ་གཞི་ཡིན་པ་རེད།

ལྟ་གྲུབ་དེ་གཞིར་གཞག་ཐོག་ད་ལྟའི་བར་མི་རྣམས་ཀྱིས་སྲིད་གཞུང་གིས་སྒེར་གྱི་ཚོང་ལས་ལ་ཐེ་གཏོགས་སམ་སྟངས་འཛིན་ཚད་ཅི་ཙམ་བྱས་ན་བཟང་མིན་གྱི་དྲི་བ་ཞིག་ཡོད་པ་ལ། ཨེ་ཌམ་སི་མི་ཐ་གིས་སྲིད་གཞུང་གིས་སྒེར་པའི་ཚོང་ལས་ལ་ཐེ་ཇུས་ཤུགས་ཆེན་པོ་མ་བྱས་ན་བཟང་བར་གསུངས། དེ་ཡང་ཁོང་གིས་མི་ཡི་རིགས་ཀྱི་ཡར་རྒྱས་གལ་པོ་ཆེ་ཐམས་ཅད་གོང་ནས་འོག་ཏུ་སྤེལ་བ་ཞིག་མ་ཡིན་པར་འོག་ནས་རང་བཞིན་གྱིས་དར་འཕེལ་ཕྱིན་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཚོང་ལས་ལ་མཚོན་ན་གསར་གཏོད་དང་། ཡར་རྒྱས། རིན་གོང་ཚད་རན་པ་སོགས་ཡོང་བར་ཕྱོགས་གང་ཅིའི་ཐད་ནས་འགྲན་བསྡུར་ནི་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཡིན་པ་ལ་དེ་ནི་སྲིད་གཞུང་གིས་ཁྲོམ་ར་སྟངས་འཛིན་བྱས་པས་མི་ཡོང་བར་ཁྲོམ་ར་ལ་རང་དབང་སྤྲད་པ་ཁོ་ན་ལས་ཡོང་བར་གསུངས།

འོ་ན་རང་འདོད་ཆེ་ཞིང་མགོ་སྐོར་བསླུ་བྲིད་ལ་དགའ་བའི་ཚོང་པ་རྣམས་སྲིད་གཞུང་གིས་སྟངས་འཛིན་མ་བྱས་པར་བཞག་ན་རུང་ངམ་སྙམ་ན། སི་མི་ཐ་གིས་སྤྱིར་ཚོང་ལས་ནི་གཙོ་བོ་རང་དོན་ཡིན་ཀྱང་། དེ་འགྲུབ་པར་ཕ་རོལ་པོའི་འདོད་པ་སྐོང་ཐུབ་པ་དང་ཕ་རོལ་པོའི་ཡིད་ཆེས་ཀྱང་རག་དགོས་པ་སོགས་ཀྱིས་སྲིད་གཞུང་གིས་སྟངས་འཛིན་མ་བྱས་ན་ཡང་། ཚོང་པ་སོ་སོས་རང་ཉིད་ཀྱི་ཚོང་ལས་ཡར་རྒྱས་ཡོང་བར་དྲང་བདེན་གྱི་ལམ་དུ་ཞུགས་ཅི་ཐུབ་མ་བྱས་ཀ་མེད་ཡིན་པས་ན་ཆོས་ལུགས་དང་སྲིད་གཞུང་ལྟ་བུས་སྟངས་འཛིན་མ་བྱས་ཀྱང་། ཁྲོམ་ར་ལ་ཀུན་སྤྱོད་ཀྱི་སྒྲིག་གཞི་ལ་རང་བཞིན་གྱིས་བརྩི་སྲུང་ཡོང་བ་ལ་འདི་ཉིད་ལ་སི་མི་ཐ་གིས་མི་མངོན་པའི་ལག་པ་ཞེས་པའི་ཐ་སྙད་བེད་སྤྱོད་བཏང་གནང་ཡོད། དེའི་དོན་དག་སྟངས་འཛིན་ཕལ་མོ་ཆེ་མངོན་གསལ་གྱི་ལག་པས་བྱེད་པ་ལ་ཚོང་ལས་ཀྱི་ཀུན་སྤྱོད་སྟངས་འཛིན་སོགས་ནི་མི་མངོན་པའི་ལག་པ་ཞིག་ཡོད་པ་ལྟར་ཡོང་བས་ཡིན་པ་རེད།

དེ་ལྟར་སི་མི་ཐ་གིས་དེབ་དང་པོའི་ནང་དུ་མི་ཚང་མ་ཕན་སེམས་ཅན་ཡིན་པར་གསུངས་ཀྱང་སྲིད་གཞུང་གི་སྟངས་འཛིན་གལ་ཆེ་བར་གསུངས་པ་དང་། དེབ་གཉིས་པའི་ནང་དུ་མི་ཚང་མ་རང་འདོད་ཅན་ཡིན་པར་གསུངས་ཀྱང་སྲིད་གཞུང་གི་སྟངས་འཛིན་གལ་མི་ཆེ་བར་རང་དབང་སྤྲོད་དགོས་པ་གལ་ཆེ་བར་གསུངས་པ་འདི་གཉིས་ནང་འགལ་ལྟ་བུ་ཡོད་པས་ན་འདི་ལ་སི་མི་ཐ་གི་རྙོག་འཛིང་ཞེས་བརྗོད་སྲོལ་ཡོད། འོན་ཀྱང་ཕྱིས་སུ་ཀེ་ན་ཌའི་དཔལ་འབྱོར་རིག་པ་བ་Jacob Viner རྗེ་ཀོབ་ཝའི་ནོར་གིས་སྤྱི་ལོ་༡༩༢༦ ལོར་དཔེ་དེབ་གཉིས་པོའི་ལྟ་གྲུབ་རང་རྐང་ཚུགས་པ་སོ་སོར་ཡོད་པས་ཕན་ཚུན་མཉམ་བསྲེ་བྱ་དགོས་དོན་མེད་ཅིང་། འོན་ཀྱང་དེ་གཉིས་ལས་རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་ཞེས་པ་དེ་སི་མི་ཐ་དགོངས་པའི་རྩལ་རྫོགས་པ་ལས་བྱུང་བའི་དཔེ་དེབ་ཅིག་ཡིན་པར་གསུངས།

ད་ལྟའི་ཆར་དཔལ་འབྱོར་རིག་པའི་མཁས་པ་ཕལ་མོ་ཆེས་དོན་དམ་དུ་དཔེ་དེབ་གཉིས་པོར་འགལ་ཟླ་མེད་པར་འདོད། དེ་ཡང་སི་མི་ཐ་གི་དགོངས་པ་ལྟར་ན་མི་རྣམས་རང་འདོད་ཁོ་ན་ཅན་དང་ཕན་སེམས་ཅན་ཁོ་ན་མ་ཡིན་པར་མིའི་གཤིས་ཀ་ནི་མེ་ལོང་ངོས་གཉིས་མ་ལྟར་ཡིན་ཅིང་། རང་དོན་འགྲུབ་པར་གཞན་ཕན་བྱ་དགོས་པ་ནི་སྤྱི་ཚོགས་ཀྱི་གནས་ལུགས་ཤིག་ཀྱང་ཡིན་པ་དང་། སྤྱིར་སྤྱི་ཚོགས་ལ་སྲིད་གཞུང་གི་སྟངས་འཛིན་དགོས་ན་ཡང་ཁྲོམ་རའི་ནང་དུ་ཚོང་ལས་དང་འབྲེལ་བར་སྲིད་གཞུང་གིས་རང་དབང་ངེས་ཅན་སྤྲད་ན་བཟང་ཆ་ཆེ་བ་ནི་སི་མི་ཐ་གི་ལྟ་གྲུབ་ཀྱི་སྙིང་པོ་དང་ཆ་ཚང་བ་དེ་ཡིན་པས་དཔེ་དེབ་གཉིས་པོ་གང་རུང་རེ་མ་ཡིན་པར་གཉིས་པོ་ཟུང་དུ་སྦྲེལ་བས་ད་གཟོད་སི་མི་ཐ་གི་དགོངས་པ་དངོས་དང་ཆ་ཚང་བ་སྟོན་ཐུབ་པར་འདོད།

གསུམ་པ། སི་མི་ཐ་གི་ཤུགས་རྐྱེན།

ཨེ་ཌམ་སི་མི་ཐ་གིས་ཤུགས་རྐྱེན་ཐེབས་པའི་ཡུལ་གྲུ་གཙོ་བོ་ཞིག་ནི་United States of America ཨ་རིའི་མཉམ་འབྲེལ་རྒྱལ་ཕྲན་ཡིན་པ་ལ། དེ་ཡང་ USA ཨ་རིའི་མཉམ་འབྲེལ་རྒྱལ་ཕྲན་ཐོག་མར་རང་བཙན་ཡིན་པའི་གསལ་བསྒྲགས་ཀྱི་ཡིག་ཆ་རྩོམ་པ་པོ་གཙོ་བོ་Thomas Jefferson ཐོ་མ་སི་རྗེ་ཧྥེར་སོན་ (1743-1826) གིས་དཔལ་འབྱོར་དང་འབྲེལ་བའི་ཆབ་སྲིད་ཀྱི་ཐད་ལ་ཨེ་ཌམ་སི་མི་ཐ་གིས་བརྩམས་པའི་རྒྱལ་ཁབ་རྣམས་ཀྱི་རྒྱུ་ནོར་ཞེས་པའི་དཔེ་དེབ་འདི་ནི་ཡག་ཤོས་ཡིན་ཚུལ་ཐེངས་མང་གསུངས་མྱོང་ཡོད། ད་དུང་ཨ་རིའི་མཉམ་འབྲེལ་རྒྱལ་ཕྲན་དབུ་ཚུགས་རྗེས་རྒྱལ་ཁབ་ཀྱི་ཚོང་ལས་ཀྱི་སྲིད་ཇུས་ཀྱང་ཨེ་ཌམ་སི་མི་ཐ་གིས་གསུངས་པ་ལྟར་རང་དབང་ཡོད་པར་གཏན་འབེབས་གནང་བ་དེས་ཨ་རིའི་ལུང་པར་མ་རྩ་རིང་ལུགས་བྱུང་བ་སོགས་ཀྱིས་མཁས་པ་རྣམས་ཀྱིས་ཨ་རིའི་མཉམ་འབྲེལ་རྒྱལ་ཕྲན་ནི་དོན་དུ་ཨེ་ཌམ་སི་མི་ཐ་གི་བརྒྱུད་འཛིན་ཡིན་པར་བཤད་སྲོལ་ཡོད།

ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་ལག་ལེན་དངོས་ཀྱི་ཐོག་ནས་ཡོང་མིན་ཚོད་ལྟ་བྱ་ས་གཅིག་ནི་ཧོང་ཀོང་ཡིན་པ་ལ། དེ་ཡང་སྤྱི་ལོ་༡༩༦༠ ནང་ཙམ་དུ་སྐྱབས་བཅོལ་བ་དང་ཡུལ་སྤོ་བ་ས་ཡ་ཁ་ཤས་འབྱོར་ནས་ཧོང་ཀོང་ནི་ཧ་ཅང་སྡོད་གནས་དཀའ་བའི་ས་ཆ་ཞིག་ཏུ་འགྱུར་ཉེན་ཡོད་པ་ལ། ཧོང་ཀོང་ལ་རང་བྱུང་གི་ཐོན་ཁུངས་གཞན་ལྟ་ཞོག་ཐ་ན་ཞིང་འདེབས་ས་ཙམ་ཡང་མེད། གང་ཡོད་པ་ནི་ཉ་འཛིན་རྒྱུ་ཙམ་རེད། སྐབས་དེར་ཧོང་ཀོང་ནི་དབྱིན་ལན་ཌིས་ཟིན་ཡོད་པ་ལ། ཧོང་ཀོང་སྲིད་གཞུང་གི་དངུལ་གཉེར་དྲུང་ཡིག་གནང་མཁན་ Sir John James Cowperthwaite ཁོང་ནི་ཨེ་ཌམ་སི་མི་ཐ་དང་ལུང་པ་གཅིག་ཅིང་། ད་དུང་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་ལ་གཏིང་ཟབ་མོ་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པ་རེད། དེར་བརྟེན་ཁོང་གིས་ཚོད་ལྟའི་ཚུལ་དུ་ཧོང་ཀོང་གི་ཚོགས་སྒེར་གཉིས་ཀར་ཁྲལ་ཆུང་དུ་བཏང་ཞིང་རང་དབང་ཐོག་ཚོང་ལས་བྱེད་དུ་བཅུག་པ་ན། ཁོང་གི་དུས་སྐབས་རང་དུ་ཧོང་ཀོང་གི་བཟོ་ལས་པ་རྣམས་ཀྱི་གླ་ཕོག་བརྒྱ་ཆ་ལྔ་བཅུ་ཙམ་འཕར་ཞིང་། སྤྱི་ལོ་༡༩༦༠ ནས་༢༠༡༤ བར་དུ་ཧོང་ཀོང་གི་ཐོན་བསྐྱེད་ཀྱི་ཚད་གཞི་ཡང་ལྡབ་བཅུ་ཡིས་འཕར་ཡོད་པར་བཤད།

ཧོང་ཀོང་གི་དཔལ་འབྱོར་ཡར་རྒྱས་ཆེ་སྐབས་རྒྱ་ནག་སྐམ་ས་ཆེན་མོའི་དཔལ་འབྱོར་ནི་གཞི་རྩའི་ཆ་ནས་ད་དུང་སྐྱོ་པོ་ཡོད་ན་ཡང་། རིམ་པས་རྒྱ་ནག་སྐམ་ས་ཆེན་མོས་ཀྱང་སྔོན་དང་མི་འདྲ་བར་སྒེར་གྱི་ཚོང་ལས་པ་རྣམས་ལ་རང་དབང་གི་ཚད་གཞི་མཐོ་རུ་བཏང་བ་དེས་རྒྱ་ནག་ལ་སྒེར་གྱི་ཚོང་ལས་པའི་འཕེལ་རྒྱས་ཀྱིས་རྒྱ་ནག་གི་ལས་ཀའི་ས་མིག་བརྒྱ་ཆ་དྲུག་ཅུ་ནས་བརྒྱད་ཅུ་བར་ཟིན་པ་དང་། དཔལ་འབྱོར་ཡར་རྒྱས་ཐད་བརྒྱ་ཆ་དྲུག་ཅུ་ནས་བདུན་ཅུ་ཙམ་ཟིན་པར་བཤད། དེ་ལ་བརྟེན་ནས་ལོ་རབས་གསུམ་གྱི་རིང་དུ་རྒྱ་ནག་གི་མི་གྲངས་ས་ཡ་དྲུག་བརྒྱ་ལྷག་ཙམ་དབུལ་ཕོངས་ཀྱི་དཀའ་ངལ་ནས་ཐར་བས་ན་མཁས་པ་འགའ་ཤས་ཀྱིས་དུས་ཡུན་ཐུང་ངུར་དཔལ་འབྱོར་གྱི་ཡར་ཐོན་ཚད་མཐོན་པོ་དེ་འདྲ་ནི་རྒྱ་ནག་ཙམ་ལས་ད་ལྟའི་བར་ཡུལ་གྲུ་གཞན་གང་དུ་ཡང་བྱུང་མྱོང་མེད་པར་གསུངས།

དེ་ལྟར་བྱུང་བ་ཡང་དེང་རབས་དཔལ་འབྱོར་རིག་པའི་དབང་དུ་བྱས་ན་རང་དབང་གི་ཁྲོམས་ར་ཞེས་པ་ཨེ་ཌམ་སི་མི་ཐའི་བརྒྱུད་འཛིན་ཡིན་པ་གང་ཞིག་ལ་མ་རྩ་རིང་ལུགས་པའི་ཁྲོད་དུ་དར་ཁྱབ་བྱུང་བ་ཞིག་དང་། དབང་འཛིན་གྱི་ཁྲོམ་ར་ཞེས་པ་གཙོ་བོ་མ་ཁེ་སི་ལ་བརྟེན་ནས་བྱུང་ཞིང་སྤྱི་ཚོགས་རིང་ལུགས་སམ་གུང་ཁྲན་རིང་ལུགས་པའི་ཁྲོད་དུ་དར་ཁྱབ་བྱུང་བ་སྟེ་གཙོ་བོ་རིགས་གཉིས་ཡོད་པ་ལས། ཉེ་དུས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ནི་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་དང་འབྲེལ་བ་ཆེན་པོ་ཡོད་པས་ད་ལྟའི་ཆར་ཨེ་ཌམ་སི་མི་ཐ་གི་གསུང་རྩོམ་རྒྱལ་ཁབ་རྣམས་ཀྱི་འབྱོར་པ་ལ་སློབ་སྦྱོང་གནང་མཁན་གྱི་རྒྱ་རིགས་སློབ་ཕྲུག་དང་མཁས་པ་གྲངས་མེད་པ་ཡོད་ཅིང་། རྒྱ་ནག་གི་སྲིད་བློན་ཟུར་པ་སྐ་ཞབས་ཝེན་ཅ་པོས་སློབ་ཕྲུག་རྣམས་ལ་ཨེ་ཌམ་སི་མི་ཐ་གིས་བརྩམས་པའི་ཀུན་སྤྱོད་ཀྱི་ལྟ་གྲུབ་ཅེས་པ་དེ་ངེས་པར་དུ་ལྟ་དགོས་པའི་དགོངས་འཆར་ཡང་གནང་མྱོང་ཡོད་པ་རེད་འདུག

ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་ནི་གཙོ་བོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་བར་མི་དམངས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་དགོས་ཤིང་། མི་དམངས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་བར་སྲིད་གཞུང་གིས་མི་དམངས་ཀྱི་ཚོང་ལས་ལ་རང་དབང་སྤྲོད་དགོས་པ་སོགས་ཡིན་པར་བརྟེན་ཁོང་གི་ལྟ་གྲུབ་ལ་བརྟེན་ནས་རྒྱལ་ཁབ་རེ་ཟུང་ཙམ་མ་ཡིན་པར་འཛམ་གླིང་གི་ཕྱོགས་གང་སར་ཡོད་པའི་སྤྱི་སྒེར་གྱི་ཚོང་ལས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་དཔལ་འབྱོར་གྱི་ཡར་རྒྱས་ཚད་མཐོན་པོ་ཕྱིན་ཡོད། དེ་ཡང་འགའ་ཤས་ནི་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་ནས་དེ་དག་ལག་ལེན་བསྟར་བ་ལ་བརྟེན་ནས་བྱུང་བ་དང་། འགའ་ཤས་ནི་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་ལས་ཆེད་དུ་རིག་པ་བསླབས་པ་མ་ཡིན་ཀྱང་། དེ་དག་གིས་ལག་བསྟར་བྱས་པ་རྣམས་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་དང་མཐུན་གྱི་ཡོད་པ་དེས་དོན་དུ་ཨེ་ཌམ་སི་མི་ཐ་གི་ལྟ་གྲུབ་མང་པོར་ཚན་རིག་དང་མཐུན་པའི་དགེ་མཚན་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་པ་ཞིག་རེད།

དཔེར་ན་ཨེ་ཌེམ་སི་མི་ཐ་གིས་ལས་ཀ་སྤུས་ལེགས་ལ་མགྱོགས་མྱུར་གྲུབ་དགོས་ན་ལས་ཀ་གཅིག་ལ་ཚོགས་སྒེར་གང་རུང་གཅིག་གིས་ཤུགས་འདོན་པའི་ཚབ་ལ་སྡེ་ཚན་མི་འདྲ་བ་མང་པོར་བགོ་བཤའ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་གསུངས་པ་ལྟར། ཧྥ་རན་སི་ནས་ཡིན་པའི་གནམ་གྲུ་Airbus ནི་རྒྱལ་ཁབ་སུམ་ཅུ་ལྷག་ཙམ་ལ་ཡོད་པའི་བཟོ་གྲྭ་མི་འདྲ་བ་ཆིག་སྟོང་ལྔ་བརྒྱ་ལྷག་གིས་གནམ་གྲུའི་ལུས་ཀྱི་ཆ་ལག་ས་ཡ་བཞི་ལྷག་ཙམ་བཟོས་རྗེས་ད་གཟོད་ཧྥ་རན་སི་ལ་དབོར་འདྲེན་བྱས་ཏེ་གནམ་གྲུ་དེ་ཉིད་བཟོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ལས་ཀ་གཅིག་ཉིད་ལས་མིའམ་བཟོ་གྲྭ་སོ་སོར་བགོས་ན་དགེ་མཚན་ཆེ་བ་ནི་ཨེ་ཌམ་སི་མི་ཐ་མེད་ན་གཞན་སུས་ཀྱང་ཤེས་རྟོགས་མི་ཡོང་བ་ཞིག་མིན་ན་ཡང་། ཨེ་ཌམ་སི་མི་ཐ་ལ་བརྟེན་ནས་རིག་པ་འདི་ཉིད་ཐོག་མར་སྙན་གྲགས་དང་དེ་ནས་དར་ཁྱབ་ཆེན་པོ་བྱུང་ཞིང་། དེ་ལ་བརྟེན་ནས་བཟོ་ལས་ལ་ཡར་རྒྱས་ཆེན་པོ་བྱུང་བས་ད་ལྟའི་ཆར་ཐབས་ལམ་འདི་ནི་ཡོངས་ཁྱབ་ཀྱི་རང་བཞིན་དུ་གྱུར་ཡོད་ཅེས་བཤད་ཆོག་པ་རེད།

དེ་བཞིན་མི་ཕལ་མོ་ཆེར་ཚོང་ལས་དང་བཟང་སྤྱོད་གཉིས་པོ་འགལ་བ་ཡིན་པ་ལྟ་བུའི་བག་ཆགས་ཟབ་མོ་ཡོད་ཀྱང་། ཨེ་ཌམ་སི་མི་ཐ་གིས་དེ་གཉིས་ནི་དམིགས་ཡུལ་དང་ཐབས་ལམ་ལྟ་བུ་སྟེ། གལ་སྲིད་ཁྱོད་ཀྱི་ཚོང་ལས་ཡག་པོ་ཡོང་དགོས་ན་དེའི་ཐབས་ལམ་གལ་ཆེ་ཤོས་ནི་བཟང་སྤྱོད་ཡིན་པར་གསུངས། གཏམ་འདི་ཉིད་བཤད་པ་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་ཀྱང་གནད་ལ་ཁེལ་བ་ཞིག་ཡིན་པ་ནི་དཔེར་ན་ཨ་རིའི་ཟ་མའི་ཁྲོམ་ར་སྙན་གྲགས་ཆེ་ཤོས་ Whole Foods Market ནི་སྤྱི་ལོ་༡༩༨༠ ལོ་ལ་ཐོག་མར་བཙུག་ནས་ད་ལྟའི་ཆར་དབྱིན་ལན་ཌི་དང་ཀེ་ན་ཌ་སོགས་ཡུལ་གྲུ་གང་སར་ཡོད་པའི་ས་གནས་༤༧༠ ལ་ཚུགས་ཡོད། ཨེ་ཌམ་སི་མི་ཐ་གི་དགོངས་པ་དང་མཐུན་པར་བཟོ་གྲྭ་འདིས་སྔོ་ཚལ་སོགས་ཟ་མ་གསར་པ་དང་སྤུས་དག་པོ་འཚོང་བ་ཙམ་དུ་མ་ཟད་བཟོ་གྲྭ་འདིར་ལས་ཀ་བྱེད་མཁན་རྣམས་ལ་ཆེ་མཐོང་དང་ལྟ་སྐྱོང་ཡག་པོ་བྱེད་ཀྱི་ཡོད་པ་དེས་ Fortunes ཞེས་པའི་བརྙན་དེབ་གྲགས་ཅན་དེའི་ནང་དུ་འཛམ་གླིང་གང་སར་ཡོད་པའི་ལས་ཀ་བྱ་སའི་བཟོ་གྲྭ་ཡག་ཤོས་བརྒྱ་ཡི་ནང་ནས་གཅིག་ལ་བཟོ་གྲྭ་འདི་ཉིད་ལོ་ངོ་བཅོ་བརྒྱད་ཀྱི་རིང་དུ་རྒྱུན་མ་ཆད་པར་འདེམས་ཐོན་བྱུང་ཡོད།

ད་དུང་སྔོན་ནས་ད་ལྟའི་བར་རྒྱལ་ཁབ་མང་པོས་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་བྱེད་པར་དངོས་ཟོག་ཕྱི་འདྲེན་ལ་རྩལ་འདོན་དང་ནང་འདྲེན་ལ་དམ་བསྒྲགས་ཆེན་པོ་བྱ་སྲོལ་ཡོད་ཀྱང་། ཨེ་ཌམ་སི་མི་ཐ་གིས་དེ་ནི་ཕན་ལས་གནོད་ཆེ་བའི་རྒྱུ་མཚན་དང་དཔེར་བརྗོད་མང་པོ་བཀོད་ནས་ཁོང་གིས་རྒྱལ་ཁབ་ཕན་ཚུན་བར་དུ་གུ་ཡངས་ཀྱི་ཚོང་འབྲེལ་བྱས་ན་ཕྱོགས་གཉིས་ཀར་དགེ་མཚན་ཆེ་བར་གསུངས། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་ལྟ་གྲུབ་དེ་ཉིད་ཡང་དག་པ་ཡིན་པ་ནི་དཔེར་ན་Maersk Mc-Kinney གྲུ་གཟིངས་ནི་འཛམ་གླིང་ཐོག་གི་ཚོང་ཆས་དབོར་བྱེད་ཀྱི་གྲུ་གཟིངས་ཆེ་ཤོས་ཤིག་ཡིན་པ་དང་། དེས་རྒྱ་ནག་ནས་ཡུ་རོབ་ཀྱི་བར་དུ་ཚོང་ཟོག་དབོར་འདྲེན་བྱེད་པར་ཉིན་ཉི་ཤུ་ལྷག་ཙམ་འགོར་གྱི་ཡོད། གྲུ་གཟིངས་དེའི་མཐོ་ཚད་ལ་ཐོག་བརྩེགས་ཉི་ཤུ་ཙམ་ཡོད་ཅིང་། རིང་ཚད་ལ་ཧྥུཊ་གཅིག་སྟོང་སུམ་བརྒྱ་ཙམ་ཡོད་པ་དང་དེའི་ནང་དུ་སྣོད་སྒམ་ཆིག་ཁྲི་བརྒྱད་སྟོང་ཙམ་ཡོད་པ་རྣམས་ཟས་གོས་དང་འཕྲུལ་ཆས་སོགས་དངོས་པོ་ཆེ་ཆུང་གྲངས་མེད་པས་བཀང་ནས་རྒྱལ་ཁབ་མང་པོར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།

དེ་དང་དེ་འདྲ་བ་ལ་བརྟེན་ནས་འཛམ་གླིང་གང་སར་ཡོད་པའི་མི་འབོར་གྲངས་མེད་པའི་འཚོ་བ་དང་བདེ་སྐྱིད་ཀྱི་ཆུ་ཚད་མངོན་སུམ་དུ་གོང་འཕེལ་དུ་འགྲོ་ཡི་ཡོད་པ་དང་། ད་དུང་དེ་ལ་བརྟེན་ནས་རྒྱལ་ཁབ་ཕན་ཚུན་དཔལ་འབྱོར་གྱི་འབྲེལ་ལམ་ཇེ་ཆེར་ཕྱིན་ཏེ་ཉེ་དུས་དམག་འཁྲུག་གི་ཉེན་ཁ་ཡང་གཙོ་བོ་དེ་འདྲ་ལ་བརྟེན་ནས་ཆུང་དུ་འགྲོ་བཞིན་ཡོད་པ་རེད། མདོར་ན་ཨེ་ཌམ་སི་མི་ཐ་གིས་གསུངས་པའི་ལྟ་གྲུབ་དེ་དག་གཙོ་བོར་གྱུར་པ་ལ་བརྟེན་ནས། འདས་པའི་ལོ་ངོ་བཞི་བཅུའི་ནང་དུ་འཛམ་གླིང་གི་ཚོང་དོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་བཅུ་གཉིས་མ་ཟིན་ཙམ་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་བཅུ་དགུ་ཙམ་དུ་འཕེལ་རྒྱས་ཕྱིན་ཡོད་ཅིང་། དེ་ལ་བརྟེན་ནས་འདས་པའི་ལོ་ངོ་བཞི་བཅུའི་རིང་དུ་མི་གྲངས་ས་ཡ་བདུན་བརྒྱ་ལྔ་བཅུ་ཙམ་དབུལ་ཕོངས་ཀྱི་གནས་སྟངས་ལས་ཐར་ཟིན་པས་དེ་ནི་མི་རིགས་དང་ཆོས་ལུགས་རིས་སུ་མ་ཆད་པ་ཚང་མ་དགའ་དགོས་པའི་གནད་དོན་ཞིག་ལོས་ཡིན།

དེ་ལྟར་ནང་ཆོས་གཙོ་བོར་གྱུར་པའི་ཆོས་ལུགས་རྣམས་ཀྱིས་དཔལ་འབྱོར་ནི་སྡིག་པ་ཙམ་མིན་པར་སྡུག་བསྔལ་འབྱུང་བའི་རྒྱུར་ངོས་བཟུང་སྟེ་ཚོང་ལས་སོགས་ལ་སྐྱོན་བརྗོད་དང་དོགས་ཟོན་ཆེ་ན་ཡང་། དཔལ་འབྱོར་མེད་ན་འཚོ་གནས་ལ་ཡང་ཉེན་ཁ་ཡོད་ན་གཞན་ལྟ་ཅི་སྨོས། དཔལ་འབྱོར་ཡོད་པ་ལ་ཡོད་པའི་དཀའ་ངལ་ཡོད་ཀྱང་། དཔལ་འབྱོར་ཡོད་པའི་དཀའ་ངལ་དང་མེད་པའི་དཀའ་ངལ་ནི་མེད་པའི་དཀའ་ངལ་ཆེ་བ་བཤད་མ་དགོས་པ་དང་། ད་དུང་གལ་ཆེ་ཤོས་དཔལ་འབྱོར་གྱི་ཡར་རྒྱས་ནི་སྦྱིན་པ་གཏོང་བ་ཙམ་ལས་ཡོང་བ་ཞིག་མིན་པར་གཙོ་བོ་ཚོང་ལས་ལ་བརྟེན་ནས་ཡོང་བས། འགྲོ་བ་མི་ཡི་འཚོ་རྟེན་གལ་ཆེ་ཤོས་དཔལ་འབྱོར་གྱི་སྐོར་ལ་གཞི་རྩའི་གོ་རྟོགས་ཙམ་རག་ཕྱིར་ཁོ་བོས་དཔལ་འབྱོར་རིག་པར་ཆེད་དུ་དགེ་རྒན་བསྟེན་ནས་སྦྱངས་མྱོང་མེད་ཀྱང་། ཉེ་ཆར་ནམ་ཁོམ་སྐབས་སུ་རང་སྦྱོང་ཅུང་ཟད་རེ་བྱས་ཏེ་རྩོམ་འདི་ཉིད་ཟིན་བྲིས་ཀྱི་ཚུལ་དུ་བྲིས་ཤིང་སྤེལ་བའོ།།

( ཁོ་བོས་རྩོམ་འདིའི་ལེ་ཚན་དང་པོ་ཁུངས་བཅོལ་ས་གཙོ་བོ་ Norman Davies གིས་བརྩམས་པའི་ཡུ་རོབ་ཀྱི་ལོ་རྒྱུས་དང་། ལེ་ཚན་གཉིས་པ་ཁུངས་བཅོལ་ས་གཙོ་བོ་ Great Economist Thinkers edited by Jonathan Colin ཞེས་པ་དེ་ཡིན་ཅིང་། ལེ་ཚན་གསུམ་པ་ཁུངས་བཅོལ་ས་གཙོ་བོ་དངོས་བྱུང་འགྲེལ་བརྗོད་གློག་བརྙན་ The Real Adam Smith: Ideas That Changed The World ཞེས་པ་རྣམས་ཡིན། ) སྤྱི་ལོ། ༢༠༡༩ ཟླ་༢ ཚེས ༡༨།

0

One Response to དེང་རབས་དཔལ་འབྱོར་རིག་པའི་ཡབ་ཆེན་ཨེ་ཌམ་སི་མི་ཐ།

  1. བྱང་སྐར། ལགས་ཀྱིས:

    རྩོམ་ཡིག་རིན་ཐང་ཅན་བྲིས་འདུག ངོ་སོ་དགུང་ལ་བསྟོད། ཅེས་བྱང་སྐར་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།