མུ་སི་ལིམ་ཆོས་ལུགས་ཀྱི་ལོ་རྒྱུས། (སྔ་དུམ)

6955


 རྩོམ་པ་པོ།   རྩིས་ཆེ་ལེགས་མཐོང་།


ལོ་རྒྱུས་ཐོག་དཔྱོད་ལྡན་རྣམས་ངོ་མཚར་བར་བྱེད་པའི་དོན་རྐྱེན་གསུམ་བྱུང་ཡོད། གསུམ་པོ་ནི་གནའ་བོའི་རྒི་རི་སི་དང་། མུ་སི་ལིམ་གྱི་ཆོས་ལུགས། སོག་པོའི་དམག་དཔུང་བཅས་རེད། དེ་དག་ལས་དང་པོས་རིག་གནས་དང་། གཉིས་པས་ཆོས་ལུགས། གསུམ་པས་དམག་དཔུང་གིས་ངོ་མཚར་བར་བྱས་ཡོད། གསུམ་པོ་ལ་མཚུངས་ཆོས་རེ་ཡོད་པ་ནི་ཐོག་མར་ལུང་པ་དང་སྤྱི་ཚོགས་ཆུང་ཆུང་ཞིག་ནས་བྱུང་ཞིང་། གློ་བུར་དུ་བསམ་གྱིས་མི་ཁྱབ་པའི་ཡར་རྒྱས་བྱུང་བས་དེའི་ཤུགས་རྐྱེན་གྱིས་ད་ལྟའི་བར་འཛམ་གླིང་འདིར་ཁྱབ་ཡོད། སྐབས་འདིར་གསུམ་པོ་ལས་མུ་སི་ལིམ་གྱི་ཆོས་ལུགས་སྐོར་ལ་བཤད་པར་བྱ། དེ་ཡང་མུ་སི་ལིམ་གྱི་ཆོས་ལུགས་འདི་བོད་ལ་ཀ་ཤི་མིར་གྱི་ས་ཁུལ་ནས་དར་བ་དང་། ཀ་ཤི་མིར་ལ་ཁ་ཆེ་གུར་གུམ་མང་པོ་སྐྱེ་བར་བརྟེན་ཕྱིས་སུ་བོད་པས་ཁ་ཆེའི་ཆོས་ལུགས་ཞེས་འབོད་སྲོལ་ཆེ་ན་ཡང་འདི་ཉིད་ཀ་ཤི་མིར་རང་གི་མ་ཡིན་པས་ཐ་སྙད་འདི་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ཐོག སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་དུས་རབས་བརྒྱད་པའི་ནང་ཙམ་དུ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བོད་དུ་བསྒྱུར་བའི་ནང་དུ་ཡང་ཆོས་ལུགས་འདིའི་མིང་དུ་མུ་སིལ་མན་ཞེས་བྲིས་འདུག་པ་དང་། མུ་སི་ལིམ་རང་གིས་ཨི་སི་ལམ་ཞེས་འབོད་སྲོལ་ཆེ་ན་ཡང་། ཡོངས་གྲགས་སུ་ཐམས་ཅད་ཀྱིས་ཐུན་མོང་དུ་མུ་སི་ལིམ་ཞེས་འབོད་པ་ཉིད་བརྗོད་བདེ་ཕྱིར་འདིར་ཡང་མུ་སི་ལིམ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་པར་འདོད། རྒྱ་གར་གྱི་ཆོས་གཞུང་རྣམས་སུ་ཆོས་ལུགས་འདི་འདྲེ་དང་བདུད་ཀྱིས་བྱིན་གྱིས་བརླབས་ནས་བྱུང་ཚུལ་དང་། བོད་ཀྱི་ཆོས་བྱུང་རྣམས་སུ་རྒྱ་གར་གྱི་རྒྱལ་པོ་ཧར་ཤས་མུ་སྟེགས་མང་པོ་མེར་སྲེག་པའི་སྐབས་སུ་གཅིག་བྲོས་ཤོར་བ་ལས་ཆོས་ལོག་འདི་དར་བར་བཤད་པ་སོགས་ནི་ཁུངས་ལྡན་གྱི་ལོ་རྒྱུས་རྙིང་པ་རྣམས་དང་ཟུར་ཙམ་ཡང་མི་མཐུན་པས་འདིར་རྒྱས་པར་མི་གླེང་། དེ་ལས་གཟུ་བོར་གནས་པའི་མཁས་པ་རྩོད་མེད་རྣམས་ཀྱིས་གང་བཤད་པ་ལ་ཁུངས་བཅོལ་ཞིང་རང་གི་ལྟ་ཚུལ་གྱིས་ཟུར་བརྒྱན་ནས་འདིར་དེ་དོན་ཚན་བཞིའི་སྒོ་ནས་བཤད་པར་བྱ།


ལེ་ཚན་དང་པོ། མུ་སི་ལིམ་ཆོས་ལུགས་དབུ་བརྙེས་པ། 

ཆོས་ལུགས་འདི་ཐོག་མར་དེང་སང་ཨ་རབ་ལུང་པ་སོ་དི་ཨ་ར་བྷ་ཡ་ཞེས་པའི་ས་ཆ་དེ་ནས་བྱུང་བ་དང་། ཡུལ་གྲུ་དེ་ནི་སྔོན་མི་ཐར་ཐོར་ཡོད་པའི་བྱེ་ཐང་ཞིག་ལས་ལོ་རྒྱུས་ཐོག་དམིགས་བསལ་གྱི་གལ་གནད་ཅི་ཡང་མེད་ཅིང་། དེའི་ཆོས་ལུགས་ནི་གཙོ་བོ་རྗེའུ་ཤིའི་ཆོས་ལུགས་ཏེ་སྟོན་པ་ཨབ་ར་ཧམ་ནས་བྱུང་བ་ཞིག་རེད། ཡེ་ཤུའི་ཆོས་ལུགས་ཀྱང་རྩ་བ་ཨབ་ར་ཧམ་ནས་བྱུང་བ་ལ་སྐབས་དེར་ཨ་རབ་ཀྱི་ཁུལ་དུ་ཡེ་ཤུའི་ཆོས་ལུགས་ལ་དད་མོས་དང་གུས་བཀུར་ཞུ་མཁན་ཡོད་ན་ཡང་དར་ཁྱབ་དེ་ཙམ་མེད། དེ་ཡང་ལྷོ་ནུབ་ཨེ་ཤ་ཡའི་ས་ཁུལ་ཨི་སི་རིལ་ནས་དར་བའི་ཆོས་ལུགས་གཅིག་ཉིད་གསུམ་དུ་གྱེས་པའི་རྒྱུ་མཚན་གཙོ་བོ་ནི་རྗེའུ་ཤིའི་ཆོས་ལུགས་ལ་ལོ་རྒྱུས་ཐོག་ལྷ་ཆེན་པོའི་ལུང་སྟོན་པ་པོ་ཟེར་བའམ་སྟོན་པ་རིམ་པ་མི་ཉུང་བ་བྱོན་པ་ལ། རྗེའུ་ཤི་རྣམས་ཀྱིས་ཡེ་ཤུའི་སྟོན་པ་ལྷ་ཆེན་པོའི་ལུང་སྟོན་པ་པོར་ཁས་ལེན་མ་བྱས་པས་ཡེ་ཤུའི་ཆོས་ལུགས་ལོགས་སུ་གྱེས་པ་དང་། དེ་བཞིན་རྗེའུ་ཤིས་མུ་སི་ལིམ་གྱི་སྟོན་པ་ཡང་ཁས་ལེན་མ་བྱས་ཤིང་། མུ་སི་ལིམ་ཚོས་ཡེ་ཤུའི་སྟོན་པ་ལྷ་ཆེན་པོའི་ལུང་སྟོན་པ་པོར་ཁས་ལེན་ཀྱང་རྗེས་འཇུག་རྣམས་རྣམ་དག་ཡིན་པར་ཁས་མི་ལེན་པ་སོགས་ཙམ་གྱིས་ཐ་དད་གྱེས་པ་ལས་ལྟ་གྲུབ་ཀྱི་ཁྱད་པར་ཧ་ཅང་ཆུང་། ཆོས་ལུགས་གསུམ་པོའི་གནད་འགག་གཙོ་བོ་ནི་འཇིག་རྟེན་བཀོད་པ་པོར་གྱུར་པའི་ལྷ་གཅིག་རང་ཡོད་པ་དང་། དེ་ཡང་གཟུགས་མེད་ཀྱི་རང་བཞིན་ཞིག་ཡིན་པར་འདོད་པ་དེ་རེད། ཆོས་ལུགས་འདི་གསུམ་པོ་ལ་སྤྱི་ཁྱབ་ཀྱི་མིང་དུ་དེང་སང་ཨབ་ར་ཧམ་ཆོས་ལུགས་ཞེས་ཀྱང་འབོད་སྲོལ་ཡོད། 


ཆོས་ལུགས་དེ་གསུམ་ལས་རྗེའུ་ཤིའི་མི་རིགས་ནི་གཙོ་བོ་ཨབ་ར་ཧམ་གྱི་བུ་གཉིས་པ་ཨི་སཀ་ཅེས་པ་ལས་བྱུང་བར་འདོད་ཅིང་། ཡེ་ཤུའི་སྟོན་པའི་མེས་པོ་ཡང་ཨི་སཀ་ཡིན་པར་འདོད། འོན་ཀྱང་མུ་སི་ལིམ་གྱི་མི་རིགས་ཨ་རབ་རྣམས་ནི་ཨབ་ར་ཧམ་གྱི་བུ་དང་པོ་ཨི་ཤ་མེལ་ནས་བྱུང་བར་གྲགས། རྗེའུ་ཤིའི་ཆོས་ལུགས་དར་རྗེས་ཨ་རབ་ཀྱི་ཡུལ་མི་རྣམས་ཀྱིས་ཨབ་ར་ཧམ་དང་ཨི་ཤ་མེལ་གཉིས་ཀྱིས་བཞེངས་པར་གྲགས་པའི་ལྷ་ཁང་ཀཱ་རྦ་ཞེས་པ་དེ་ལ་མཆོད་སྲོལ་ཡོད་ཅིང་དེ་དང་མཉམ་དུ་ཡུལ་མིའི་ལྷ་གཞན་ཡང་བསྟེན་སྲོལ་ཡོད། དེ་ལྟར་རྗེའུ་ཤིའི་ཆོས་ལུགས་དར་ནས་ལོ་ངོ་སྟོང་ཕྲག་ཁ་ཤས་དང་། ཡེ་ཤུའི་ཆོས་ལུགས་དར་ནས་ལོ་ངོ་ལྔ་བརྒྱ་ཡས་མས་ཀྱི་རྗེས་སུ། ཨ་རབ་ཀྱི་མེ་ཀ་ལུང་པར་སྤྱི་ལོ་༥༧༠ ལོར་མུ་ཧམ་མད་ཅེས་པའི་བྱིས་པ་ཞིག་འཁྲུངས་པ་ཁོང་ནི་ཕྱིས་སུ་མུ་སི་ལིམ་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོར་གྱུར། ཁོང་གི་ཡབ་ནི་ཁོང་མ་འཁྲུངས་པའི་ཟླ་བ་དྲུག་གི་གོང་ནས་གྲོངས་ཤིང་། ཁོང་གི་ཡུམ་ཡང་ཁོང་འཁྲུངས་ནས་ལོ་དྲུག་གི་རྗེས་སུ་གྲོངས་པས་ཁོང་ལ་ལྟ་རྟོག་གནང་མཁན་ནི་ཁོང་གི་ཡབ་ཕྱོགས་ཀྱི་སྤོ་བོ་ལགས་རེད། ལོ་གཉིས་ཀྱི་རྗེས་སུ་སྤོ་བོ་ལགས་ཀྱང་གྲོངས་པས་ཨ་ཁུས་གསོ་སྐྱོང་ཞུས། ཁོང་གི་ཨ་ཁུ་ནི་ཀཱ་རྦ་ལ་ལྟ་རྟོག་གནང་མཁན་ཡིན་པས་དབང་ཚད་ཆེ་ཙམ་ཡོད་པ་ཞིག་ཡིན། དེ་ནས་དགུང་གྲངས་ཉེར་ལྔ་ཟིན་རྗེས་ལུང་པ་དེར་བུད་མེད་ཡུག་ས་མ་ཚོང་པ་འབྱོར་ལྡན་ཞིག་ཡོད་པ་ལ་ཨ་ཁུས་ངོ་སྤྲོད་བྱས་པ་བཞིན་མུ་ཧམ་མད་གིས་དེའི་ལས་རོགས་གནང་ནས་ཚོང་ལས་ལ་ཞུགས། མོའི་མིང་ལ་ཁ་དྷི་རྗ་ཞེས་ཟེར་ཞིང་། ཁོང་ལས་ཀྱང་ཚོང་པ་བུད་མེད་དེ་ལོ་བཅོ་ལྔ་ཆེ་ན་ཡང་ཁོང་གཟུགས་སྟོབས་ཆེ་བ་དང་འཇོན་ཐང་ཆེ་བ་སོགས་ཀྱིས་ཚོང་པ་བུད་མེད་དེའི་ཡིད་དབང་འཕྲོགས། རིམ་པས་ཁོང་གཉིས་བཟའ་ཟླར་གྱུར་ཏེ་བུ་གསུམ་དང་བུ་མོ་བཞི་སྐྱེས། མོ་ནི་ཐབས་ལ་མཁས་ཤིང་སྙིང་སྟོབས་ཆེ་བའི་བུད་མེད་ཅིག་ཡིན་པའི་ཐོག་མུ་ཧམ་མད་གི་སྐྱེས་སྨན་རྣམས་ཀྱི་ནང་ནས་སྲས་འཁྲུངས་པ་ཡང་མོ་གཅིག་པུ་ཡིན་པས་མུ་ཧམ་མད་རང་དང་ཁོང་གི་རྗེས་འཇུག་རྣམས་ཀྱིས་མོ་ལ་གུས་བཀུར་ཤིན་ཏུ་ཆེ། 

སྐབས་དེའི་ཨ་རབ་ལུང་པའི་མི་སེར་སྤྱི་ཡོངས་བཞིན་མུ་ཧམ་མད་ཁོང་ནི་འབྲི་ཀློག་གི་ཤེས་ཡོན་ཙམ་ཡང་མེད་མཁན་ཞིག་དང་ལྷ་དང་འདྲེ་ལ་དད་པ་ཡིད་ཆེས་ཆེ་བའི་ཆོས་པ་ཞིག་དེ་བས་མིན་ཀྱང་གནས་ལུགས་ལ་ཤེས་འདོད་དང་སྤྲོ་བ་ཟབ་མོ་ཡོད་མཁན་ཞིག་ཡིན་པས་ཁོང་གིས་དུས་དང་དུས་སུ་རང་ཉིད་གཅིག་པུར་སྒོམ་རྒྱག་གནང་སྲོལ་ཡོད། དེ་ནས་དགུང་ལོ་བཞི་བཅུར་ཕེབས་པའི་ཉིན་ཞིག་རི་ཞིག་གི་རྩེར་འཁྱམས་འཁྱམས་ལ་ཕེབས་ནས་མཚན་མོ་ཕུག་པ་ཞིག་གི་ནང་དུ་བཞུགས་བཞིན་པ་ན་གློ་བུར་དུ་ལྷ་ལྟ་བུ་གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་མཐོང་བས་དྲན་མེད་དུ་བརྒྱལ། རྗེའུ་ཤིའི་ཆོས་ལུགས་ལྟར་ན་དེ་འདྲའི་རིགས་ནི་ལྷ་དངོས་མ་ཡིན་པར་ལྷ་ཡི་འཁོར་ལྟ་བུ་ཡིན་ཞིང་། ལྷ་དེའི་མིང་དུ་ཕྱིས་སུ་རྒེབ་རིལ་ཞེས་འབོད། འདིའི་རིགས་མང་ཆེ་བ་ཕོ་ཡིན་ཀྱང་ཁ་དོག་དཀར་པོ་གཤོག་པ་ཡོད་པ་ཞིག་ཡིན་པས་ཕྱིས་སུ་མང་པོས་ཨེན་རྗེལ་ཞེས་བུད་མེད་ལྟ་བུར་ངོས་འཛིན། འོན་ཀྱང་ལྷ་མ་ཡིན་དུ་ངོས་འཛིན་ན་ཅུང་མི་འགྲིག་སྟེ་རྒྱུ་མཚན་འདི་དག་ནི་ལྷ་ཡི་གཡོག་པོ་ལྟ་བུ་ཡིན་པ་ལས་ལྷ་ཡི་འགྲན་ཟླར་གྱུར་པ་ཞིག་མ་རེད། དེ་ནས་མུ་ཧམ་མད་གི་དྲན་པ་སོས་པ་ན་རྒེབ་རིལ་གིས་མུ་ཧམ་མད་ལ་དཀོན་མཆོག་གམ་ལྷ་ཆེན་པོས་མི་ཡི་རིགས་བཟོས་ཤིང་། འབྲི་བ་དང་ཀློག་པ་སོགས་མི་ཡི་རིགས་ཀྱིས་མི་ཤེས་པ་ཐམས་ཅད་ལྷ་ཆེན་པོས་བསླབས་ཡོད་ཅེས་གསུངས། མུ་ཧམ་མད་ཁོང་ནམ་རྒྱུན་མི་མ་ཡིན་ལྟ་བུས་ཟིན་པ་ལ་མཉེས་པོ་མེད་པས་ཐོག་མར་དྭོགས་པ་སྐྱེས་ནས་མ་བདེ་བར་གྱུར་ཀྱང་རིམ་པས་བཟའ་ཟླ་ཁ་དྷི་རྗ་དང་། ཚ་བོ་ཨ་ལི་གཉིས་གཙོ་བོར་གྱུར་པའི་རྒྱབ་སྐྱོར་ཐོབ་པས་རང་གིས་གསར་དུ་ཐོབ་པའི་ཆོས་ལུགས་དེ་ཉིད་སྤེལ་མགོ་བརྩམས།


དེ་ནས་བཟུང་ཐ་མ་སྐུ་མ་གཤེགས་ཀྱི་བར་དུ་རྒེབ་རིལ་གྱི་བརྒྱུད་ནས་མུ་ཧམ་མད་ལ་ལོ་ཉེར་གསུམ་གྱི་རིང་ལུང་བསྟན་ནམ་དགོངས་གཏེར་ལྟ་བུ་རབ་དང་རིམ་པར་བབ་པ་རྣམས་ཕྱོགས་བསྡོམས་བྱས་པ་ལ་ཁུ་རན་ཞེས་གྲགས། ཁུ་རན་ཞེས་པ་ནི་ཀློག་པ་དང་བགྲང་བ་ལ་གོ་བར་བཤད། ཁོང་གིས་སོ་སོར་ཆོས་བབ་རིམ་བཞིན་གྲོགས་པོ་དང་སྤུན་མཆེད། རྗེས་འཇུག་རྣམས་ལ་གསུངས་པ་དེ་དག་གིས་བློར་བཟུང་ནས་ཐ་མ་བཀའ་ཡི་བསྡུ་བ་མཛད་ཅིང་ཡིག་ཐོག་ཏུ་ཕབ་པ་ནི་ཁོང་གཤེགས་ཟིན་པའི་རྗེས་སུ་རེད། ཁུ་རན་ལ་རིང་ཐུང་མ་འདྲ་བ་ཅི་རིགས་ཡོད་པའི་ལེ་ཚན་བརྒྱ་དང་བཅུ་བཞི་ཡོད་ཅིང་། ཕྱིས་སུ་མཁས་པ་རྣམས་ཀྱིས་བརྩམས་པའི་འགྲེལ་པ་ཡང་མང་པོ་ཡོད། རིམ་པས་སྐད་ཡིག་མང་པོར་བསྒྱུར་ན་ཡང་མུ་སི་ལིམ་གྱི་ཆོས་ལུགས་ལྟར་ན་དེ་ཉིད་ཨ་རབ་རང་གི་སྐད་ནང་དུ་ཀློག་དགོས་པ་ནི་ཆ་རྐྱེན་གལ་ཆེན་ཡིན་པར་འདོད་པས་སྐད་ཡིག་གཞན་དུ་བསྒྱུར་བར་མོས་མཐུན་བྱེད་སྲོལ་མེད། དེའི་ནང་དུ་ལྷ་ཆེན་པོས་འཇིག་རྟེན་བཟོས་ཚུལ་དང་། ཆོས་དར་ཚུལ། མ་འོངས་པར་འཇིག་རྟེན་འདི་འཇིག་ནས་ལྷ་ཆེན་པོས་མི་ཐམས་ཅད་ལ་རང་རང་གིས་བསགས་པའི་དགེ་སྡིག་ལ་དཔགས་པའི་ཁྲིམས་གཅོད་པའི་དུས་ཡོང་ངེས་པ་སོགས་ཀྱི་ལྟ་གྲུབ་ནི་རྗེའུ་ཤིའི་ཆོས་གཞུང་དང་མཚུངས། གཞན་ཁུ་རན་གྱི་བརྗོད་བྱ་གཙོ་བོ་དཀོན་མཆོག་གམ་ལྷ་ཆེན་པོ་སྟེ་ཨ་ལའི་རང་བཞིན་ཡིན་ཀྱང་རང་བཞིན་གང་ཡིན་མཐའ་གཅིག་ཏུ་གསལ་པོ་གསུངས་མེད་པ་ནི་ཨ་ལའི་རང་བཞིན་དངོས་ནི་ཐད་ཀར་མངོན་སུམ་གྱིས་རྟོགས་དགོས་པ་ལས་དོན་སྤྱི་དང་སྐུ་བརྙན་སོགས་ཀྱི་སྒོ་ནས་རྟོགས་ཐུབ་པ་ཞིག་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་བཤད། 


དེ་ལྟར་ཁུ་རན་ལ་བརྟེན་ནས་དར་བའི་ཆོས་ལུགས་གསར་པ་དེ་རྗེའུ་ཤིའི་ཆོས་ལུགས་དང་མི་འདྲ་ས་ཆེར་མེད་ཀྱང་། མུ་ཧམ་མད་གི་འཁྲུངས་གནས་མེ་ཀ་ལུང་པའི་ས་གནས་དེའི་མི་རྣམས་ཀྱིས་རྗེ་ཤུའི་ཆོས་ལུགས་དང་མཐུན་པར་ལྷ་ཆེན་པོ་ལ་ཡང་མོས་པ་དང་མཉམ་དུ། རིགས་བརྒྱུད་ཀྱི་ལྷ་སོགས་མཚོན་བྱེད་ཀྱི་རྟེན་དངོས་པོ་འདྲ་མིན་ལ་མཆོད་པའི་ལུགས་སྲོལ་ཡང་ཡོད་པ་ལ་མུ་ཧམ་མད་གི་ཆོས་ལུགས་ཀྱིས་མཐའ་གཅིག་ཏུ་བཀག་འགོག་གནང་གི་ཡོད་པས་དེ་དག་གི་བར་དུ་འགལ་ཟླ་ཇེ་ཆེར་གྱུར། འགལ་ཟླ་དེའི་ཁྲོད་དུ་མོ་ཧམ་མད་གི་སྤུན་མཆེད་དང་གྲོགས་པོ་མང་པོའི་སྲོག་ཤོར་ཞིང་། སྔར་ཡེ་ཤུའི་སྟོན་པས་རང་སྲོག་རྗེའུ་ཤིའི་ལག་ཏུ་ཤོར་བ་ལྟར་མུ་ཧམ་མད་གི་སྐུ་སྲོག་ལ་ཡང་ཉེན་ཀ་ཆེ་ཙམ་འཕྲད་ན་ཡང་། སྟབས་ལེགས་པར་དེ་ནས་ཐག་མི་རིང་སར་ཡོད་པའི་ས་ཆ་དེང་སང་མེ་ཌི་ན་ཞེས་འབོད་པའི་ས་ཆའི་མི་རྣམས་ཁོང་ལ་འཇིག་རྟེན་གྱི་ཕྱོགས་ནས་དགའ་པོ་དང་ཆོས་ཀྱི་ཕྱོགས་ནས་དད་པོ་ཡོད་པས་ཁོ་ཚོས་ཁོང་དེར་གདན་དྲངས། སྐབས་དེ་དུས་ཁོང་དང་ལྷན་དུ་རང་གི་ཕ་ཡུལ་དང་སྤུན་མཆེད་དང་བཅས་པ་དོར་ནས་འགྲོ་མཁན་མང་པོ་ཡོད་པ་ལ་དེ་ནི་དད་པའི་འགྲུལ་བཞུད་གལ་ཆེན་ཞིག་དང་མུ་སི་ལིམ་ཚོར་མཚོན་ན་ཆེས་ཐོག་མ་དེ་ཡིན་པས་འགྲུལ་བཞུད་དེ་ལ་མུ་སི་ལིམ་ཚོས་ཧི་ཇི་ར་ཞེས་འབོད། ལོ་དེ་ནི་སྤྱི་ལོའམ་ཡེ་ཤུའི་ཆོས་ལུགས་ཀྱི་ལོ་ཐོ་ལྟར་ན་༦༢༢ ཡིན་ཀྱང་མུ་སི་ལིམ་རྣམས་ལ་མཚོན་ན་ལོ་དེ་ཉིད་མུ་སིམ་གྱི་ཆོས་ལུགས་ཐོག་མར་དབུ་བརྙེས་པའི་ལོ་ཡིན་པས་ཁོ་པ་ཚོའི་ལོ་ཐོའི་ལོ་མགོ་ཡང་འདི་ནས་བཙུགས་པ་ཞིག་རེད། མེ་ཌི་ན་ལ་སྡོད་སྐབས་ལུང་པ་དེར་མུ་སི་ལིམ་ཆོས་ལུགས་ཀྱི་ལྷ་ཁང་ཐོག་མ་ཡང་བཞེངས་པ་དང་། མུ་སི་ལིམ་གྱིས་ཉིན་ལྟར་ལྷ་ལ་སྐད་གསང་མཐོན་པོས་གསོལ་བ་འདེབས་པ་ཡང་ས་ཆ་དེར་དབུ་བརྙེས།


མུ་ཧམ་མད་རང་གི་ཐུགས་ལ་རང་གི་འཁྲུངས་ཡུལ་དུ་ཞི་བའི་ཐོག་ནས་རང་གི་ཆོས་ལུགས་སྤེལ་ཐུབ་པའི་དགོངས་བཞེད་ཡོད་ཀྱང་། དགོངས་བཞེད་བཞིན་མ་བྱུང་བར་ད་ཆ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བས་མ་ཚད། དེ་ནས་མེ་ཀའི་ཕྱོགས་ནས་མུ་སི་ལིམ་ཡོད་ཚད་རྩ་མེད་གཏོང་ཆེད་དམག་དཔུང་བསྒྲིགས་ནས་འབྱོར་བ་ན་ཐབས་གཞན་མེད་པས་དེའི་ཁ་གཏད་དུ་མུ་སི་ལིམ་རྒད་པོ་དང་ལོ་ཆུང་བྱིས་པ་ཡན་ཆོད་བསྡོམས་པའི་མི་སུམ་བརྒྱ་ཙམ་ཡོད་པས་གྲི་དང་དབྱུག་པ་སོགས་སྣ་ཚོགས་པ་ཐོགས་ནས་དམག་འཐབས་ལ་ཞུགས། སྐབས་དེའི་དམག་འཐབས་ནི་ཕྱོགས་གཉིས་ཀར་ཐབས་མེད་པའི་གནས་སྟངས་བཟོད་དཀའ་བ་ཞིག་སྟེ་སྤུན་མཆེད་ནང་ཁུལ་དང་། གྲོགས་པོ་ནང་ཁུལ། ཕ་བུ་ནང་ཁུལ་དང་བཅས་པར་དད་མོས་དང་བསམ་ཕྱོགས་མི་འདྲ་བའི་དབང་གིས་རང་སྲོག་འབེན་ལ་བཙུགས་ནས་འཐབས་དགོས་བྱུང་ཡོད། སྟོང་ཕྲག་ཁ་ཤས་ཡོད་པའི་མེ་ཀའི་དམག་ལ་ལྟོས་ན་མུ་སི་ལིམ་ཚོའི་དམག་དཔུང་ནི་ཆེས་ཉུང་ཉུང་ལས་མིན་ཀྱང་། སྔ་རྗེས་ཐེངས་ཁ་ཤས་འཐབ་རིང་མུ་ཧམ་མད་གི་ཕྱོགས་ལ་རྒྱལ་ཕམ་གཉིས་ཀ་བྱུང་ནས་མུ་ཧམ་མད་རང་ལ་ཡང་རྨས་སྐྱོན་ཕོག་པ་སོགས་བྱུང་ན་ཡང་མུ་སི་ལིམ་རྣམས་ཀྱི་ནང་གི་དད་མོས་དང་སྙིང་སྟོབས་ནི་འགྲན་ཟླ་མེད་པས་རིམ་པས་ཤིན་ཏུ་འདུལ་དཀའ་བར་གྱུར་ཅིང་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་དུ་གྱུར་ཏེ་མཐར་མུ་སི་ལིམ་རྣམས་རྣམ་པར་རྒྱལ། 

དེ་ནས་དམག་མི་ཁྲི་གཅིག་ཙམ་ཡོད་པའི་སྟོབས་ཤུགས་ཐོབ་སྐབས་མུ་ཧམ་མད་སྐུ་འཁོར་རྣམས་མེ་ཀ་ལུང་པར་འབྱོར་བ་ན་ད་ཆ་མེ་ཀའི་ཡུལ་མི་རྣམས་ཀྱིས་མུ་ཧམ་མད་ལ་ཁ་གཏད་གཅོག་ཐབས་མེད་པ་གསལ་པོར་གྱུར་ཡོད། ཡུལ་གྲུ་དེའི་གནའ་བོའི་ལུགས་སྲོལ་ལྟར་ན་རིགས་རྒྱུད་ཚོ་པ་སུ་ཞིག་གི་དམག་ཕམ་ན་ཡང་དེའི་སྐྱེས་པ་ཐམས་ཅད་གསོད་ཅིང་བུད་མེད་ཐམས་ཅད་འཚོང་བ་སོགས་ཀྱིས་ཡ་ང་སྙིང་རྗེ་ཅུང་ཟད་ཙམ་ཡང་བྱེད་སྲོལ་མེད་པས་ཉིན་དེར་མེ་ཀའི་ཡུལ་མི་ཐམས་ཅད་དངངས་སྐྲགས་བརྗོད་མི་ཤེས་པའི་འོག་ཏུ་ཡོད་ཀྱང་། མུ་ཧམ་མད་གིས་སུ་ཡིན་ཀྱང་ཁོང་གི་ཆོས་ལུགས་ལ་ཞུགས་པ་ཙམ་གྱིས་འགྲིགས་ཡོད་པས་ཞེད་དགོས་པ་སོགས་གང་ཡང་མེད་པར་གསུངས་པས་ཚང་མ་འཇིགས་པ་ལས་གྲོལ། དེ་ནས་ཁོང་དམག་གིས་བསྐོར་ཏེ་མེ་ཀ་ལུང་པར་ཡོད་པའི་གནས་ཀྱི་ལྟེ་གནས་ཀཱ་རྦར་ཕེབས་ནས་དེར་ཆོས་ལུགས་གཞན་གྱི་མི་རྣམས་གསོད་པའི་ཚབ་ཏུ་ཡབ་མེས་ཀྱིས་བསྟེན་སྲོལ་ཡོད་པའི་ལྷ་རྣམས་མཚོན་བྱེད་ཀྱི་རྟེན་ཐམས་ཅད་ཐལ་བར་གཏོར། དེ་ནི་རྙིང་ཟིན་པའི་འདས་པ་གཏོར་བ་དང་འབྲེལ་མ་འོངས་པ་གསར་པ་ཞིག་མགོ་ཚུགས་པའི་དོན་ཡང་ལོས་ཡིན། དེ་ནས་བཟུང་མུ་སི་ལིམ་གྱི་ཆོས་ལུགས་ཀྱི་ལྟེ་བ་ནི་མེ་ཀའི་ལུང་པ་འདི་ཡིན་ཅིང་། ཀཱ་རྦ་ཡང་གནས་ཀྱི་གཙོ་བོར་གྱུར། རྒྱ་གར་གྱི་ཆོས་ལུགས་ལྟར་ན་རི་བོ་མཆོག་རབ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་པར་འདོད་པ་བཞིན་མུ་སི་ལིམ་ཚོས་ཀཱ་རྦ་ནི་འཛམ་གླིང་གི་ལྟེ་བ་ཡིན་པར་འདོད། ཚན་རིག་པ་མི་ཉུང་བས་དེ་ལ་ངོ་མཚར་བའི་གནས་ལུགས་དང་རྒྱུ་མཚན་མང་པོ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད། ཀཱ་རྦའི་ནང་དུ་ཡ་མཚན་ཅན་གྱི་རྡོ་ནག་པོ་ཞིག་ཡོད་པ་དེ་ནི་ལྷ་ཆེན་པོས་ཞིང་ཁམས་ནས་མར་གནང་བར་ཡིད་ཆེས་བྱེད་ཅིང་། འདི་དག་ལ་མུ་སི་ལིམ་ཚོས་མོས་པ་དང་བཀུར་བར་བྱེད་པས་རྗེའུ་ཤི་ཆོས་ལུགས་པས་མུ་སི་ལིམ་རྣམས་ནི་གཟུགས་ཅན་གྱི་རྟེན་ལ་མོས་པས་ན་ཆོས་ལོག་ཡིན་པར་བཤད་སྲོལ་ཡོད། 


གང་ལྟར་ཡང་ལྷ་ཁང་དེ་ནི་མུ་སི་ལིམ་གྱི་ཆོས་ལུགས་པ་ཞིག་ཡིན་ནས་བཟུང་སྟེ་བྱ་དགོས་པ་ཀ་བ་ལྔ་ཞེས་ཡོད་པའི་ནང་ནས་ལྔ་པ་སྟེ་གནས་སྐོར་དུ་ངེས་པར་དུ་འགྲོ་དགོས་ས་དེ་རེད། མུ་སི་ལིམ་གྱི་ཆོས་ལུགས་ནང་དུ་བཤད་པའི་ཉམས་ལེན་གྱི་ཀ་བ་ལྔ་ནི། ༡ ཤ་ཧ་ད་ཞེས་པ་དད་མོས་ཏེ་ལྷ་ཆེན་པོ་གཅིག་རང་ལ་དད་པ་ཡིན་ཞིང་འདི་ཉིད་ནང་པའི་སྐྱབས་འགྲོ་དང་མཚུངས། ༢ ས་ཧཏ་ཞེས་པ་སྨོན་ལམ་སྟེ་ཉིན་རེ་གསོལ་བ་དང་སྨོན་ལམ་ལན་ལྔ་ཆད་མེད་དུ་འདེབས་པར་གོ། གསོལ་བ་འདེབས་པ་དེས་ནི་གནས་སྐབས་དེར་མུ་སི་ལིམ་ཡོངས་རྫོགས་ཀྱིས་སེམས་ནས་བསམ་རྒྱུ་གཅིག་པ་དང་། ལུས་ཀྱི་བྱེད་སྟངས་གཅིག་པ། ཐ་ན་དུས་ཚོད་དང་། འཛམ་གླིང་གང་དུ་ཡོད་ཀྱང་ཚང་མས་ཀཱ་རྦའི་ཕྱོགས་ལ་ཁ་སྟོན་དགོས་པ་གཅིག་པ་བཅས་ཀྱིས་དེས་གཅིག་གྱུར་གྱི་ཚོར་བ་གཞན་ལས་ལྷག་པ་སྟེར་ནུས་པ་བཤད་མ་དགོས། ༣ ཛ་ཀཏ་ཞེས་པ་སྦྱིན་གཏོང་སྟེ་ཐམས་ཅད་ལྷ་ལ་དབང་བར་དྲན་པ་དང་མཐོ་དམན་འདྲ་མཉམ་ཡོང་ཕྱིར་རང་གི་རྒྱུ་ནོར་གྱི་ཆ་ཤས་ཙམ་རྟག་ཏུ་གཞན་ལ་སྦྱིན་པ་གཏོང་བ། ༤ སི་ཡམ་ཞེས་པ་གསོ་སྦྱོང་སྟེ་ཟླ་བ་དགུ་པ་ར་མ་དྷར་སྲུང་དགོས་པའི་གསོ་སྦྱོང་བཅས་གསོ་སྦྱོང་གི་རིགས་གསུམ་ཡོད། ༥ ཐ་མ་ནི་ཧཇ་ཞེས་པ་གནས་སྐོར་ཏེ་མུ་སི་ལིམ་ཡིན་ནས་བཟུང་སྟེ་མ་མཐར་ཡང་མེ་ཀ་ལ་གནས་སྐོར་ཐེངས་གཅིག་འགྲོ་དགོས་པ་བཅས་སོ། གཞན་ཡང་རྗེའུ་ཤིའི་ཆོས་ལུགས་ཀྱི་ནང་དུ་ཡོད་པ་དང་མེད་པའི་ཉམས་ལེན་མི་ཉུང་བ་ཡོད་ཀྱང་མུ་སི་ལིམ་ཡིན་མིན་གྱི་ས་མཚམས་འབྱེད་བྱེད་ནི་འདི་ལྔ་སྲུང་མི་སྲུང་གིས་འབྱེད་པ་ཡིན། གཞན་མུ་སི་ལིམ་རྣམས་ཀྱིས་བསྟེན་མི་རུང་བའི་བཟའ་བཏུང་ནི་རང་བཞིན་གྱིས་ཤི་བའི་སེམས་ཅན་གྱི་ཤ་སྤྱི་དང་། ལྷག་པར་ཕག་པ་ནི་ཤིན་ཏུ་མི་གཙང་བ་ཡིན་པས་རྩ་བ་ནས་བཟའ་མི་རུང་ཞིང་། ཆང་དང་ཁྲག་ལ་སོགས་པ་འཐུང་མི་རུང་ཡང་། མང་དུ་དྭོགས་པས་རྒྱུ་མཚན་རྣམས་འདིར་མི་བཤད།

དེ་ནས་སྤྱི་ལོ་༦༣༢ ལོར་དགུང་ལོ་དྲུག་ཅུའི་ནང་དུ་ཕེབས་པའི་མུ་ཧམ་མད་སྐུ་གཤེགས་ཁར་ཁོང་གིས་མ་འོངས་པར་སྟོན་པ་གཞན་མི་འབྱུང་བ་དང་། ཆོས་ཚུལ་བཞིན་བྱ་དགོས་ཚུལ། གཞན་ལ་གནོད་པ་བྱ་མི་རུང་ཚུལ། བུ་ལོན་ལ་སྐྱེད་འབབ་ལེན་མི་རུང་ཚུལ། བུད་མེད་ལ་ཡག་པོ་བྱ་དགོས་ཚུལ་སོགས་ཀྱི་ཐ་མའི་སློབ་སྟོན་གནང་ནས་ཁོང་ལ་སྔ་ཕྱིར་བཟའ་ཟླ་བཅུ་གསུམ་ཙམ་ཡོད་པའི་ནང་ནས་ཕྱིས་སུ་ཐུགས་འདིངས་ཆེ་ཤོས་དང་ལོ་ན་ཡང་ཧ་ཅང་ཆུང་བ་ཨའི་ཤ་ཟེར་བ་དེའི་པང་དུ་དབུ་བསྙེས་ནས་སྐུ་གཤེགས། ཆོས་ལུགས་གཞན་གྱི་སྟོན་པ་དང་མི་འདྲ་བར་ཁོང་གིས་ཁོང་ནི་ལྷ་ཡི་ལུང་སྟོན་པ་པོ་ཙམ་ཡིན་པ་ལས་ལྷ་མ་ཡིན་ཞིང་། ལྷ་དངོས་ནི་གཅིག་རང་ལས་མེད་པའི་ཚུལ་གསལ་པོར་གསུངས་པས། རང་གི་སྟོན་པ་དེ་ལྷར་མི་འཛིན་པའི་ཆོས་ལུགས་ཕལ་ཆེར་མུ་སི་ལིམ་མ་གཏོགས་མེད་པ་ལྟ་བུ་རེད། དེ་ལྟར་ཡོང་བར་མུ་ཧམ་མད་ཁོང་སྐུ་མ་གཤེགས་གོང་ནས་ཁོང་གིས་ཁོང་གྲོངས་རྗེས་མི་རྣམས་ཀྱིས་མཆོད་གནས་སུ་མི་འགྱུར་བའི་དོན་དུ་སྤྲོས་པ་རྒྱས་པོའི་དུར་སྦས་སོགས་དམིགས་བསལ་བྱ་མི་དགོས་པའི་ཞལ་ཏ་གནང་ཞིང་། གྲོངས་ཟིན་རྗེས་གྲོགས་པོ་ཨ་རྦུ་རྦ་ཀར་ཟེར་བ་ཁོང་གི་བཟའ་ཟླ་ཨའི་ཤའི་ཡབ་ཡིན་པ་དེས་སྐད་གསང་མཐོན་པོས་གལ་སྲིད་ཁྱོད་ཚོས་མུ་ཧམ་མད་ལ་དད་མོས་བྱ་ཡི་ཡོད་ན་ཁོང་གྲོངས་ཟིན་པ་རེད། འོན་ཀྱང་གལ་སྲིད་ཁྱོད་ཚོས་ཨ་ལ་སྟེ་ལྷ་ཆེན་པོ་ལ་དད་མོས་བྱ་ཡི་ཡོད་ན་ཤེས་དགོས་པ་ཞིག་ལ་ལྷ་ཆེན་པོ་ནི་འཚོ་ཞིང་བཞུགས་ལ་ནམ་ཡང་སྐུ་གཤེགས་མི་སྲིད་ཅེས་བཤད། 

རྒྱུ་མཚན་དེས་མུ་སི་ལིམ་ཆོས་ལུགས་ཀྱི་ནང་དུ་མུ་ཧམ་མད་ལྷ་མ་ཡིན་པར་ལྷ་ཡི་ལུང་སྟོན་པ་པོ་ཙམ་ཡིན་པ་རྩོད་མེད་ཡིན་པས་ཡེ་ཤུ་ཆོས་ལུགས་པ་ལྟར་ལྷ་ཆེན་པོ་དང་། རྣམ་ཤེས། ཡེ་ཤུའི་སྟོན་པ་གསུམ་གྱི་བར་དུ་གཅིག་དང་ཐ་དད་ཀྱི་འབྲེལ་བ་གང་ཡོད་ཟེར་བའི་རྩོད་གཞི་ཛ་དྲག་ཅན་དེ་འདྲ་བྱུང་མེད། དེ་བཞིན་ཡེ་ཤུའི་ཆོས་ལུགས་པས་ཡེ་ཤུའི་སྟོན་པའི་སྐུ་བརྙན་དང་རི་མོ་བཞེངས་སྲོལ་ཡོད་ཀྱང་མུ་སི་ལིམ་རྣམས་ཀྱིས་མུ་ཧམ་མད་གི་སྐུ་བརྙན་བཞེངས་པ་དང་རི་མོ་འབྲི་བ་སོགས་ལ་དགའ་བོ་བྱ་སྲོལ་མེད། འོན་ཀྱང་ལོ་རྒྱུས་ཐོག་གི་མུ་ཧམ་མད་མཚོན་བྱེད་དུ་འགའ་ཤས་ཀྱིས་ཁོང་གི་ཞལ་རས་རས་དཀར་པོས་བཀབ་པའི་རི་མོ་ཅུང་ཟད་རེ་འབྲི་སྲོལ་ཡོད། དེས་ན་མུ་ཧམ་མད་ནི་མི་དངོས་ཤིག་ཡིན་པ་ལ། ཨི་རྦན་ཨི་ཤཀ་གིས་བརྩམས་པའི་མུ་ཧམ་མད་གི་མི་ཚེའི་ལོ་རྒྱུས་ནི་རྙིང་ཤོས་དང་ཁུངས་དག་ཤོས་ཡིན་པར་བརྩི་སྲོལ་ཡོད་ཅིང་། དེའི་ནང་དུ་བལྟས་ན་ཆོས་ལུགས་ཀྱི་སྟོན་པ་ཆ་ཚང་ནང་ནས་མུ་ཧམ་མད་གི་མི་ཚེའི་ལོ་རྒྱུས་ནི་གསོན་ཉམས་ཆེ་ཤོས་དང་ལྷ་སྒྲུང་ཉུང་ཤོས་ཀྱང་ཡིན་པར་མངོན། མུ་ཧམ་མད་ལ་རྫུ་འཕྲུལ་དང་མངོན་ཤེས་སོགས་ཡོད་རབས་མེད་ཅིང་། མུ་ཧམ་མད་ལ་བཟའ་ཟླ་མང་པོ་ཡོད་པ་དང་དམག་འཁྲུགས་ལ་སྐུ་ངོ་མ་ཕེབས་པ་སོགས་ཀྱིས་ཁོང་ལ་སྐྱོན་མི་ཉུང་བ་ཡོད་ན་ཡང་། དེ་ཚོ་ཁོང་གི་མི་ཚེའི་ལོ་རྒྱུས་ནང་དུ་གསལ་པོར་བྲིས་ཡོད། ཆོས་ལུགས་གཞན་གྱི་སྟོན་པའི་ལོ་རྒྱུས་ནི་ངན་ཚད་སྦས་ཤིང་བཟང་ཚད་ངོམས་པ་ཞིག་ཡིན་པས་དེ་དག་གི་བཟང་ངན་ལྗིད་ཁོག་མཇལ་རྒྱུ་ཁག་པོ་ཡིན་ན་ཡང་གཞན་དག་ལ་ལྟོས་ན་མུ་ཧམ་མད་གི་ལོ་རྒྱུས་ནི་དྲང་པོ་ཞིག་རེད་ཅེས་བཤད་ཆོག་པ་རེད།

དེ་ལྟར་མུ་སི་ལིམ་རྣམས་ཀྱིས་མུ་ཧམ་མད་ཁོང་ལྷ་དངོས་མ་ཡིན་པར་ལྷ་དང་ཉེ་ཤོས་ཀྱི་དམ་པའི་སྐྱེས་བུ་ཞིག་ཡིན་པར་བརྩིས་ནས་མིག་དཔེར་འཛིན་པ་དེས་ཁོང་གི་ཆོས་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན་མུ་ཧམ་མད་ཁོང་ཚོང་པ་ཡིན་པས་ཁོང་གི་ཆོས་ལུགས་པའི་ཁྲོད་དུ་ཚོང་ལས་ཡར་རྒྱས་ཕྱིན་པ་དང་འབྲེལ་དེས་རིམ་པས་ཤར་ནུབ་ཀྱི་གླིང་གཉིས་པོའི་བར་དུ་དཔལ་འབྱོར་གྱི་འབྲེལ་མཐུད་བྱས། ད་དུང་ཁོང་ལ་བཟའ་ཟླ་མང་ཙམ་ཡོད་ཅིང་། ཁོང་གི་ཆོས་ལུགས་ལ་ཚངས་སྤྱོད་ཀྱི་སྡོམ་པ་སྲུང་དགོས་པའི་ཚབ་ལ་བུ་ཕྲུག་མང་ཙམ་གསོ་སྐྱེད་དགོས་པའི་ལྟ་གྲུབ་ཡོད་པ་དེས་ཁོང་གི་ཆོས་ལུགས་ཀྱི་མི་འབོར་ལོ་རེ་ནས་ལོ་རེ་འཕར་བ་ལས་ད་ལྟའི་བར་ཉམས་རྒུད་ཕྱིན་མེད། མ་ཟད་ཁོང་ནི་དམག་དཔོན་ཆེན་པོ་ཞིག་ཀྱང་ཡིན་པས་ཁོང་གི་རྗེས་འཇུག་རྣམས་ལ་སུ་ཞིག་གིས་ལས་སླ་པོས་བརྙས་བཅོས་བཤད་ཐུབ་བམ། དེས་ན་ལོ་ངོ་གཅིག་སྟོང་ལྔ་བརྒྱ་མ་ཟིན་ཙམ་གྱི་རིང་མེ་ལྕེ་བཞིན་དུ་དར་བའི་ཁོང་གི་ཆོས་ལུགས་ཀྱི་ཁྱད་ཆོས་གལ་ཆེ་ཤོས་ནི་ཧ་ཅང་སྟབས་བདེ་བོ་ཡིན་པ་སྟེ། ཧིན་དུ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་བ་མང་པོ་མེད་ཅིང་། ནང་ཆོས་ལྟར་གྲངས་མེད་གསུམ་དུ་ཚོགས་གསོག་པ་དང་ཉིན་མཚན་ཆད་མེད་སྒོམ་རྒྱག་དགོས་མེད་པར་ཚེ་འདིར་ལྷ་ལ་དད་མོས་གཙང་མ་བྱས་ན་ཤི་མ་ཐག་ཏུ་ཞིང་ཁམས་སུ་འགྲོ་ཆོག གཅེར་བུ་པ་སོགས་ལྟར་དཀའ་བ་མང་པོ་སྤྱད་མི་དགོས་པར་ཉིན་རེ་གསོལ་འདེབས་ཐེངས་ལྔ་བྱས་པས་ཆོག རྒྱུ་མཚན་དེ་དག་གིས་ཕྱིས་སུ་སོག་པོའི་རྒྱལ་བརྒྱུད་རྣམས་འཛམ་གླིང་གི་ཆོས་ལུགས་མང་པོར་འབྲེལ་བ་བྱུང་བ་ལས་མང་པོ་ཞིག་གིས་མུ་སི་ལིམ་གདམས་པ་ལ་དེའི་རྒྱུ་མཚན་ཁོ་ཚོས་ཆོས་ལུགས་འདི་ཧ་ཅང་སྟབས་བདེ་མོ་ཡིན་པས་ཡིན་ཞེས་བཤད་ཡོད། འོན་ཀྱང་མུ་ཧམ་མད་ཁོང་སྐུ་འཚོ་བཞུགས་རིང་ཁོང་གིས་སོ་སོས་གསར་གཏོད་གནང་བའི་ཆོས་ལུགས་དེས་འཛམ་གླིང་ཇི་ལྟར་དབང་བསྒྱུར་བ་གཟིགས་རྒྱུ་མ་བྱུང་བས་དེའི་སྐོར་ལེ་ཚན་རྗེས་མའི་ནང་དུ་འཆད་པར་འགྱུར་རོ། །

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།