མུ་སི་ལིམ་ཆོས་ལུགས་ཀྱི་ལོ་རྒྱུས། (བར་དུམ)

5885


རྩོམ་པ་པོ།   རྩིས་ཆེ་ལེགས་མཐོང་། 


ཨ་ལི།

དོན་ཚན་གཉིས་པ། མུ་སི་ལིམ་གྱི་རྫོགས་ལྡན། 


མུ་ཧམ་མད་གིས་མུ་སི་ལིམ་གྱི་ཆོས་ལུགས་དར་བའི་རྨང་གཞི་ཆ་ཚང་བ་བསྐྲུན་ནས་སྐུ་གཤེགས་པའི་རྗེས་སུ་ཁོང་གི་མཛད་ཕྲིན་གྱི་ལྷག་མ་ནི་ཁོང་གི་སློབ་མ་གྲོགས་པོ་དང་སྤུན་མཆེད་ཡིན་པ་རྣམས་ཀྱིས་བསྐྱངས། འོན་ཀྱང་ཁོང་གིས་སྐུ་མ་གཤེགས་གོང་དུ་རྒྱལ་ཚབ་དངོས་སུ་བསྐོས་ཡོད་མེད་ཐད་རྩོད་པ་ཡོད། དེ་ཡང་སྐུ་མ་གཤེགས་གོང་ཙམ་དུ་ཁོང་གིས་ཞལ་ཆེམས་ཤིག་གནང་བའི་ནང་དུ་ཁོང་གིས་རང་གི་ཚ་བོ་ཡང་ཡིན་ཞིང་སྲས་མོའི་ཁྱོ་ག་ཡང་ཡིན་པ་ཨ་ལི་ལ་བསྟོད་བསྔགས་ཆེན་པོ་གནང་། འགའ་ཤས་ཀྱིས་དེ་ནི་ཨ་ལི་རྒྱལ་ཚབ་ཏུ་བསྐོས་པའི་དོན་དུ་འགྲེལ་བརྗོད་བྱས་ཤིང་། གཞན་དག་གིས་དེ་ནི་ཨ་ལི་མུ་སི་ལིམ་ལ་ཞུགས་པའི་བུ་རྣམས་ཀྱི་ནང་ནས་དང་ཤོས་ཡིན་པ་སོགས་ཀྱིས་བསྟོད་བསྔགས་དང་བརྩི་མཐོང་གནང་བ་ལས་རྒྱལ་ཚབ་ཏུ་བསྐོས་པའི་དོན་མ་ཡིན་པར་བཤད། གང་ལྟར་ཐོག་མར་མུ་ཧམ་མད་གི་གྲོགས་པོ་དང་སློབ་མ་གཅིག་ལྕོགས་ཡིན་པ་རྣམས་ཀྱིས་རྒྱལ་ཚབ་བམ་མུ་སི་ལིམ་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འགན་བཞེས། རྒྱལ་ཚབ་འདི་ལ་མུ་སི་ལིམ་གྱི་ཆོས་སྐད་དུ་ཀ་ལི་ཧྥ་ཞེས་འབོད་ཅིང་། དེ་ནི་ཤུལ་འཛིན་བྱེད་པོ་ལ་གོ། འོན་ཀྱང་ཆོས་ལུགས་གཞན་དང་མི་འདྲ་བར་མུ་སི་ལིམ་གྱི་ཆོས་ལུགས་ལ་མི་སུ་ཞིག་ཡིན་ཀྱང་རང་ཉིད་སྒེར་གྱིས་ཨ་ལའམ་ལྷ་ཆེན་པོར་དད་པ་དང་གསོལ་བ་འདེབས་པ་ཁོ་ནས་ཆོག་པ་ལས་དེ་ལ་གཞན་གྱི་བྱིན་རླབས་དང་ཆོ་ག་སོགས་ལ་ལྟོས་དགོས་མེད་ཅིང་། ཨ་ལའི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པས་བླ་མ་དང་ཆོས་པ་སོགས་གལ་ཆེན་ཡིན་པར་འཛིན་སྲོལ་མེད་པར་བརྟེན་མུ་སི་ལིམ་གྱི་ལུགས་སྲོལ་དུ་ལྷ་ཁང་ཙམ་ལས་དགོན་པ་སོགས་ཀྱང་བཞེངས་སྲོལ་མེད་པས་ན་སྐབས་དེའི་མུ་སི་ལིམ་གྱི་དཔོན་པོ་རྣམས་ནི་ཆོས་དཔོན་ལས་ཀྱང་གཙོ་བོ་སྲིད་དཔོན་ཡིན་པར་བཤད་ན་འོས་ཤིང་འཚམས་པར་མཁས་པ་རྣམས་ཀྱིས་གསུངས། 


ཨབ་རྦེ་སེག་རྣམས།


ཀ་ལི་ཧྥ་དང་པོ་ཨ་རྦུ་རྦ་ཀར་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མུ་སི་ལིམ་གྱི་ཆོས་ལུགས་གསར་གཏོད་གནང་མཁན་གྱི་མི་གཉིས་པ་དང་དེ་ཡང་མུ་ཧམ་མད་རང་དང་གལ་གནད་མཚུངས་པ་ཙམ་དུ་ངོས་འཛིན་བྱེད། རྒྱུ་མཚན་ཁོང་ནི་མི་དམངས་ཀྱི་མདུན་དུ་མུ་སི་ལིམ་ཡིན་པར་ཁས་ལེན་མཁན་དང་པོ་དེ་ཡིན་པས་མ་ཚད། མུ་ཧམ་མད་ལ་དཀའ་སྡུག་འཕྲད་སྐབས་རྒྱབ་རྟེན་བཅོལ་ས་དང་ལམ་སྟོན་བྱེད་མཁན་ཡང་ཁོང་ཡིན་པ་དང་། མུ་ཧམ་མད་གྲོངས་རྗེས་གསར་དུ་བརྙེས་པའི་ཚོགས་པ་དེའི་གཞི་རྩ་བརྟན་པོར་འཛུགས་པ་དང་མདུན་ལམ་གསལ་པོར་སྟོན་མཁན་ཡང་ཁོང་ཡིན་པས་རེད། འོན་ཀྱང་ཁོང་གིས་ལོ་གཉིས་ཙམ་གྱི་རིང་དུ་དབུ་ཁྲིད་པའི་རྗེས་སུ་སྐུ་བསྙུན་ནས་རང་བཞིན་གྱིས་གྲོངས་པ་ལ། དེ་རྗེས་ཨ་རྦུ་རྦ་ཀར་གྱི་དྲུང་ཡིག་ཨོ་མར་ཞེས་པ་དེ་ཀ་ལི་ཧྥ་གཉིས་པར་གྱུར། ཁོང་ནི་ཐོག་མར་མུ་ཧམ་མད་གི་ཆོས་ལུགས་ནི་ཆོག་ལོག་ཡིན་པ་དང་དེས་རིགས་བརྒྱུད་ཀྱི་མཐུན་སྒྲིལ་གནོད་པར་བསམ་ནས་མུ་ཧམ་མད་དཀྲོངས་འདོད་དྲག་པོ་ཡོད་པ་ཞིག་ཡིན་ན་ཡང་རང་གི་སྲིང་མོའི་བརྒྱུད་ནས་མུ་ཧམ་མད་གི་ཆོས་ཀྱི་སྐོར་བསླབས་པས་མོས་པར་གྱུར་ཏེ་དེའི་ཆོས་ལ་ཞུགས་པ་ཞིག་རེད། དེ་ནི་མགོ་བོ་སྤྱི་ཐེར་དང་། མིག་ནག་པོ། གཟུགས་ཧ་ཅང་རིང་བ། འབྲི་ཀློག་ཀྱང་ཤེས་པས་ཁ་ལྕེ་ཤིན་ཏུ་བདེ་བ་ཞིག་ཀྱང་ཡིན་པར་གྲགས། ཁོང་མུ་ཧམ་མད་ལ་དགའ་མོས་ཧ་ཅང་ཆེ་བས་མུ་ཧམ་མད་སྐུ་གཤེགས་པར་ཐོས་དུས་ཁོང་གིས་ཞིང་ཁམས་ལ་གཤེགས་པ་མ་གཏོགས་སྐུ་གཤེགས་པ་ཡིན་མི་སྲིད་བསམ་སྐད། སྔར་བོད་དུ་ཡང་རྒྱལ་བ་དགེ་འདུན་གྲུབ་པས་ཙོང་ཁ་པ་སྐུ་གཤེགས་པ་གསན་སྐབས་སྤྱོད་པ་ལ་གཤེགས་པ་ཡིན་ན་མ་གཏོགས་སྐུ་གཤེགས་པ་ཡིན་མི་སྲིད་དགོངས་རབས་ཀྱི་ལོ་རྒྱུས་ཡོད་པ་དེ་ཤེས་མཁན་ཚོར་འདིས་དྲན་གསོ་སྟེར་ངེས། ཀ་ལི་ཧྥ་དེ་གཉིས་ཀྱི་སྐབས་དེར་ཨ་རབ་རང་གི་དམག་མི་སྟོང་ཕྲག་ཁ་ཤས་ལས་མེད་ཀྱང་དེ་གཉིས་ཀྱིས་སྔ་རྗེས་བསྡོམས་པའི་ལོ་ཉེར་ལྔ་ཙམ་གྱི་རིང་དུ་སྙན་གྲགས་ཅན་གྱི་རྒྱལ་ཁབ་པེར་ཤ་ཡ་སོགས་དབང་དུ་བསྡུས་ནས་མུ་སུ་ལིམ་ཆོས་ལུགས་ཀྱི་སྟོབས་ཤུགས་ཨ་རབ་ཀྱི་མི་རིགས་དང་ས་ཆ་ལས་བརྒལ་བའི་རྒྱ་བསྐྱེད་གནང་། 


ཀ་ལི་ཧྥ་ཨོ་མར་མ་གྲོངས་གོང་དུ་ཁོང་གིས་ཀ་ལི་ཧྥ་རྗེས་མ་བསྐོ་བའི་དོན་དུ་ཚོགས་ཆུང་ཞིག་བཙུགས་པ་ལ་དེ་དག་གིས་ཨ་ལི་དང་། ཨུཐ་མན་ཞེས་པ་གཉིས་ལས་ཨུཐ་མན་ཀ་ལི་ཧྥ་ལ་འདེམས་བསྐོས་བྱས་པ་དེས་སྔར་ནས་ཡོད་པའི་ཁྱིམ་བརྒྱུད་མི་འདྲ་བ་བར་གྱི་འགལ་ཟླ་དེ་ཇེ་ཆེར་གྱུར། ཨུཐ་མན་གྱིས་མུ་སི་ལིམ་ནང་ཁུལ་གྱི་འགལ་ཟླ་དེ་སེལ་བའི་ཐབས་ཤེས་གང་དྲག་བྱས་ཀྱང་གྲུབ་འབྲས་མ་ཐོབ་པར་ཐ་ན་དེའི་ཁྲོད་དུ་རང་སྲོག་ཀྱང་ཤོར། དེ་ནས་ཨ་ལི་ཀ་ལི་ཧྥར་བཞི་པར་བསྐོས་ཀྱང་མུ་སི་ལིམ་ནང་ཁུལ་དུ་ཟིང་འཁྲུགས་བསྟུད་མར་བྱུང་ནས་ཁོང་མ་ཟད་ཁོང་གི་རྗེས་སུ་ཀ་ལི་ཧྥ་ལ་བསྐོས་པའི་ཁོང་གི་སྲས་ནང་མི་དང་བཅས་པ་རྐྱེན་ལམ་དུ་ཤོར། དེ་དག་ལ་བརྟེན་ནས་མུ་སི་ལིམ་ནང་ཁུལ་ལ་ཨ་ལིའི་ཕྱོགས་གཏོགས་ཤི་ཨ་ཞེས་པའི་རིགས་གཅིག་དང་། དེ་ལས་གཞན་པའི་ཕྱོགས་གཏོགས་སུན་ནི་ཞེས་གྲགས་པ་གཉིས་བྱུང་། ཨ་ལིའི་བརྒྱུད་འཛིན་ཤི་ཨ་རྣམས་ཀྱིས་ཨ་ལི་ནི་མུ་ཧམ་མད་སྐུ་དངོས་ཀྱིས་ཀ་ལི་ཧྥ་ལ་བསྐོས་ཤིང་དེའི་ཁྲི་འཛིན་ནི་རྒྱལ་པོ་དང་གདུང་བརྒྱུད་ཀྱི་ལུགས་སྲོལ་ལྟར་ངེས་པར་དུ་མུ་ཧམ་རང་གི་ཁྱིམ་བརྒྱུད་ཡིན་དགོས་པར་འདོད་ཅིང་། སུན་ནི་རྣམས་ཀྱིས་མུ་ཧམ་མད་སྐུ་ངོ་མས་རྒྱལ་ཚབ་སུ་ཡང་བསྐོས་མེད་ཅིང་རྒྱལ་ཚབ་བསྐོ་བ་ནི་སློབ་མ་རྣམས་ཀྱིས་ཤེས་འཇོན་ལྡན་པ་ཞིག་དམངས་གཙོ་ལྟར་འོས་བླུགས་ནས་བསྐོ་དགོས་པར་འདོད། རྒྱུ་མཚན་དེས་ཀ་ལི་ཧྥའི་ཐོབ་ཐང་དངོས་གནས་སུ་ལ་ཡོད་མེད་ཐད་རྩོད་པ་ཆེ། ལག་ལེན་དངོས་ཀྱི་ཐོག་ནས་སུན་ནིའི་ཕྱོགས་རྒྱལ་བ་ལྟར་གྱུར་ནས་ད་ལྟའི་ཆར་མུ་སི་ལིམ་གྱི་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་སུན་ནི་ཡིན་ཅིང་། གཞན་ཤི་ཨ་ཉུང་ཟད་ཡོད་པ་ནི་ཨི་རན་དང་ཨི་རཀ་གི་ས་ཁུལ་རྣམས་སུ་ཡོད། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་གོང་དུ་བཤད་པ་ལྟར་ཀ་ལི་ཧྥའི་ཐོབ་ཐང་སུ་ལ་ཡོད་མེད་ཙམ་ལས་གཞན་ཁྱད་པར་ཆེན་པོ་མེད་ཀྱང་། ཆོས་ལུགས་ཀྱི་འགལ་ཟླ་ཕལ་མོ་ཆེ་ཁྱད་པར་བཤད་རྒྱུ་ཡོད་པ་དང་བཤད་ཤེས་མཁན་ཧ་ཅང་དཀོན་ན་ཡང་འགལ་ཟླ་ནི་ཛ་དྲག་ཆེ་བ་བཞིན་འདི་ཡང་དེ་འདྲའི་ཁོངས་སུ་གཏོགས། 


མུ་སི་ལིམ་ནང་ཁུལ་དུ་མི་སེར་དམག་འཁྲུག་དེ་འདྲ་ཞིག་བྱུང་བ་ནི་བར་ཆད་ཆེན་པོ་ཡིན་པ་བཤད་མ་དགོས་ཀྱང་། དེས་མུ་སི་ལིམ་ཉམས་ཆག་ཏུ་སོང་བ་ནི་མ་ཡིན་པར་ལོ་རེ་ནས་ལོ་རེ་སྟོབས་ཤུགས་རྒྱས་པར་གྱུར། ལོ་བརྒྱའི་ནང་དུ་ཨ་རབ་ཙམ་མ་ཡིན་པར་ཨ་ཧྥི་རི་ཀ ཡུ་རོབ་ཀྱི་སི་པན། རྒྱ་གར་བྱང་ཕྱོགས་དང་སོག་པོ་དང་རྒྱ་ནག་ཚུན་ཆད་ལ་མུ་སི་ལིམ་གྱི་དམག་ཤུགས་འབྱོར་བ་ལ་ལོ་རྒྱུས་ཐོག་སྔར་གོ་རྒྱུ་ཙམ་ཡང་མེད་པའི་ཨ་རབ་ལུང་པས་འཛམ་གླིང་ཕལ་མོ་ཆེ་གློ་བུར་དུ་དབང་དུ་བསྡུས་ཡོད། ཕྱིས་སུ་སོག་པོས་ཀྱང་དུས་ཐུང་ངུའི་ནང་དུ་ས་ཁྱོན་ཆེན་པོ་དབང་དུ་བསྡུས་ན་ཡང་དེ་དག་ལ་མུ་སི་ལིམ་ལྟར་གཞི་རྒྱ་ཆེ་བའི་དམིགས་ཡུལ་དང་གཞི་རྩ་མེད་པས་ན་འཛམ་གླིང་གི་ལོ་རྒྱུས་ཐོག་མུ་སི་ལིམ་ནང་བཞིན་ཤུགས་རྐྱེན་ཐེབས་ཐུབ་མེད། འོ་ན་མུ་སི་ལིམ་ལ་སྟོབས་ཤུགས་དེ་འདྲ་ཐོབ་པའི་རྒྱུ་རྐྱེན་གང་ཡིན་ནམ་སྙམ་ན། དེ་ནི་གཞན་མ་ཡིན་པར། མུ་སི་ལིམ་གྱི་ཆོས་ལུགས་ལ་བརྟེན་པའི་དཔའ་བོའི་སྙིང་སྟོབས། སྤུན་ཟླའི་དམ་ཚིག དད་མོས་ཀྱི་ཆིག་སྒྲིལ་སོགས་ཀྱི་ནུས་པས་ཡིན་པར་བཤད་མ་དགོས་ཤིང་། མདོར་བསྡུས་ན་དེ་ཡིས་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ཡིད་ཆེས། རྨི་ལམ། སྙིང་སྟོབས། ཆིག་སྒྲིལ་ནི་ཧ་ཅང་གལ་ཆེན་ཡིན་པ་གསལ་པོར་བསྟན་ཡོད།  མུ་སི་ལིམ་ཆོས་ལུགས་ཀྱི་ལྟ་བའི་སྙིང་པོ་ནི་ཀུན་ལ་ཁྱབ་པ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་ལྷ་གཅིག་ལས་མེད་པ་དེ་ཡིན་པས། གོང་དུ་ལྷ་གཅིག་ལས་མེད་པས་འོག་ཏུ་མི་ཡི་རིགས་ཀྱང་འདྲ་མཉམ་དང་གཅིག་གྱུར་དགོས་པའི་ལྟ་གྲུབ་ཀྱི་སྲོག་ཤིང་བརྟན་པོར་ཚུགས་ཡོད། མུ་ཧམ་མད་ཁོང་གིས་མི་རིགས་དང་ཁ་དོག་གི་དབྱེ་བ་མེད་པར་མུ་སི་ལིམ་ཚང་མ་འདྲ་མཉམ་ཡིན་པ་གསལ་པོར་གསུངས་པས་ལོ་མང་པོའི་རིང་ཕན་ཚུན་དབྱེ་འབྱེད་དང་ཕྱོགས་ཞེན་གྱིས་ཁ་འཐོར་གྱུར་པའི་ཨ་རབ་ལུང་པ་ལ་མུ་སི་ལིམ་གྱི་ཆོས་ལུགས་ལ་བརྟེན་ནས་ལོ་རྒྱུས་ཐོག་གི་གཅིག་གྱུར་ཐེངས་དང་པོ་བྱུང་ཞིང་དེ་ལ་བརྟེན་ནས་འཛམ་གླིང་ཧྲིལ་པོ་ལ་ཡང་ནམ་ཡང་ཕྱིར་ལྡོག་མེད་པའི་རང་བཞིན་དུ་འགྱུར་བ་ཐེབས། སྐབས་དེ་དུས་རྗེའུ་ཤིའི་ཆོས་ལུགས་ནི་རྙིང་རུལ་ཡིན་པ་དང་། ཡེ་ཤུའི་ཆོས་ལུགས་ནི་ལྟ་གྲུབ་དང་གནད་དོན་ཆུང་ཙག་རེའི་དོན་དུ་ཡང་མི་མང་པོ་དམར་གསོད་གཏོང་བ་སོགས་ཀྱིས་མུན་ནག་གི་འཇིག་རྟེན་སྐྱི་གཡའ་བ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་གར་ལ་ཡང་བྲམ་ཟེ་དང་གྲངས་ཅན། ནང་པ་དང་གཅེར་བུ་པ་སོགས་ཆོས་ལུགས་འདྲ་མིན་སྣ་ཁ་བཅོ་བརྒྱད་དར་བ་དེས་སྤྱི་ཚོགས་ལ་ཆིག་སྒྲིལ་མེད་པར་འཕོ་འགྱུར་གྱི་རྦ་རླབས་ཅི་ཡང་སྟོན་བཞིན་པས་ན་སུས་ཀྱང་མུ་སི་ལིམ་སྤྱི་ཚོགས་གསར་པའི་དོ་ཟླ་བྱ་ཐབས་བྲལ། 


སི་པན་གྱི་ལྷ་ཁང་།

ཆོས་ལུགས་གཞན་དང་མི་འདྲ་བར་མུ་སི་ལིམ་རྣམས་ཀྱིས་རང་གི་ཆོས་ལུགས་སྤེལ་བའི་དོན་དུ་དམག་འཐབས་བྱས་ཡོད་ཀྱང་། དེས་གནོད་སྐྱོན་ཆེན་པོ་བཏང་བ་མ་ཡིན་པ་ནི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མཁས་པ་ཆེན་པོ་རྦེར་ཊེན་ཌི་ར་སེལ་གྱིས། “ཁོ་ཚོས་བཙན་པོའི་རྒྱལ་ཁམས་དེ་འཁྲུག་པ་ངར་པོ་རྒྱག་མ་དགོས་པར་ཐོབ་པ་དེས་གཏོར་སྐྱོན་ཧ་ཅང་ཆུང་བ་དང་། མི་སེར་གྱི་འཛིན་སྐྱོང་རྣམས་ཕལ་ཆེར་འགྱུར་བཅོས་རྩ་བ་ནས་མ་བཏང་བར་རང་འཇགས་བཞག་”ཡོད་ཅེས་གསུངས། མ་ཟད་ཁོ་ཚོས་མུ་སི་ལིམ་གྱི་ཆོས་ལུགས་ལ་ཞུགས་པ་ཙམ་གྱིས་འགྲིགས་པས་སྐབས་དེར་རྒྱལ་པོ་དང་རྒྱལ་ཁབ་གཞན་གྱིས་བྱེད་པ་ལྟར་དོན་མེད་འཕྲོགས་བཅོམ་དང་གསོད་རྨས་ཚད་ལས་འདས་པ་སོགས་བྱེད་ཀྱི་མེད་པ་དང་། ཡེ་ཤུས་གཙོ་བོར་གྱུར་པའི་ཆོས་ལུགས་གཞན་གྱི་ཆབ་སྲིད་པ་ཚོས་མི་དམངས་ནས་ཁྲལ་ཕོན་ཆེན་བསྡུ་ཡི་ཡོད་ཀྱང་དེ་ལ་ལྟོས་ན་མུ་སི་ལིམ་གྱིས་ཁྲལ་ཉུང་ཟད་ལས་བསྡུ་ཡི་མེད་པ་དང་། ཆོས་ལུགས་གཞན་དང་མཐུན་འབྲེལ་ཡང་ཆེ་ཤོས་ཡིན་པ་སྟེ། རྗེ་རུ་ས་ལམ་ལ་རྗེའུ་ཤི་དང་མུ་སི་ལིམ་གཉིས་ཀས་མཉམ་དུ་གསོལ་བ་སྨོན་ལམ་འདེབས་ཤིང་། ས་ཆ་འགའ་ཤས་ལ་ལྷ་ཁང་གཅིག་གི་ནང་དུ་གཟའ་པ་སངས་ལ་མུ་སི་ལིམ་ཚོས་སྨོན་ལམ་འདེབས་ཤིང་གཟའ་ཉི་མར་ཡེ་ཤུའི་ཆོས་ལུགས་པ་ཚོས་སྨོན་ལམ་འདེབས་སྲོལ་ཡོད་སྐད། མུ་སི་ལིམ་གྱིས་སྐབས་རེ་ཡེ་ཤུའི་ཆོས་བྱེད་པ་རྣམས་ཀྱི་ལྷ་ཁང་ནང་གི་སྐུ་བརྙན་འདྲ་མིན་གཏོར་བ་ཙམ་ལས་ཡེ་ཤུའི་སྟོན་པ་རང་ནི་ཨ་ལའི་ལུང་སྟོན་པ་པོར་རྩོད་མེད་དུ་བཀུར་སྲོལ་ཡོད། མུ་སི་ལིམ་གྱི་རྒྱལ་ས་སི་རི་ཡ་ཡིན་སྐབས་ཀྱང་དེའི་མངའ་འོག་ཏུ་ཡེ་ཤུ་མང་པོ་ཡོད་པ་མ་ཟད་གཞུང་གི་ལས་བྱེད་པ་གལ་ཆེན་མང་པོ་ཞིག་ཀྱང་ཡེ་ཤུའི་ཆོས་ལུགས་པ་ཡིན་པ་དང་། ད་དུང་བར་སྐབས་ཡེ་ཤུའི་ཆོས་ལུགས་པའི་དབང་ཚད་ཆེ་སྐབས་དེ་དག་གིས་རྗེའུ་ཤིའི་ཆོས་ལུགས་པ་རྣམས་རྗེ་རུ་ས་ལིམ་ལ་འགྲོ་མ་བཅུག་ཀྱང་མུ་སི་ལིམ་ཚོས་བཀག་རྒྱ་དེ་དཀྲོལ་བ་སོགས་ཀྱིས་རྗེའུ་ཤི་རྣམས་ཡེ་ཤུ་ལས་ཀྱང་མུ་ཧམ་མད་ལ་བཟང་འབྲེལ་ཆེ་བ་བྱུང་། མདོར་ན་ད་ལྟའི་ཡེ་ཤུའི་གུ་ཡངས་དང་ཁ་ཆེའི་གུ་དྭོགས་གཉིས་སྐབས་དེ་དུས་ནི་ས་གནམ་གྱི་ཁྱད་པར་གྱིས་གོ་ལྡོག་ཡིན་པར་གྲགས།


བཤད་མ་དགོས་པར་དེ་འདྲའི་གྲུབ་འབྲས་ནི་གཙོ་བོ་ཀ་ལི་ཧྥ་རྣམས་ཀྱི་ཐབས་ལ་མཁས་པའི་དབུ་ཁྲིད་འོག་བྱུང་བ་ལ་ལོ་རྒྱུས་ཐོག་ཨ་རྦུ་རྦ་ཀར་ནས་ཨ་ལི་བར་གྱི་ཀ་ལི་ཧྥ་ལ་ར་ཤི་དུན་ཀ་ལི་ཧྥ་ཞེས་འབོད་ཅིང་། དེ་ནས་མུ་ཨ་ཝི་ཡས་དབུ་བཙུགས་པའི་ཀ་ལི་ཧྥའི་བརྒྱུད་པ་དེ་ལ་ཨུམ་མ་ཡད་ཀ་ལི་ཧྥ་ཞེས་འབོད། དེས་སྤྱི་ལོ་༦༦༡ ནས་༧༥༠ བར་ཏེ་ལོ་བརྒྱ་ཙམ་གྱི་རིང་ཀ་ལི་ཧྥའི་གོ་གནས་བཟུང་ཞིང་མུ་སི་ལིམ་གྱི་ཡུལ་གྲུ་རྣམས་དབང་བསྒྱུར་བྱས། མུ་ཨ་ཝི་ཡ་ཁོང་ཀ་ལི་ཧྥར་གྱུར་པའི་སྐབས་དེར་སི་རི་ཡ་ས་ཁུལ་གྱི་གཞུང་འཛིན་ཡིན་པར་བརྟེན་ཁོང་གི་བརྒྱུད་འཛིན་རྣམས་ཀྱི་སྐབས་རྒྱལ་ས་གཙོ་བོ་ཡང་སི་རི་ཡ་ཡིན། རྒྱལ་ས་དེའི་མིང་དུ་ཌ་མ་སི་ཀུ་སི་ཞེས་འབོད། མུ་ཨ་ཝི་ཡ་ཁོང་དང་ཁོང་གི་བརྒྱུད་པ་རྣམས་ཀྱིས་མངའ་ཐང་རྒྱ་བསྐྱེད་བྱས་པས་སྐབས་དེ་དུས་འཛམ་གླིང་གི་མི་འབོར་རྒྱ་ཆ་ཉེར་དགུ་ཙམ་ཁོང་གི་མངའ་འོག་ཏུ་ཡོད་པར་གྲགས། དེ་ནས་ཨུམ་མ་ཡད་གི་ཁྱིམ་བརྒྱུད་ཡོད་ཚད་དམར་བསད་བཏང་ནས་ཀ་ལི་ཧྥའི་བརྒྱུད་པ་གསར་པ་ཞིག་དབུ་བརྙེས་པ་ལ་ཨབ་རྦ་སིཌ་ཅེས་འབོད། དེ་དག་གིས་རྒྱལ་ས་རྙིང་པ་ཌ་མ་སི་ཀུ་སི་ནས་དེང་སང་གི་ཨི་རཀ་ས་ཁུལ་དུ་སྤོས་ནས་སྤྱི་ལོ་༧༥༠ ནས་སྤྱི་ལོ་༡༢༥༨ བར་དུ་དབང་བསྒྱུར་བྱས། འོན་ཀྱང་ཨ་རྦ་སིཌ་རྣམས་ཀྱིས་ཨུམ་མ་ཡད་གི་ཁྱིམ་བརྒྱུད་རྣམས་ཚར་གཅོད་སྐབས་ཀ་ལི་ཧྥའི་སྲས་གཅིག་ཡུ་རོབ་ཀྱི་སི་པན་དུ་བྲོས་ཤོར་ནས་དེ་ཉིད་སི་པན་དང་། པོར་ཊུ་རྒལ་སོགས་སུ་ཁྱབ་ཡོད་པའི་མུ་སི་ལིམ་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར། དེ་ལྟར་ན་ཡང་དེའི་བརྒྱུད་འཛིན་རྣམས་ཀྱིས་རེ་ཞིག་ཨེ་མིར་ཞེས་པ་ལས་ཀ་ལི་ཧྥ་ཞེས་པའི་མཚན་གནས་དེ་ཁུར་མེད། དུས་སྐབས་དེར་མུ་སི་ལིམ་ནང་ཁུལ་ལ་འགལ་ཟླ་ཛ་དྲག་ཅན་འགའ་ཞིག་བྱུང་ཡང་། ཨབ་རྦ་སིཌ་དང་ཨེ་མིར་གྱི་དུས་སྐབས་གཉིས་ནི་མུ་སི་ལིམ་གྱི་ལོ་རྒྱུས་ཐོག་རྫོགས་ལྡན་གྱི་དུས་སྐབས་སུ་ངོས་འཛིན་བྱེད། དེ་ལས་སི་པན་དུ་ཡོད་པའི་རྒྱལ་ས་ལ་ཀོར་ཌོ་རྦ་ཞེས་འབོད་ཅིང་། ཨབ་རྦ་སེ་ཌའི་ཁྱིམ་བརྒྱུད་ཀྱིས་ཨི་རཀ་ཏུ་སྤོས་ཡོད་པའི་རྒྱལ་ས་དེའི་མིང་དུ་བྷག་ཌད་ཅེས་གྲགས། དེ་གཉིས་ལས་སི་པན་དུ་ཡོད་པ་དེས་གཙོ་བོ་ཡུ་རོབ་ས་ཁུལ་གྱི་རིག་གནས་དང་ལོ་རྒྱུས་ལ་ཤུགས་རྐྱེན་ཐེབས་ཤིང་། ཨི་རཀ་ཏུ་ཡོད་པ་དེས་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྣམས་དང་འབྲེལ་བ་ཆེ་བ་བྱུང་ནས་ཤར་ནུབ་གཉིས་ཀྱི་འབྲེལ་མཐུད་བྱས་ཏེ། མདོར་ན་གནས་སྐབས་རིང་འཛམ་གླིང་ཕལ་མོ་ཆེ་མུ་སི་ལིམ་གྱིས་དབང་བསྒྱུར་བ་ལྟ་བུར་གྱུར། 


དེ་ལ་བྷག་ཌད་ནི་བར་སྐབས་རྒྱ་གར་དང་རྒྱ་ནག རོམ་དང་བྷག་ཌད་བཅས་འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་བཞིའི་རྒྱལ་ས་ཞེས་བརྩི་སྲོལ་ཡོད་པའི་ནང་གི་གཅིག་ཡིན། རྒྱལ་ས་རང་ལ་མི་འབོར་བྱེ་བ་གཉིས་ཡོད་པར་གྲགས་ཤིང་། སྐབས་དེ་དུས་ཡུ་རོབ་ཀྱི་རྒྱལ་ས་གྲགས་ཆེ་ཤོས་རོམ་ཡིན་པ་ལ་དེ་ལ་ཡང་མི་གྲངས་ཁྲི་གསུམ་ལས་མེད་སྐད། བྷག་ཌད་རྒྱལ་ས་དེ་ནི་མུ་སི་ལིམ་གྱི་རྒྱལ་ཁབ་ཙམ་མ་ཡིན་པར་གྲ་རྒྱས་པོའི་འཚོ་བ་དང་། སྙན་ངག ཡོན་ཏན་སློབ་སྦྱོང་སོགས་ཀྱི་ལྟེ་གནས་ཆེན་པོ་ཞིག་ཡིན་པས་འཛམ་གླིང་གང་ས་ནས་སླེབས་པའི་མཁས་པ་རྣམས་འཛོམས་ས་ཡང་ཡིན་པར་བརྟེན་ཤེས་རབ་ཀྱི་ཕ་ཁྱིམ་དང་རིག་གནས་ཀྱི་ལྟེ་གནས་སུ་ངོས་འཛིན་བྱ་སྲོལ་ཡོད། སྐབས་ཤིག་མཁས་པ་ནང་ཁུལ་ལ་རྣམ་དཔྱོད་དང་འབྲེལ་བའི་རྩོད་པ་དང་བགྲོ་གླེང་མང་དུ་བྱུང་ནས་འཛམ་གླིང་གང་ས་ནས་རིག་གནས་ཀྱི་དཔེ་དེབ་རྙིང་པ་ཅི་ཐོབ་བྱེད་པའི་ལས་འགུལ་ཞིག་ཀྱང་སྤེལ་བ་ལ་དེ་ནི་ལོ་རྒྱུས་ཐོག་རྒྱལ་སྤྱི་རང་བཞིན་གྱི་ཚན་རིག་གི་ལས་འཆར་དེ་ལྟ་བུ་ཆེས་ཐོག་མ་དེ་ཡིན་པར་གྲགས། བྷག་ཌད་གི་མངའ་ཐང་ཆེ་ཤོས་ནི་ཨ་རབ་ཀྱི་རྒྱལ་པོ་ཆེས་སྙན་གྲགས་ལྡན་པ་ཧ་རུན་ཨལ་ར་ཤིཌ་སྐབས་སུ་ཡིན་ཅིང་། ཁོང་ནི་རྣམ་དཔྱོད་དང་། ཆབ་སྲིད་སོགས་གང་ཐད་ནས་ཕུན་སུམ་ཚོགས་པའི་མི་ཞིག་ཡིན་པར་བརྟེན། ཁོང་དང་འབྲེལ་བའི་སྒྲུང་དང་ལོ་རྒྱུས་སྣ་ཚོགས་པ་ཡོད་པས། ཨ་རབ་ཀྱི་རྩོམ་རིག་སྐོར་ཤེས་མཁན་ཚོས་རྒྱལ་པོ་ཁོང་གི་སྐོར་མི་ཤེས་པ་མི་སྲིད་པ་ལྟ་བུའི་སྙན་གྲགས་ཡོད། ཁོང་གྲོངས་ནས་རིང་པོ་མ་ལོན་པར་ཨ་རབ་ནང་ཁུལ་ལ་ཟིང་འཁྲུགས་བསྟུད་མར་ལངས་ནས་སྐབས་ཤིག་ལ་མུ་སི་ལིམ་གྱི་དབུ་ཁྲིད་ཀ་ལི་ཧྥ་ལ་བྷག་ཌད་གི་གྲོང་ཁྱེར་ཙམ་ལས་གཞན་ལ་འགན་དབང་མེད་པར་གྱུར་ཅིང་། ཐ་ན་ཀ་ལི་ཧྥ་གཅིག་ནི་རང་གི་དམག་མིས་དྲུད་ནས་དམར་གསོད་བྱས་པ་སོགས་ཀྱང་བྱུང་། 

གཅིག་ཤོས་ཡུ་རོབ་ཏུ་སི་པན་གཙོ་བོར་གྱུར་པ་ལ་མུ་སི་ལིམ་གྱིས་ལོ་བདུན་བརྒྱའི་རིང་དབང་བསྒྱུར་བྱས་པ་ལ། ལོ་རྒྱུས་སྨྲ་བ་གྲགས་ཅན་ཞིག་གིས་དུས་སྐབས་དེར་ཡུ་རོབ་ལུང་པ་ཧྲིལ་པོ་མུན་ནག་དང་ཀླ་ཀློའི་འཇིག་རྟེན་ཞིག་ཡིན་པ་ལ་ཀོར་ཌོ་རྦ་གཅིག་པུ་ལ་སློབ་གསོ་དང་རིག་གནས་ཀྱི་སྒྲོན་མེ་ཡོད་ཅེས་གསུངས་ཡོད། བདེན་པ་ཡང་ཡིན་ཏེ་ཡེ་ཤུའི་ཆོས་ལུགས་དར་སའི་ཡུ་རོབ་ཀྱི་ས་ཁུལ་རྣམས་སུ་ཡི་གེ་འབྲི་ཀློག་ཤེས་མཁན་ནི་བླ་མ་དང་དཔོན་པོའི་རིགས་མཐོ་བ་འགའ་ཤས་ལས་ཐ་ན་ལས་བྱེད་པ་རྣམས་ཀྱང་ཡིག་རྨོངས་ཡིན་ན་ཡང་། སི་པན་ལུང་པར་ཡི་གེ་འབྲི་ཀློག་མི་ཤེས་མཁན་ནི་ཕལ་ཆེར་མེད་སྐད། དེའི་རྒྱུ་མཚན་གྱིས་ཡེ་ཤུའི་དགོན་པ་ཆེ་བ་རྣམས་སུ་ཡང་དེབ་བཅུ་ཕྲག་ཙམ་ལས་མེད་པ་ལ་ཀོར་ཌོ་རྦའི་དཔེ་མཛོད་ཁང་གཙོ་བོ་དེར་དཔེ་དེབ་འབུམ་བཞི་ལྔ་ཙམ་ཡོད་པར་གྲགས་ཤིང་། དཔེ་མཛོད་ཁང་དེའི་མགོ་ལ་ལྟ་མཁན་ལུབ་ན་ཟེར་བའི་མུ་སི་ལིམ་བུད་མེད་དེ་ནི་རིག་པའི་གནས་མང་པོར་མཁས་པའི་བུད་མེད་སྙན་གྲགས་ཅན་ཞིག་རེད། ལུང་པ་དེར་གྲགས་ཅན་གྱི་མཐོ་རིམ་སློབ་གྲྭ་མང་དུ་ཡོད་པ་ལས་མི་དམངས་སྐྱོ་བོའི་ཕྲུ་གུ་ཚོའི་ཆེད་དུ་རིན་མེད་ཀྱི་གཞི་རིམ་སློབ་གྲྭ་ཡང་ཡོད། ཤེས་ཡོན་ཙམ་མ་ཡིན་པར་སྟོབས་འབྱོར་གཉིས་ཀ་ཆེ་བས་རྒྱལ་ས་རང་ལ་སྡོད་མཁན་གྱི་མི་ས་ཡ་ཙམ་ཡོད་པ་དང་། མི་དམངས་ཀྱིས་གཟུགས་པོ་འཁྲུ་ས་ཁོ་ན་ཡང་བདུན་བརྒྱ་ཙམ་ཡོད་པར་གྲགས་ཤིང་། མུ་སི་ལིམ་གྱི་མཁས་པ་རྣམས་ཀྱིས་གཙང་སྦྲ་བྱེད་སྟངས་སྐོར་གྱི་བསྟན་བཅོས་ཀྱང་མཛད་ཡོད། དེ་ལ་ལྟོས་ན་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ནི་ཡི་གེ་འབྲི་ཀློག་དང་གཟུགས་པོ་འཁྲུ་བ་གཉིས་ཀ་ལ་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་པས་སྐབས་དེར་ཡུ་རོབ་ཀྱི་ལུང་པ་མང་པོར་གཟུགས་པོ་འཁྲུ་བ་ནི་ཁྲིམས་འགལ་ཡིན་སྐད། ད་དུང་མུ་སི་ལིམ་གྱི་གྲོང་ཁྱེར་རྣམས་སུ་མཚན་མོ་སྲང་ལམ་དུ་སྒྲོན་མེས་འོད་ཆིམ་མེ་ཡོད་ཅིང་། གཅིག་ཤོས་ཡེ་ཤུའི་ཆོས་ལུགས་དར་སའི་གྲོང་ཁྱེར་རྣམས་སུ་མཚན་མོ་སྲང་ལམ་དུ་ནག་དོང་ངེ་ཡོད་པས་དེས་ནི་ཕྱི་རོལ་ལ་འོད་ཡོད་མེད་མཚོན་པ་ཙམ་མ་ཡིན་པར་ནང་དུ་རིག་གནས་ཀྱི་དཔལ་ཡོན་ཡོད་མེད་ཀྱི་ཁྱད་པར་ཡང་མཚོན་པ་ཡིན། 

དེ་ནས་དུས་རབས་བཅུ་པ་ཙམ་དུ་མུ་སི་ལིམ་ལོ་རྒྱུས་ཐོག་གི་རྫོགས་ལྡན་དེ་རྩོད་ལྡན་དུ་འགྱུར་མགོ་ཚུགས་ནས་རིམ་པས་ཉམས་ཆག་བྱུང་བ་ལ། མཁས་པ་རྣམས་ཀྱིས་མུ་སི་ལིམ་ཐོག་མར་དར་བ་དེ་ནང་ཁུལ་གྱི་ཆིག་སྒྲིལ་ཡོད་པ་ལ་བརྟེན་ནས་ཡིན་པ་བཞིན། མཐར་ཉམས་ཆག་ཕྱིན་པ་ཡང་ཕྱི་རོལ་གྱི་དགྲ་ཡི་དབང་གིས་མ་ཡིན་པར་ནང་ཁུལ་གྱི་ཆིག་སྒྲིལ་མེད་པ་ལ་བརྟེན་ནས་ཡིན་པར་གསུངས། ཆིག་སྒྲིལ་མེད་པའི་གནད་དོན་ལ་བརྟེན་ནས་བྷག་ཌད་ལ་ཡོད་པའི་ཀ་ལི་ཧྥའི་ནུས་ཤུགས་ཇེ་ཆུང་དུ་སོང་ནས་སྤྱི་ལོ་༩༠༩ ལོར་བྱང་ཨ་ཧྥི་རི་ཀར་རང་བཙན་ཅན་གྱི་ཀ་ལི་ཧྥའི་བརྒྱུད་པ་གཅིག་བྱུང་ཞིང་། སྤྱི་ལོ་༩༢༩ ལོར་སི་པན་ནས་སྔར་ཨེ་མིར་ཞེས་པའི་གོ་གནས་བཟུང་བའི་རྒྱལ་པོ་ཚོས་ཀྱང་ད་ཆ་ཀ་ལི་ཧྥའི་མཚན་གནས་བཟུང་བ་སོགས་ཀྱིས་མུ་སི་ལིམ་གྱི་ཆོས་སྲིད་ཀྱི་དབང་ཚད་རྣམས་དུམ་བུར་འཐོར་ཞིང་། ཡུལ་གྲུ་མང་པོ་མགོ་འོག་ལུས་ཆུད་མེད་པར་གྱུར་ཏེ་རང་བཙན་ཅན་གྱི་རྒྱལ་ཁབ་ཏུ་གྱུར་ནས། སྤྱི་ཡོངས་ནས་བཤད་ན་མུ་སི་ལིམ་གྱི་སྟོབས་ཤུགས་ལ་ཉམས་རྒུད་ཆེན་པོ་ཐེབས་ཡོད། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ང་ཚོས་ཏུ་རུཀ་ཥར་འབོད་པའམ་ཡོངས་གྲགས་སུ་ཊུར་ཀི་ཞེས་འབོད་པའི་ནུབ་ཨེ་ཤ་ཡའི་མི་རིགས་རྣམས་མུ་སི་ལིམ་གྱི་ཆོས་ལུགས་ལ་ཞུགས་ཏེ་དེ་དག་གིས་ཨ་རབ་ཀྱི་རྒྱལ་ཁབ་ཁག་ཙམ་མ་ཡིན་པར་ཡུ་རོབ་ཀྱི་རྒྱལ་ས་ཡང་དབང་དུ་བསྡུས་ནས། མུ་སི་ལིམ་གྱི་སྟོབས་ཤུགས་ཉམས་རྒུད་ཕྱིན་ནས་མེད་པར་རེ་བའི་ཡུ་རོབ་ཀྱི་ལུང་པ་རྣམས་ཧོན་འཐོར་བར་བྱས་པའི་ཚུལ་ནི་དོན་ཚན་གསུམ་པའི་ནང་དུ་བཤད་པར་འདོད། །༔



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།