དུང་དཀར་རིན་པོ་ཆེ་དངོས་མཇལ་གླེང་བ་《ཆོས་དུང་དཀར་པོའི་རང་མདངས》(སྔ་དུམ)

10460


རྩོམ་པ་པོ།   བསྟན་འཛིན་དགེ་ལེགས།

666.jpg
 དུང་དཀར་རིན་པོ་ཆེ་དང་། འཇམ་དཔལ་རྒྱ་མཚོ། བསྟན་འཛིན་དགེ་ལེགས་བཅས་མེ་ཁེལ་གྱི་ཁྱམས་སུ་བསྒྲོན་པ།
___བསྟན་འཛིན་དགེ་ལེགས།    ཕྱི་ལོ༡༩༧༠ནང་ལྷ་སར་སྐྱེས། 《ཨ་རིའི་ཀུན་ཕན་ཐེབས་རྩ》ཚོགས་པའི་ལས་བྱེད་པ་ཡིན། ༡༩༩༠ནས་༡༩༩༦བར་དབྱིན་ཇིར་སློབ་གཉེར་བྱས་ཤིང<མི་དཔྱད་རིག་པ>འི་སློབ་ཆེན་ལག་ཁྱེར་ཐོབ། ༢༠༠༣ལོར་ཨ་རིའི་ནེའུ་ཡོག་གི་སློབ་གསར་སློབ་ཆེན་ནས་ཚོགས་པ་འཛིན་སྐྱོང་གི་ཆེད་ལས་སློབ་གཉེར་བྱས་ཏེ་འབུམ་རམས་པའི་ལག་འཁྱེར་ཐོབ། ད་ལྟ་ཀུན་ཕན་ཐེབས་རྩ་རུ་སྔར་བཞིན་ལས་ཀ་སྒྲུབ་ཀྱིན་པའོ།།


<སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནུབ་ཕྱོགས་ཡུལ་དུ་སྔ་ཕྱིར་མཇལ་བའི་བག་ཆགས་རགས་རིམ། >

<ཀ > རྒྱབ་ལྗོངས།

        སྤྱི་ལོ་ ༡༩༩༥ ལོའི་ཟླ་བ་བདུན་པའི་དབྱར་ཀའི་གནམ་གཤིས་ཚ་གྲང་སྙོམས་ཤིང་། དབྱིན་ཇིའི་ལུང་པའི་སྔོ་ལྗང་གི་དཔལ་ཡོན་རྒྱས་བཞིན་པའི་ཉིན་མོ་ཞིག་ལ། རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་ཁ་པར་ཞིག་འབྱོར་བ་གསལ་པོར་དྲན། རྒན་ལགས་ནི་དེའི་སྐབས་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཞུགས་ཡོད་ཅིང་། ཕྱིས་སུ་སྐད་གྲགས་ཆེ་བའི་བོད་ཀྱི་ལོ་རྒྱུས། “གངས་ལྗོངས་སུ་བབབ་པའི་འབྲུག །” ཅེས་པའི་དེབ་དེ་ཉིད་འབྲི་རྩོམ་གནང་བཞིན་པའི་སྐབས་རེད། རྒན་ཚེ་རིང་ལགས་ཀྱིས། “བསྟན་འཛིན་ལགས། དུང་དཀར་རིན་པོ་ཆེ་གང་མགྱོགས་འདི་ཕྱོགས་ལ་ཕེབས་ཀྱི་ཡོད། ཁྱེད་རང་མར་ལོན་ཌོན་ལ་ཕེབས་ནས་རོགས་པ་གནང་དགོས།”གསུངས་པ་ཐོས་འཕྲལ། ངའི་ལུས་པོ་ཡོངས་དགའ་སྤྲོས་རྒྱས་ཅིང་། སེམས་ནང་ལ་དགའ་བ་ཆེན་པོ་འཕེལ། རྒན་ཚེ་རིང་ལགས་སུ་གཞལ་བར་མི་ཐུབ་པའི་བཀའ་དྲིན་མང་པོ་འཇལ་དགོས་ཡོད་མུས་ཐོག ད་རེས་ཡང་ཁོང་ལ་གཞལ་རྒྱུའི་དྲིན་གྱི་བུ་ལོན་དེ་ལྡབ་བཅུ་གྲངས་ཀྱིས་འཕར་བའི་ཚོར་སྣང་བསླེབས། །

         སྐབས་དེ་དུས་དུང་དཀར་རིན་པོ་ཆེ་དབྱིན་ཡུལ་ལ་གདན་འདྲེན་ཞུ་མཁན་གཙོ་བོ་ནི་རྒན་ཚེ་རིང་ཤཱཀྱ་ ལགས་དང་།ལོན་ཌོན་སློབ་ཆེན་ནང་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་དབྱིན་ཡིག་ལ་བསྒྱུར་བའི་ཐུགས་འགན་བཞེས་མཁན་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་དང་། དེ་བཞིན་ཨོག་སི་ཕོར་ཌིའི་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་སྐུ་ཞབས་མེ་ཁེལ་ཨ་རི་སི་ བཅས་ཡིན་པ་དྲན། རིན་པོ་ཆེ་ལོན་ཌོན་ལ་ཕེབས་འབྱོར་བྱུང་རྗེས། ཉིན་བཅུ་གྲངས་ཀྱི་རྗེས་ལ་རྒན་ཚེ་རིང་ཤཱཀྱ་ལགས་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་དགོས་ཤིང་། གུས་པར་རིན་པོ་ཆེ་མཆོག་ལ་ཞབས་ཞུ་བསྒྲུབ་དགོས་པའི་བཀའ་ཕེབས། །

       རིན་པོ་ཆེ་ཐོག་མར་ལོ་དེའི་ཟླ་བ་དྲུག་པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཁྲ་རི་ཡག་གི་གྲོང་ཁྱེར་སྒར་ར་རྫི་ ལ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བདུན་པ་དེ་ལ་ཕེབས་འདུག ཚོགས་འདུ་གྲུབ་རྗེས་དུང་དཀར་རིན་པོ་ཆེ་དབྱིན་ཡུལ་དུ་ཕེབས་པའི་སྐབས་ལུང་པ་དེར་བོད་དང་འབྲེལ་བ་ཡོད་པའི་ལས་གཞི་ཆེན་པོ་གསུམ་སྤེལ་བཞིན་པའི་སྐབས་འཁེལ་ཡོད། དེ་ཡང་དང་པོ་ནི། རྒན་ཚེ་རིང་ཤཱཀྱ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཏེ། “གངས་ལྗོངས་སུ་བབས་པའི་འབྲུག”ཅེས་པ་དེ་ཉིད་འབྲི་བཞིན་པའི་སྒང་རེད། གཉིས་པ། དབྱིན་ཇིའི་ལོན་ཌོན་སློབ་ཆེན་ གྱིས་འགན་འཁུར་ཐོག་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་གདན་ཞུས་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་དབྱིན་ཡིག་ཏུ་ཡིག་སྒྱུར་གནང་བཞིན་པའི་སྒང་རེད། དེ་བཞིན་གྲོང་ཁྱེར་ཨོག་སི་ཕོར་ཌིའི་སློབ་ཆེན་ ལ་འབྱུང་འགྱུར་བོད་རིག་པའི་སྡེ་ཚན་ཆེ་གྲས་ཤིག་གསར་འཛུགས་ཞུ་ཆེད། ཁུལ་དེར་གྲ་སྒྲིག་གི་ལས་ཀ་ཆེན་པོ་གནང་བཞིན་ཡོད་པ་དང་། དེའི་འགན་འཁུར་མཁན་བོད་རིག་པའི་དགེ་རྒན་ཆེན་མོ་མེ་ཁེལ་ཨ་རི་སི་རེད།དེར་བརྟེན་དབྱིན་ཡུལ་དུ་ཡོད་པའི་བོད་རིག་པའི་མཁས་དབང་རྣམ་པ་དང་། སློབ་མ་རྣམས་ཀྱིས་བོད་ཀྱི་སློབ་དཔོན་ཆེན་མོ་དུང་དཀར་རིན་པོ་ཆེ་ཡུལ་དེར་ཕེབས་ཀྱི་ཡོད་པ་གོ་ཐོས་བྱུང་འཕྲལ་དགའ་སྤྲོ་དང་། རེ་བ། དངངས་འཚབ་བཅས་ཀྱིས་འཁྲུག་ཆ་དོད་པོར་གྱུར། །

       ང་རང་ལོན་ཌོན་ལ་རྒན་ཚེ་རིང་ལགས་ཀྱི་གཟིམ་ཁང་ནང་ནས། མཇལ་འདོད་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་ཁོང་དངོས་སུ་མཇལ་སྐབས། སེམས་ལ་ངོ་མཚར་ཅན་གྱི་ཚོར་བ་མི་འདྲ་བ་འགའ་ཤས་བྱུང་བ་ནི། བཤེས་གཉེན་ཁོང་ཐོག་མར་མཇལ་སྐབས། ཁོང་གི་སྐུ་གཟུགས་ཆེན་པོ་མེད་རུང་། བྱད་གཟུགས་ཤིན་ཏུ་སྙོམས་པོ་དང་། གཟུགས་དབྱིབས་ལ་སྐྱོན་ཅུང་ཙམ་ཡང་མེད་པ་ལྟ་བུར་སྣང་། བཞིན་རས་ཀྱི་རུས་གཟུགས་མཛེས་ལ། ལྷག་པར་དུ་སྤྱན་མིག་ནི་ཤིན་ཏུ་མཚར། ཁོང་ཐུགས་སེམས་ཆུང་ཆུང་ཡིན་ཁར་གསུང་སྐད་དམའ་པོ་དང་། སྤོབས་པ་ཡེ་ནས་མེད་པས། ལོ་མང་ཐོས་མྱོང་བའི་ཁོང་གི་མཚན་སྙན་དང་།མཛད་རྗེས་ཆེན་པོ་དག་གི་རྣམ་པ་ཕྱི་ནས་ཟུར་ཙམ་མངོན་མི་ཐུབ་པས། དེ་ནི་དེང་སྐབས་ཀྱི་སྤྱི་ཚོགས་ནང་ལ་སྙན་གྲགས་དང་གཟེངས་སུ་འཐོན་རྒྱུར་དོན་གཉེར་གཙོ་བོར་བྱེད་པའི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་གི་གཤིས་ཀ་ལས་ཡོངས་སུ་ལྡོག་པ་ལྟ་བུ་འདུག

        དེ་བཞིན་དུང་དཀར་རིན་པོ་ཆེ་དང་འབྲེལ་འདྲིས་བྱེད་པར་ཤིན་དུ་སྟབས་བདེ་པོ་ཡིན་པའི་ཚོར་སྣང་སྦྱིན། གཞན་གྱི་བདེ་སྡུག་མཁྱེན་འདོད་ཆེན་པོ་ཡོད་པའི་བཅོས་མ་མིན་པའི་སེམས་འཁུར་ཞིག་བཞིན་རས་ནས་རང་བཞིན་དུ་འཐོན་བཞིན་པས། རང་ཉིད་ཀྱང་སྦ་གསང་མེད་པར་ཁོང་ལ་རང་གི་བདེ་སྡུག་རྣམས་ལྷུག་པོར་ཞུ་ནུས་པའི་བློ་སྟོབས་ཤིག་ཀྱང་རང་གར་སྐྱེས། དུས་ཡུན་སྐར་མ་བཅུ་གྲངས་རིང་ལ་ཁོ་བོའི་ལོ་རྒྱུས་དང་རྒྱབ་ལྗོངས་ལྷུག་པོར་ངག་སྒོ་ནས་ཤོར་སོང་། སྐད་ཆ་ཤོད་བཞིན་དུ་བློའི་ཟུར་ཞིག་ནས། ངས་ཅིའི་ཕྱིར་ཁོང་ལ་རང་གི་ལོ་རྒྱུས་རྣམས་སྦ་གསང་མེད་པར་ཤོར་རམ་སྙམ་པའི་དྲི་བ་ཡང་ཡང་བསླེབས། སྐབས་དེ་དུས་དམ་པ་ཁོང་དང་མཉམ་དུ་པེ་ཅིང་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ཞིབ་འཇུག་སྡེ་ཚན་ནང་ཕྱག་ལས་གནང་བཞིན་པའི་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱང་ཕེབས་འདུག རྒན་ལགས་ཁོང་སྔོན་མ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྒྱ་སྐད་ཀྱི་གསུང་སྒྱུར་གནང་མྱོང་བ་དང་། ལྷག་པར་དུ་ཁོང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པའི་རྣམ་ཐར་ཞིག་ རྒྱ་ཡིག་ནང་མཛད་ཡོད། རྣམ་ཐར་དེ་རྒྱ་ནག་ནང་ལ་པར་སྐྲུན་བྱེད་པར་བཀག་སྡོམ་བྱུང་ཡོད་པས། རྗེས་མ་ཧོང་ཀོང་ནས་བཏོན་སོང་སྙམས།

         དུང་དཀར་རིན་པོ་ཆེས་ཁོ་བོའི་ལོ་རྒྱུས་རྣམས་གསན་རྗེས། “སྙིང་རྗེ། ལས་ཟེར་བ་དེ་ཁྱད་མཚར་རེད། ང་ཚོ་སྔོན་མ་བོད་ལ་ཡོད་དུས་འབྲེལ་བ་བྱུང་མེད་པ་ཕངས་པ་ལ།”ཞེས་གསུངས་ནས་ཁོང་གིས་ཕྲ་ཞིང་སྒོར་བའི་སྤྱན་རྣོན་པོའི་ཟུང་ལ། ལྷད་མེད་ཀྱི་སྙིང་རྗེའི་རང་མདངས་ཆེན་པོ་ཞིག་འཁྲུངས། དེ་ལ་མཛུམ་མདངས་ཀྱི་འོད་ཟེར་དྲོན་མོས་བརྒྱན་ནས། ངའི་ཕྱོགས་ལ་འཕངས་པ་དེ་ངའི་མི་ཚེའི་དྲན་པའི་སྐྱེད་ཚལ་ནང་གི་མེ་ཏོག་མཚར་ཤོས་ཤིག་གི་གོ་ས་བཟུང་ཡོད་པ་ནི་ད་དུང་བསོད་པ་ཡིན། རྒྱུན་པར་རང་ཉིད་ཀྱི་སེམས་ལ་དཀའ་ངལ་འཕྲད་སྐབས་ཁོང་གི་བྱམས་བརྩེའི་བཞིན་རས་དྲོན་མོ་དེ་ཡིད་ལ་བསྒོམས་ན་རྨ་ལ་སྨན་བྱུག་པ་ལྟ་བུའི་ལྷོད་བདེའི་ཚོར་བ་ཞིག་རྟག་ཏུ་སྦྱིན་པར་བྱེད། 

        དུང་དཀར་རིན་པོ་ཆེ་ནས་ཁོ་བོ་སྔོན་མ་བོད་ལ་ཕོ་བྲང་པོ་ཏ་ལ་རུ་ཞབས་ཕྱི་ཞུས་མྱོང་བ་དང་། གུས་པའི་དགེ་རྒན་དང་ཞང་པོ་ངག་དབང་བཟོད་པའི་མཚན་ཐོས་རྗེས། དཔྲལ་བའི་སྟེང་གི་བཞིན་རས་ཀྱི་པགས་པ་དེ་ཡང་ཡར་འཐེན་པར་ཤོར་བས། སྤྱན་གཉིས་ཀྱང་ཅུང་ཆེ་རུ་ཕྱིན། ལམ་གསེང་ཁོ་བོའི་ལག་གཡས་པ་ནས་འཇུས་གནང་ནས། “ཨ་ལས། ཚེ་དཔག་ལྷ་ཁང་གི་སྐུ་གཉེར་སྐུ་ཞབས་ངག་དབང་བཟོད་པ་ལགས་ཀྱི་ཚ་བོ་རེད་འདུག སྐུ་ཞབས་ཆོས་དར་ལགས་ཁོང་གཉིས་གྲྭ་ཤག་སྟེང་ཤོད་རེད། གྲོགས་པོ་བློས་ཐུབ་རེད།”གསུངས། རྩེ་ཕོ་བྲང་གི་སྐུ་ཞབས་ཆོས་དར་ལགས་ཞུ་བ་ཁོང་ནི་ཕ་ཡུལ་སྙེ་མོ་ནས་ཡིན་ཞིང་། ལོ་ངོ་སུམ་ཅུ་ལྷག་ངའི་ཞང་པོ་ལྷན་རྒྱས་ཕོ་བྲང་པོ་ཏ་ལར་སྐུ་གཉེར་དང་ཕྱག་དཔེ་མྱུར་སྐྱོབ་ཀྱི་ཕྱག་ལས་གནང་། ཁོང་གཉིས་ཕོ་བྲང་པོ་ཏ་ལའི་ཤར་ཆེན་ལྕོག་ལ་གཟིམ་ཤག་སྟེང་ཤོད་ཡིན་ལ། སྔ་ཕྱིར་དུང་དཀར་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ནས། དཔལ་འཁོར་ལོ་བདེ་མཆོག་གི་བསྙེན་སྒྲུབ་ལོ་མང་གནང་ནས་ལོ་དགུའི་གོང་ལ་སྐུ་ཞིང་ལ་གཤེགས་པ་རེད། ༢༠༠༧ ལོར་གུས་པ་ལྷ་སར་བསྐྱོད་སྐབས། སྐུ་ཞབས་ཁོང་བདེ་མཆོག་གི་བསྙེན་མཚམས་དམ་པོར་བཞུགས་ཡོད་རུང་། དམིགས་བསལ་སྐུ་མཚམས་ཆུ་ཚོད་འགའ་ཤས་གྲོལ་ནས། ཕྲན་ལ་མཇལ་ཁ་གནང་བ་མ་ཟད། དུང་དཀར་རིན་པོ་ཆེ་ཨ་རིར་བཞུགས་སྐབས་ཞབས་ཕྱི་ཡག་པོ་ཞུས་འདུག ཐུགས་རྗེ་ཆེ་གསུངས་ནས། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བྱིན་རྟེན་ཤོག་དུམ་གཅིག་དང་། དེ་བཞིན་བྱིན་རྟེན་གཞན་རྩ་ཆེ་འགའ་ཤས། དུང་དཀར་རིན་པོ་ཆེའི་གསུང་སྒྲ་འཛིན་འཁོར་ཐག་ཐོག་ཡོད་པའི་སྤྱོད་འཇུག་གི་ཁྲིད་ཅིག་བཅས་གནང་བྱུང་། །

1111.jpg
དུང་དཀར་རིན་པོ་དང་། འཇམ་དཔལ་རྒྱ་མཚོ།  བསྟན་འཛིན་དགེ་ལེགས་སོགས་ཚེ་རིང་ཤཀྱའི་ལོན་ཊོན་གཟིམ་ཤག་ཏུ་བསྒྲོན་པ།


       ལོན་ཌོན་ལ་གཟའ་འཁོར་གཉིས་ཙམ་རིང་དུང་དཀར་རིན་པོ་ཆེ་བཞུགས་པའི་སྐབས་མཚམས་རེ་མཉམ་དུ་འདྲིས་གཤིབ་དང་། བཀའ་མོལ་ལྷུག་པོར་ཞུ་བའི་གོ་སྐབས་ཐོབ་པ་བརྒྱུད་ཁོང་གིས་བདག་ལ་བཞག་པར་མཛད་པའི་བག་ཆགས་རེ་འགའ་དྲང་པོར་ཞུ་བར་བྱ། ང་རང་ནི་ཤིན་ཏུ་ཕལ་པའི་སྐྱེ་བོ། གཙོ་བོ་སྣང་བ་སྐྱིད་པོ་ལ་དོན་གཉེར་བྱེད་མཁན་ཞིག་ལས་མ་འདས་པས། ཆོས་དང་རིག་གནས་ཀྱི་ཤེས་བྱ་ཧ་ལམ་མེད། དེར་བརྟེན་རིན་པོ་ཆེའི་རིག་གནས་དང་། མདོ་སྔགས་ཀྱི་མཁྱེན་པར་བགྲོ་གླེང་བྱེད་པའི་ནུས་པ་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན། རྒྱུ་མཚན་ནི་རིན་པོ་ཆེའི་རིག་གནས་དང་ཆོས་སྲིད་ཀྱི་དགོངས་པ་ནི་ཇི་ལྟར་ཟབ་པ་དང་རྒྱ་ཆེ་བ་ཡིན་པ་ཁོང་གི་མཛད་པ་དང་གསུང་འབུམ་དག་ལས་རྟོགས་ཐུབ། འདིར་གུས་པས་ཉིན་ཤས་རིང་རིན་པོ་ཆེ་མཉམ་དུ་གཤིབ་པ་བརྒྱུད། དྲེད་ཏོ་ང་ལྟ་བུ་ཞིག་ལ་བག་ཆགས་ཇི་འདྲ་བྱུང་བ་དག་གོ་སླའི་ངག་ནས་བརྗོད་པར་བྱ།དེ་ཡང་དགོས་པ་གཙོ་བོ་དེ་དུང་དཀར་རིན་པོ་ཆེའི་རྗེས་དྲན་ལས་རིམ་རྩོམ་པ་པོ་དྲིན་ཅན་རྣམ་གྲྭའི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་བཀའ་ལྡོག་མི་ཕོད་པ་དང་། ཐུགས་ཕམ་མི་ཡོང་བའི་ཆེད་དུ་ཁོ་ན་ཡིན། ཁོང་ནི་བདག་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་ཆོས་གྲོགས་ཤིག་ཡིན་པས་སོ།།

<ཁ>  དགོད་བྲོ་ལ་དོན་ཆེ་བའི་ཐུགས་གཤིས།

        གུས་པའི་བག་ཆགས་ལ་དུང་དཀར་རིན་པོ་ཆེའི་ཐུགས་གཤིས་ནི་ཤིན་ཏུ་འཇམ་པོ་དང་། གསུང་སྐད་ཅུང་དམའ་པོ་ཡིན་པ་ལ་ཐུགས་ཐག་ཆོད་པོ། རྒྱུན་དུ་དམའ་ས་བཟུང་བར་མཉེས་ཤིང་། ཞལ་ལག་དང་ནམ་བཟའ་སོགས་སྟབས་གང་བདེར་མཉེས་པོ་གནང་གི་འདུག བཀའ་མོལ་གསུང་སྐབས་རྒྱུན་པར་བཞིན་རས་ལ་བཅོས་མ་མིན་པའི་འཛུམ་མདངས་ཤིག་མངོན་ཡོང་བ་དྲན། ངའི་བག་ཆགས་ཆེ་ཤོས་ནི་འགོག་ཏུ་མེད་པའི་ཁོང་གི་དགོད་བྲོ་ལ་དོན་ཆེན་བའི་ཐུགས་གཤིས་དེ་རེད། དེ་ལ་ཕྱི་རྒྱལ་བ་ཚོས་ཀྱང་དོ་སྣང་བྱུང་འདུག བཀའ་མོལ་ག་དུས་གནང་རུང་། དེའི་ནང་ནས་དགོད་བྲོ་བའི་སྤྲོ་བ་ཞིག་སྦྱིན་རྒྱུ་འདུག ང་ཚོ་ཐེངས་གཅིག་ཚོགས་འདུའི་སྐོར་ལ་ཞལ་བརྡ་ཞུས་པ་དྲན། དེའི་སྐབས་ལ་རིན་པོ་ཆེས། “ཕྱི་རྒྱལ་ལ་ཚོགས་འདུ་ཉན་སྐབས་དཀའ་ངལ་ཆེན་པོ་འདུག ཉིན་གང་པོ་གྲུང་པོ་བྱས་ནས་སྡོད་དགོས་འདུག ཚོགས་འདུ་ཚར་རྗེས། མི་ཚང་མ་ཐང་ཆད་ནས་ཤི་མིན་རོ་མིན་ཆགས། དགོང་མོ་ཁ་ལག་ཀྱང་བཟའ་མི་འདོད་པ། དེ་བས་མི་གཞན་མཉམ་དུ་སྐད་ཆ་ཤོད་མི་འདོད་པ་ཆགས་ཀྱི་འདུག་ཅེས་གསུངས། ང་ཚོ་བོད་ལ་ཡིན་ན། ཚོགས་འདུར་འགྲོ་སྐབས། སོ་སོའི་ནང་ཕན་ཚུན་བློ་ཉེ་བའི་རོགས་པ་འགའ་ཤས་རྐུབ་སྟེགས་བསྟར་པ་གཅིག་གི་ཐོག་ལ་བསྡད། གཅིག་གིས་སྡོད་བྱ་བྱས། གྲུང་པོ་བྱས་ཏེ་ཉན། གཞན་པ་ཚོ་ལྷོད་ལྷོད་བྱས། ཁ་འདོན་འདྲ་བྱས། གཉིད་འདྲ་ཁུ། ཚོགས་འདུའི་སྐབས་ལག་པ་རྐྱོང་དགོས་པ་དང་ཐལ་མོ་རྡེབ་དགོས་པའི་སྐབས། རོགས་པ་ཚང་མ་སྡོད་བྱ་དེ་སྒུག་གི་ཡོད། དེས་ལག་པ་བརྐྱང་ན། ཚང་མས་ཁོང་གི་རྗེས་ལ་བཞུགས་ནས་ལག་པ་བརྐྱངས། དེ་ལྟར་ཐལ་མོ་བརྡབས་ནས་དཀའ་ལས་དེ་ཙམ་མེད།” གསུངས་ནས་ཞལ་མོ་བཞད། “སྐབས་རེ་སྡོད་བྱ་དེ་གཉིད་ཤོར་ནས་དཀའ་ངལ་འཕྲད་མྱོང་།”ཞེས་གསུངས།

      ཐེངས་ཤིག་ཡང་ཚོགས་འདུར་ཉིན་ཤས་ཕེབས། དེའི་སྐབས་ལ། ཁ་ལག་ཚོས་པོ་མེད་པ་དང་། ཤ་མཁྲེགས་པོ། ཚལ་དེ་ཚོ་ཡང་ཚོས་པོ་མེད་པ་སོགས་ཀྱིས་རོགས་པ་རྒན་པ་རྣམས་དཀའ་ངལ་འཕྲད་བཞིན་ཡོད་པ་རིན་པོ་ཆེས་མཁྱེན་ནས། དུང་དཀར་རིན་པོ་ཆེ་དང་རོགས་པ་གཉིས་ཚོགས་འདུ་མ་ཚར་གོང་དུ་ཕྱི་ལ་ཐོན་པ་ཡིན་གསུངས། ཕྱི་དྲོ་ཁོང་རྣམ་པའི་ཚོགས་ཆུང་གི་འགོ་པ་རྒྱ་རིགས་དེས་རིན་པོ་ཆེ་དང་རོགས་པ་རྣམ་གཉིས་ལ་ཅིའི་ཕྱིར་ཚོགས་འདུ་མ་ཚར་སྔོན་ལ་ཐོན་དགོས་སམ་ཞེས་དྲིས། རིན་པོ་ཆེས་རྒྱ་སྐད་དང་བོད་སྐད་འདྲེས་མ་ཞིག་གི་ནང་ལ། “ང་ཚོའི་སོ་རྒན་འཁོགས་ཆགས་པ་རེད། ཁ་ལག་མཁྲེགས་པོ་ཕོད་ཀྱི་མི་འདུག དེ་བཟའ་བར་དུས་ཚོད་མང་པོ་དགོས་པས་སྔོན་ལ་ཕྱིན་ན་མ་གཏོགས་ཁ་ལག་སོས་མ་ཐུབ་པས་བཟས་ཚར་གྱི་མིན་འདུག”གསུངས་འདུག སྐབས་དེར་ཉེ་འཁྲིས་ཀྱི་མི་ཚང་མ་དགོད་ཤོར། འགོ་པ་དེས་གོང་ལ་བསམ་འཆར་བཏོན་ནས། རྗེས་མ་ཁ་ལག་ཚོས་པོ་དང་སྤུས་ཀ་ལེགས་སུ་ཕྱིན་སོང་གསུངས། རིན་པོ་ཆེ་ནས་ངེད་ཚོར། རྗེས་མ་ཀྲུང་གོའི་ནང་ལ་བསམ་འཆར་ཤོད་དགོས་ན། ཐད་ཀར་ཤོད་རྒྱུ་མེད། སྲིད་གཞུང་དང་མི་ལ་ཕོག་སྡུག་འགྲོ་གི་རེད། དོན་དག་ཡོང་གི་མ་རེད།དེར་བརྟེན་མཁས་པོ་བྱེད་དགོས་ཞེས་གསུངས།

        ཡང་ལྷ་སར་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་ལ། ཚོགས་འདུའི་མཇུག་བསྡོམས་སྐབས་སྔོན་ནས་གཏན་འབེབས་བྱས་མེད་པར། ཚོགས་མིས་བརྗོད་གཞི་གསར་པ་གཅིག་བཏོན་ནས། དེ་ལ་ཚོགས་ཆེན་ཡོངས་ནས་རྒྱབ་སྐྱོར་དང་གྲོས་ཆོད་འཇོག་གི་ཡོད་གསུངས། དེའི་སྐབས་སུ་ཚོགས་མི་མང་པོས་བསམ་འཆར་འདོན་སྐབས། གོང་ལ་སྤྲེལ་ལད་དང་རང་ཉིད་ལ་ཉེས་སྐྱོན་མི་ཡོང་བའི་ཆེད་དུ་དམིགས་བསལ་གནད་དོན་དང་ཁེ་ཕན་མེད་པའི་གྲོས་ཆོད་ཤ་སྟག་བཞག་ནས་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་མཁན་དཀོན་པོ་ཡོད་པར་གསུངས། རིན་པོ་ཆེའི་ཉེ་འཁོར་མང་པོ་ཞིག་ལྷ་སའི་གྲོང་ཁྱེར་ནང་ལ་བཞུགས་པ་དང་། སྐབས་དེ་དུས་སྤྱི་ཚོགས་ནང་ལ་སེམས་འཁུར་ཆེ་ཤོས་ནི་བོད་མི་མང་པོ་དང་། ལྷག་པར་དུ་ན་གཞོན་སློབ་མ་མང་པོ་སྐབས་དེ་དུས་གསར་དུ་ཐོན་མ་ཐག་པའི་གཞས་གཏོང་ས་དང་གློག་གི་རྩེད་ཆས་ཁང་གི་ནང་ལ་མགོ་འཁོར་ནས་སློབ་སྦྱོང་དང་སྤྱོད་པ་ཇེ་སྡུག་ཏུ་ཕྱིན་པ། གློག་གི་རྩེད་ཆས་ནང་ལ་དངུལ་མང་པོ་ཤོར་ནས། ཐ་ན་བཟའ་ཚང་དབར་ལ་ཡང་དཀའ་ངལ་འཕྲད་པ་སོགས་མི་མང་པོ་སྡུག་ལ་སྦྱར་གྱི་ཡོད་འདུག རིན་པོ་ཆེར་དེའི་ཐད་ལ་ཐུགས་འཚབ་བྱུང་འདུག་སྟབས། རིན་པོ་ཆེས་ཐེངས་ཤིག་ཚོགས་འདུའི་གོ་སྐབས་དེ་བཟུང་ནས། དང་བླངས་ཐོག་བསམ་འཆར་འདོན་མཁན་གནང་འདུག ཁོང་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས། གསུང་བཤད་གནང་སྐབས། “དེང་སང་སྤྱི་ཚོགས་བརྟན་ལྷིང་དང་།མི་དམངས་ཀྱི་བདེ་འཇགས་ལ་གནོད་པ་གཙོ་བོ་དེ། ཁ་ལ་འོ་བྱེད་མཁན་དེ་དང་བསྟན་འཛིན་ཡེ་ཤེས་མཉམ་དུ་རྩེད་མོ་བརྩེད་ནས་ཡོང་གི་འདུག དེས་ན་གཞོན་མང་པོ་འཕྲོ་བརླག་འགྲོ་གི་འདུག རྐུན་མ་དང་འཇག་པ་མང་དུ་འགྲོ་གི་འདུག དེས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་ཡོང་བར་བྱེད་པས། དེ་ལ་སྲིད་གཞུང་ནས་དགོངས་པ་བཞེས་ཏེ་ཁྲིམས་འགལ་ཐོག་བཙུགས་པའི་ཁ་ལ་འོ་བྱེད་མཁན་དང་བསྟན་འཛིན་ཡེ་ཤེས་ཀྱི་བདག་པོ་དེ་ཚོར་དམ་བསྒྲགས་བྱེད་དགོས།” གསུངས།ཚོགས་འདུའི་ནང་གི་མི་ཚང་མ་བགད་མོ་ཤོར་བ་དང་། རེ་ཞིག་ཚོགས་འདུའི་བགྲོ་གླེང་ཡང་མཚམས་ཆད། ལྷ་སའི་ཕྱི་ནས་ཕེབས་པའི་ཚོགས་མི་ཚོས་རིན་པོ་ཆེས་གང་གསུང་གི་ཡོད་པ་མ་ཤེས་པས། ཚོགས་མི་གཞན་ཞིག་གིས་ཡར་བཞེངས་ནས། རྒྱ་སྐད་ནང་ལ་རིན་པོ་ཆེའི་དགོངས་འཆར་དེ་གསུངས་ནས། ཁ་ལ་འོ་བྱེད་མཁན་ཏེ། གླུ་གཞས་ཁང་རྒྱ་སྐད་ལ་ཁ་ལ་ཨོ་ཁེ་ (卡拉OK) ཞེས་པའི་སྒྲ་ཟུར་ཆགས་པ་དང་། བསྟན་འཛིན་ཡེ་ཤེས་ནི་གློག་གི་རྩེད་ཆས་རྒྱ་སྐད་ལ་ཏན་ཙེ་ཡའུ་ཤིས་(电子游戏) ཀྱི་སྒྲ་ཟུར་ཆགས་པ་གསལ་བཤད་གནང་། གོང་གི་རིན་པོ་ཆེའི་དགོངས་འཆར་དེ་ལ་བགྲོ་གླེང་བྱས་པ་བརྒྱུད་ཚོགས་མི་མང་པོས་རྒྱབ་སྐྱོར་བྱས་ནས། ཚོགས་ཆེན་གྱི་གྲོས་ཆོད་ནང་ལ་བསླེབས། ལོ་ཕྱི་མ་དེར་གོང་གི་ཚོང་གཉེར་ཁང་མང་པོ་སྒོ་བརྒྱབ་འདུག རིན་པོ་ཆེས་གསུངས་པར། “ངའི་རྒྱ་སྐད་སྒྲ་མ་དག་པ་དེ་ལ་བརྟེན་ནས་མི་མང་པོ་གཉིད་སད། འུར་སྒྲས་ཁེངས།ཚོགས་འདུའི་བགྲོ་གླེང་འཁྲུག་པོ་བྱུང་ནས་ཕན་ཐོགས་ཆེན་པོ་བྱུང་།”གསུངས། ཁོ་བོའི་རྣམ་རྟོག་ལ་རིན་པོ་ཆེས་རྐང་བཙུགས་ནས་གནད་དོན་གལ་ཆེ་དེ་ལ་དགོད་བྲོ་བའི་རྒྱན་སྦྱར་ནས་ཐབས་མཁས་པོས་གཞན་ལ་གནོད་པ་མེད་པའི་སྒོ་ནས་སྤྱི་ཚོགས་ལ་སྨན་པའི་བྱ་བ་སྒྲུབ་སྟངས་ཤིག་སྟེ། ཉམས་མྱོང་རྒད་པོའི་བྱུས་བཟང་ཡིན་པར་རྟོགས། །

<ག> འགྲན་ཟླ་བྲལ་བའི་ཐུགས་ཀྱི་དྲན་པའི་ནུས་པ།


        ང་རང་དུང་དཀར་རིན་པོ་ཆེ་མཇལ་རྗེས་ཀྱི་བག་ཆགས་ཆེ་ཤོས་གཅིག་ནི། བསམ་ཡུལ་ལས་འདས་པའི་རིན་པོ་ཆེའི་ཐུགས་ཀྱི་དྲན་པའི་ནུས་པ་དེ་རེད། རིན་པོ་ཆེ་དབྱིན་ཇིའི་ལོན་ཌོན་གྲོང་ཁྱེར་ལ་གཟའ་འཁོར་གཉིས་ཙམ་བཞུགས་རིང་། ཕྱག་ལས་གཅིག་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་གིས་བྲིས་པའི་ཁོང་གི་རྣམ་ཐར་དང་འབྲེལ་བའི་ལོ་རྒྱུས་”མི་ཚེའི་བྱུང་བ་བརྗོད་པ།”ཞེས་པའི་པོད་གསུམ་ཅན་དེ་བཀླགས་གནང་པ་དྲན། རིན་པོ་ཆེས་དམིགས་བསལ་ཐུགས་སྣང་གཙོ་བོ་དེ་ཨ་མདོའི་ཁུལ་གྱི་ས་གནས་ཀྱི་ལོ་རྒྱུས་དང་། བླ་མ་ཁག་གི་རྣམ་ཐར། དེ་བཞིན་ ༡༩༥༠ ལོའི་རྗེས་ཀྱི་བོད་མིའི་ལོ་རྒྱུས་ལ་ཐུགས་སྣང་ཆེན་པོ་གནང་བ་ཤེས། གཙོ་བོ་དེ་གོང་གི་གནས་ཚུལ་རྣམས་སྐབས་དེ་དུས་རྒྱ་ནག་ནང་དུ་མཇལ་རྒྱུ་མེད་པ་ལྟ་བུ་རེད་གསུངས།དུང་དཀར་རིན་པོ་ཆེས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་ལོ་རྒྱུས་ཀྱི་དེབ་དེ་དག་མཇལ་རྗེས་དེ་བོད་ལ་སྣོམ་འདོད་ཆེན་པོ་གནང་རུང་། སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་། གུ་དོག་པའི་སྲིད་ཇུས་ལ་གཞིགས་ནས་བསྣམ་ཐུབ་ཀྱི་མེད་པ་ཤེས། གུས་པས་རིན་པོ་ཆེར་དེབ་དེ་སྦྲགས་ཐོག་ནས་བསྐུར་ཐུབ་ཚུལ་ཞུས་པར། གཞན་ལ་ཕོག་ཐུག་མེད་ན་དགའ་ཞེས་གསུངས། དེ་རྗེས་ཉིན་ཞིག་དེབ་རྣམས་ཐོག་ཁང་ནས་མར་བསྣམས་ཕེབས་ནས་དོ་བདག་ལ་སྤྲོད་དགོས་གསུངས། ངས་རིན་པོ་ཆེར་། “ཟིན་བྲིས་བསྐྱོན་ཐུབ་ཡོད་དམ།”ཞེས་དྲིས་པར། རིན་པོ་ཆེས་དོན་དག་གལ་ཆེ་བ་དང་ལོ་ཚིགས་གལ་ཆེ་བ་རྣམས་གསུངས་ནས། ཁོང་གི་ཕྱག་གཡས་པ་ཡར་བཀྱགས་ནས་མཛུབ་མོ་དང་པོ་དེ་ཁོང་གི་དབུ་ལ་བཙུགས་པ་གནང་སོང་།དེ་ནི་དེབ་འདིའི་ནང་གི་དོན་དག་གལ་ཆེ་བ་རྣམས་བློ་ལ་ཟིན་པའི་བརྡ་བསྟན་གནང་པ་རེད། སྐབས་དེ་དུས་ཤེས་པར་རིན་པོ་ཆེས་ལོ་རྒྱུས་ཀྱི་ཚིག་མཛོད་ཆེན་མོ་ཞིག་སྒྲིག་བཞིན་ཡོད་པ་དང་། དེ་ལ་མཁོ་བའི་རྒྱུ་ཆ་འཚོལ་བཞིན་པར་སྣང་།

        ང་རང་ནི་དགུང་ལོ་བདུན་ཅུར་ཕེབས་ལ་ཉེ་བའི་འགྲེས་སོང་ཁོང་གི་དྲན་པའི་མཐུ་ལ་ཡིད་སྨོན་དབང་མེད་ཤོར། དེ་བཞིན་རིན་པོ་ཆེ་དང་ལྷན་དུ་བོད་ཀྱི་ལོ་རྒྱུས་དང་། འདས་པའི་གནས་ཚུལ་གླེང་སྐབས། ཁོང་ལ་ཞིབ་ཅིང་ཕྲ་བའི་གནས་ཚུལ་དག་ལ་རྒྱུས་མངའ་ཆེ་བ་མ་ཟད། ལོ་དུས་དང་དེབ་ཀྱི་ཤོག་གྲངས་ཐུགས་ནས་སྟབས་བདེ་པོས་གསུང་རྒྱུ་ཡོད་པ་ནི་སྐྱེ་བོ་མང་པོའི་ངོ་མཚར་གྱི་གནས་ཤིག་ལ་གྱུར། །ཕྱི་ལོ་ ༡༩༩༧ ལོར་དུང་དཀར་རིན་པོ་ཆེ་ཨ་རིའི་སྨན་ཁང་ལ་བཞུགས་སྐབས་སྐྲན་ནད་ཤུགས་ཆེ་ཡོད་པས། ན་ཟུག་འཇོམས་ཆེད་སྦྲིད་སྨན་ཤུགས་ཆེ་བ་མོར་ཧྥེན་ཞེས་པ་དེ་འབུལ་བཞིན་ཡོད་པ་དང་། སྐབས་དེར་རིན་པོ་ཆེའི་ཐུགས་ཀྱི་དྲན་པ་ནི་སྔར་བཞིན་གསལ་པོར་བཞུགས་ཐུབ་སྟེ། དགོང་མོར་གནས་ཚུལ་གང་ཞིག་བྱུང་བ་ཚང་མ་ཉིན་མོར་སྨན་པར་ཞིབ་ཅིང་ཕྲ་བ་གསུངས་ཐུབ་པས། ཚང་མ་ངོ་མཚར་གྱི་གནས་སུ་ལྷུང་བ་དེ་རྗེས་ལ་ཞིབ་ཕྲ་ཞུ་རྒྱུ་ཡིན།

<ང> ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་དེབ་སྐོར།


      དུང་དཀར་རིན་པོ་ཆེ་དང་ཁོང་གི་ལྗགས་རྩོམ་ཆོས་སྲིད་ཟུང་འབྲེལ་ནི་ལུག་རྫི་དང་ལུག་བཞིན་དུ་ཁོང་དང་བྲལ་མེད་ཆགས་ཡོད། དུས་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གི་ལོ་རྒྱུས་ཞིབ་འཇུག་པ་དང་། སློབ་ཕྲུག་ཚོའི་སྣང་བར་དེབ་དེ་དང་དུང་དཀར་རིན་པོ་ཆེ་ནི་རྟག་ཏུ་སྦྲེལ་ཡོད། “བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།” ཞེས་ཞུ་བའི་སྙན་གྲགས་ཆེ་བའི་ལྗགས་རྩོམ་དེས་བོད་མི་མང་པོ་ཞིག་གཉིད་ལས་སད་པའི་ཞོགས་པའི་ཅོང་བརྡ་ཚ་པོ་ཞིག་གི་ནུས་པ་ཐོན་ཡོད་ལ། སྲོལ་རྒྱུན་གྱི་དགོངས་པ་ལ་ཅུང་ཞེན་ཆགས་ཆེ་བའི་སེར་སྐྱ་མང་པོ་ཞིག་ལ་དེབ་དེས་རྨ་ཁའི་སྟེང་ཚ་བཏབ་པ་ལྟ་བུའི་བཟོད་པར་དཀའ་བའི་བྲོ་བ་ཞིག་ཀྱང་སྦྱིན་ཡོད། དཔེར་ན། བོད་ཀྱི་ཕྱི་ལ་བཞུགས་པའི་མཁས་དབང་འགའ་རེས་ཆོས་སྲིད་ཟུང་འབྲེལ་གྱི་དེབ་ལ་དོགས་གཅོད་གནང་མཁན་ཡང་བྱུང་ཡོད། རིན་པོ་ཆེ་དབྱིན་ལན་ལ་ཕེབས་པའི་ལོ་དེར་ཏག་ཏག་རང་ཉིད་སློབ་གྲྭ་ཆེན་མོ་འཐོན་ཉེར་འཁེལ་ཏེ། སློབ་ཐོན་ཞིབ་འཇུག་གི་ཆེད་རྩོམ་ཞིག་འབྲི་བཞིན་པའི་སྒང་ཡིན་ཞིང་། ཡ་མཚན་ཞིག་ལ་ངའི་ཆེད་རྩོམ་དེ་ཡང་ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བ་ཡོད་པའི་བརྗོད་གཞི་ཞིག་རེད། དེར་བརྟེན་ཁོ་བོས་ཆེད་དུ་དུང་དཀར་རིན་པོ་ཆེ་མཆོག་ལ་སྐྱབས་ཞུ་ཕུལ་ཏེ་དུས་བཏབ་ནས་ཆོས་སྲིད་ཟུང་འབྲེལ་སྐོར་ལ་སློབ་སྟོན་ཞུས་པ་ཡིན།

        ཁོ་བོའི་དྲི་བ་ནི་གསུམ་སྟེ། ཅིའི་ཕྱིར་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་དེབ་འདི་ལྗགས་རྩོམ་གནང་བ་དང་། དེབ་འདིའི་རང་ལུགས་གཙོ་བོ་གང་ཡིན་པ། ཕྱག་དེབ་འདི་ལྗགས་རྩོམ་གྲུབ་རྗེས་རིན་པོ་ཆེར་ཐུགས་འགྱོད་བྱུང་ཡོད་མེད་སོགས་ཡིན། རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་ཐབ་ཚང་ནི་ཞེང་ཚད་ལ་འདོམ་གཉིས་ལྷག་ཙམ་དང་གཞུང་ཚད་རིང་། སྦུག་ལ་ཐབ་དང་འཁྱག་སྒམ་སོགས་བསྒྲིགས་ཡོད་ཅིང་། དེའི་གཤམ་ལ་སྒྲོག་ཙེ་གྲུ་བཞི་ནར་མོ་ཞིག་ལ། ཁ་སྤྲོད་རྐུབ་སྟེགས་རིང་པོ་མི་གསུམ་རེ་བཤོང་བ་ཞིག་བསྒྲིགས་ཡོད། རིན་པོ་ཆེ་མཆོག་གིས་རྩིག་ངོས་ལ་ཡོད་པའི་རྐུབ་སྟེགས་དེའི་སྟེང་བཞུགས་པ་དང་།གུས་པ་ཁ་སྤྲོད་ཀྱི་རྐུབ་སྟེགས་ཐོག་བསྡད་ཡོད། དམིགས་བསལ་དེའི་ཉིན་མོ་དོ་སྣང་བྱུང་བ་ཞིག་ནི། རིན་པོ་ཆེས་ཁུག་མའི་ནང་ནས་སྒམ་ཆུང་དཀར་པོ་ཆུང་ཆུང་ཞིག་ལ་གློག་སྐུད་སྣེ་རིང་པོ་ཡོད་པ་ཞིག་ཕྱིར་བཏོན་གནང་སོང་། ཁོང་ནས་ངེད་གཉིས་ཀྱི་བཀའ་མོལ་འགོ་མ་ཚུགས་གོང་ལ་གློག་སྐུད་དཀར་པོ་དེའི་སྣེ་ལ་ཏོག་དཀར་པོ་ཡོད་པ་དེ་ཁོང་གི་སྙན་ཅོག་གཡས་པའི་ནང་ལ་བཅུག དེ་ནས་སྒམ་ཆུང་གྲུ་བཞི་དཀར་པོ་དེའི་གློག་གི་ལྡེ་མིག་ཅིག་མནན་སོང་བས། སྒམ་ཆུང་དེའི་སྟེང་ལ་གློག་དམར་པོ་ཕྲ་ཆུང་ཞིག་ཤར། ད་གཟོད་ཕྲན་ནས་རིན་པོ་ཆེའི་སྙན་ཅོག་གསན་བཟང་པོ་མེད་པས། གསན་ཆས་འཕྲུལ་འཁོར་ལ་བརྟེན་དགོས་པ་ཤེས། །

222.jpg
དུང་དཀར་རིན་པོ་ཆེ་དང་། ཁྲ་འགུ་རིན་པོ་ཆེ། མེ་ཁེལ།  ཚེ་རིང་ཤཀྱ་ལགས་བཅས་༡༩༩༥ཟླ་༧པའི་ཚེས་༦ཉིན་མེ་ཁེལ་གྱི་ཤག་ཏུ་བསྒྲོན་པ།


       རིན་པོ་ཆེས་གུས་པའི་དྲི་བ་དག་གསན་རྗེས། གྲུང་ལ་རྣོ་བའི་སྤྱན་གཉིས་ཐད་ཀར་བར་སྟོང་དེར་གཟིགས་ནས་རེ་ཞིག་མནོ་བསམ་བཞེས་སོང་། དེའི་སྐབས་ལ་ཐབ་ཚང་ནང་ལ་དམིགས་བསལ་གྱི་ལྷིང་འཇགས་ཤིག་དང་། ཁུ་སིམ་པོའི་ཁོར་ཡུག་ཅིག་བསྐྲུན་པས། ངས་ཕ་རོལ་རྩིག་པའི་སྟེང་གི་ཆུ་ཚོད་འགུལ་སྐྱོད་བྱེད་པའི་སྒྲ་ཤུགས་ཆེ་རུ་ཕྱིན་པའི་ཚོར་སྣང་སླེབས།ཅུང་ཙམ་ཞིག་ནས་རིན་པོ་ཆེས་གསུང་རྒྱུར། །“ང་རང་ཀྲུང་དབྱང་མི་རིགས་སློབ་གྲྭར་དགེ་རྒན་ལ་བཏང་བ་ནས་བཟུང་། དེ་གར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་ཚན་སྣ་ཚོགས་ཁྲིད་དགོས་པ་སྟེ། བརྡ་སྤྲོད་དང་། ལོ་རྒྱུས། ཕྱིས་སུ་ཆོས་ལུགས་དང་གྲུབ་མཐའ་བཅས་རེད། འོན་ཀྱང་ཐོག་མར་ ༡༩༧༠ ནང་དུ་ལོ་རྒྱུས་ཁྲིད་པའི་སྐབས་ལ། མི་རིགས་སློབ་གྲྭའི་སློབ་ཁྲིད་བྱ་ཐབས་ཀྱི་མཛུབ་སྟོན་ཞེས་པའི་ཏང་གི་བཅའ་ཡིག་ཅིག་ཡོད་ཅིང་། དེའི་ནང་ལ་ལོ་རྒྱུས་སློབ་ཚན་ནི་དམིགས་བསལ་དངོས་གཙོ་སྨྲ་བ་དང་། མར་ལེ་རིང་ལུགས་ ཀྱི་ལྟ་བའི་ཕྱོགས་ནས་འཁྲིད་པ་ལས་ཐབས་ཤེས་གཞན་མེད། སྐབས་དེར་སློབ་གྲྭའི་ནང་ལ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་མེད་པ་དང་གཅིག ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཉུང་བ། དེ་བཞིན་བཀའ་འདྲི་ཞུ་ཡུལ་གྱི་ལོ་རྒྱུས་ཀྱི་མཁས་དབང་མེད་པས། ཐོག་མར་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་ཀྱི་ཁ་ལོན་པ་དང་། དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་ལ་རྒྱབ་བརྟེན་བཅོལ་བ། དེ་བཞིན་སྤྱི་ཚོགས་ཀྱི་དངོས་ཡོད་མཚོན་པའི་བསླབ་གཞིའི་རྒྱུ་ཆ་ཞིག་བསྐྲུན་ཆེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གཞི་ལ་བཞག་ནས་བོད་ཀྱི་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་རྒྱུས་སློབ་ཁྲིད་བྱས་པ་རེད། མ་གཞི་ནས་ང་རང་རྒྱལ་པོ་དང་འབངས་གཉིས་ཀའི་དར་རྒུད་བསྟན་ཐུབ་པའི་ལོ་རྒྱུས་ཤིག་འབྲི་འདོད་ཆེན་པོ་ཡོད། སྔར་གྱི་བོད་ཀྱི་ལོ་རྒྱུས་མང་ཆེ་བ་རྒྱལ་པོ་དང་བླ་མ། དེ་བཞིན་གྲུབ་ཐོབ་མི་སྣའི་ལོ་རྒྱུས་ཤ་སྟག་རེད། འབངས་ཀྱི་ལོ་རྒྱུས་ཤིན་ཏུ་དཀོན། ང་ཚོ་བོད་ལ་དེ་ལྟར་འབྲི་བའི་སྲོལ་རྒྱུན་ཡང་མེད་པ་ལྟ་བུ་རེད།” གསུངས་པ་དྲན།” །

         རིན་པོ་ཆེས་གུས་པའི་དྲི་བ་དག་གསན་རྗེས། གྲུང་ལ་རྣོ་བའི་སྤྱན་གཉིས་ཐད་ཀར་བར་སྟོང་དེར་གཟིགས་ནས་རེ་ཞིག་མནོ་བསམ་བཞེས་སོང་། དེའི་སྐབས་ལ་ཐབ་ཚང་ནང་ལ་དམིགས་བསལ་གྱི་ལྷིང་འཇགས་ཤིག་དང་། ཁུ་སིམ་པོའི་ཁོར་ཡུག་ཅིག་བསྐྲུན་པས། ངས་ཕ་རོལ་རྩིག་པའི་སྟེང་གི་ཆུ་ཚོད་འགུལ་སྐྱོད་བྱེད་པའི་སྒྲ་ཤུགས་ཆེ་རུ་ཕྱིན་པའི་ཚོར་སྣང་སླེབས།ཅུང་ཙམ་ཞིག་ནས་རིན་པོ་ཆེས་གསུང་རྒྱུར། །“ང་རང་ཀྲུང་དབྱང་མི་རིགས་སློབ་གྲྭར་དགེ་རྒན་ལ་བཏང་བ་ནས་བཟུང་། དེ་གར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་ཚན་སྣ་ཚོགས་ཁྲིད་དགོས་པ་སྟེ། བརྡ་སྤྲོད་དང་། ལོ་རྒྱུས། ཕྱིས་སུ་ཆོས་ལུགས་དང་གྲུབ་མཐའ་བཅས་རེད། འོན་ཀྱང་ཐོག་མར་ ༡༩༧༠ ནང་དུ་ལོ་རྒྱུས་ཁྲིད་པའི་སྐབས་ལ། མི་རིགས་སློབ་གྲྭའི་སློབ་ཁྲིད་བྱ་ཐབས་ཀྱི་མཛུབ་སྟོན་ཞེས་པའི་ཏང་གི་བཅའ་ཡིག་ཅིག་ཡོད་ཅིང་། དེའི་ནང་ལ་ལོ་རྒྱུས་སློབ་ཚན་ནི་དམིགས་བསལ་དངོས་གཙོ་སྨྲ་བ་དང་། མར་ལེ་རིང་ལུགས་ ཀྱི་ལྟ་བའི་ཕྱོགས་ནས་འཁྲིད་པ་ལས་ཐབས་ཤེས་གཞན་མེད། སྐབས་དེར་སློབ་གྲྭའི་ནང་ལ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་མེད་པ་དང་གཅིག ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཉུང་བ། དེ་བཞིན་བཀའ་འདྲི་ཞུ་ཡུལ་གྱི་ལོ་རྒྱུས་ཀྱི་མཁས་དབང་མེད་པས། ཐོག་མར་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་ཀྱི་ཁ་ལོན་པ་དང་། དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་ལ་རྒྱབ་བརྟེན་བཅོལ་བ། དེ་བཞིན་སྤྱི་ཚོགས་ཀྱི་དངོས་ཡོད་མཚོན་པའི་བསླབ་གཞིའི་རྒྱུ་ཆ་ཞིག་བསྐྲུན་ཆེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གཞི་ལ་བཞག་ནས་བོད་ཀྱི་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་རྒྱུས་སློབ་ཁྲིད་བྱས་པ་རེད། མ་གཞི་ནས་ང་རང་རྒྱལ་པོ་དང་འབངས་གཉིས་ཀའི་དར་རྒུད་བསྟན་ཐུབ་པའི་ལོ་རྒྱུས་ཤིག་འབྲི་འདོད་ཆེན་པོ་ཡོད། སྔར་གྱི་བོད་ཀྱི་ལོ་རྒྱུས་མང་ཆེ་བ་རྒྱལ་པོ་དང་བླ་མ། དེ་བཞིན་གྲུབ་ཐོབ་མི་སྣའི་ལོ་རྒྱུས་ཤ་སྟག་རེད། འབངས་ཀྱི་ལོ་རྒྱུས་ཤིན་ཏུ་དཀོན། ང་ཚོ་བོད་ལ་དེ་ལྟར་འབྲི་བའི་སྲོལ་རྒྱུན་ཡང་མེད་པ་ལྟ་བུ་རེད།” གསུངས་པ་དྲན།” །

     རིན་པོ་ཆེས་ད་དུང་གསུངས་པར། “དེའི་སྐབས་ཀྱི་སློབ་ཁྲིད་ཀྱི་སྒྲིག་གཞི་རྨང་གཞིར་བཞག་ནས་རྒྱུ་ཆ་ཁ་སྣོན་དང་། མར་ལེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གསར་དུ་བསྣན་ནས་ད་ལྟའི་དེབ་འདི་བཏོན་པ་རེད། དེའི་སྐབས་ལ་མར་ལེ་རིང་ལུགས་ཀྱི་ལྟ་གྲུབ་མ་བསྣན་ན་ལོ་རྒྱུས་ཁྲིད་ཐབས་མེད། ཁྱེད་ཚོ་ན་གཞོན་ཚོས་དེ་བཀླགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱས་པ་འདི་ཁོ་རང་དཔེ་ཡག་པོ་རེད། དེའི་ནང་གི་མར་ལེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དངོས་གཙོ་སྨྲ་བའི་ལྟ་བ་ལ་རྩོད་པ་བརྒྱབ་ན་འགྲིག །དེ་ངའི་ལྟ་བ་མ་རེད། དེ་མར་ཁེ་སེ་དང་ཨེང་ཀེ་སིའི་ལྟ་བ་རེད། དེ་མིན་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོའི་ཐོ་དང་དཔེ་ཆའི་ཁུངས། དེ་བཞིན་ཡིག་ཚགས་ཀྱི་གནས་ཚུལ་རབ་དང་རིམ་པ་བཀོད་པ་དེ་ཚོ་ངས་མཁོ་སྒྲུབ་བྱས་པ་ཡིན། དེ་ཚོར་འགྲིག་མིན་སྐད་ཆ་ཡོད་ན་བགྲོ་གླེང་བྱེད་འདོད་ཡོད།”གསུངས། །“གོང་གི་རྒྱུ་ཆ་དེ་ཚོ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཤིན་ཏུ་ནས་མཁོ་བའི་རྒྱུ་ཆ་ཡིན་པས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དེབ་དེས་ལོ་རྒྱུས་ཞིབ་འཇུག་གནང་མཁན་རྣམས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད། ཐོ་བཀོད་དེ་ཚོར་ལེགས་པར་བལྟས་ཏེ་ཟིན་བྲིས་རྒྱོབས།”ཞེས་ཕས་བུ་ལ་གདམས་པ་ལྟ་བུའི་རིན་པོ་ཆེའི་བློ་ཉེ་བའི་བཀའ་སློབ་དེས་ད་ཟོད་དུང་དཀར་རིན་པོ་ཆེའི་ཐབས་བརྒྱ་ཇུས་སྟོང་ལས་བསྒྲུབས་པའི་ལོ་རྒྱུས་ཀྱི་དེབ་འདི་ལ་རིན་ཐང་གསར་པ་ཞིག་དེའི་ཉིན་མོར་རྙེད། ཁོང་གི་ནང་ཚགས་དང་བསླབ་བྱ་ལྟ་བུའི་གསུང་བཤད་ཀྱི་འགྲོས་དེས། ངའི་སྤོབས་པ་ཚང་མ་ཞོམ་ནས་དྲི་བ་གཞན་པ་རྣམས་རང་གར་ཡལ་སོང་། 

       “ཁྱེད་རང་གིས་ངའི་རང་ལུགས་གང་ཡིན་ཟེར་བ་འདི་ལ། ངའི་རང་ལུགས་ནི་རྒྱུ་འབྲས་ཀྱི་འབྲེལ་བ་འཚོལ་བ་དང་། ཁ་གསལ་རུ་གཏོང་བ་དེ་ཡིན། ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་འཕེལ་རིམ་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་། ཐོག་མར་ཆགས་པའི་རྒྱུ། བར་ལ་འཕེལ་རྒྱས་བྱུང་བའི་རིམ་པ། མཐའ་མར་འཇིགས་པའི་རྐྱེན་དེ་ཚོར་བསམ་གཞིགས་ཡག་པོ་ཞིག་བྱས་ན། སླད་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་འཛུགས་དགོས་རུང་། དེ་བཞིན་འདས་པའི་ནོར་འཁྲུལ་ལ་བསམ་གཞིགས་ཀྱིས་མ་འོངས་པའི་མདུན་ལམ་ལ་བསམ་གཞིགས་བྱེད་དགོས་རུང་། ཤེས་བྱ་དེ་དག་གལ་གནད་ཆེན་པོ་རེད། ཉམས་མྱོང་མང་པོ་གསོག་ཐུབ། གཙོ་བོ་དེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཡང་དག་པ་ཡིན་མིན་དེའི་རྒྱུ་དང་རྐྱེན་ལ་བལྟ་དགོས། རྒྱུ་དང་འབྲས་བུའི་སྔ་ཕྱི་འགལ་བ་མེད་པ་ཡིན་དགོས་པ་དེ་ཚན་རིག་པ་དང་ནང་པ་སངས་རྒྱས་པའི་དབར་ལ་རྩོད་པ་ཆེན་པོ་མེད།” གསུངས། “གཙོ་བོ་ཁྱེད་ཚོ་ཞིབ་འཇུག་པ་དང་མཁས་པའི་བྱ་བ་གཉེར་མཁན་ཚོས་བློ་གཟུ་བོར་གནས་ཐབས་བྱེད་དགོས།མཁས་པའི་ལས་ཀ་གཙོ་བོ་དེ་བདེན་པ་འཚོལ་བ་དེ་རེད། བདེན་པ་རྙེད་པར་དངོས་པོའི་ཕྱོགས་ཡོངས་ལ་བལྟ་དགོས། བདེན་པ་རྙེད་པའི་བར་ཆད་གཙོ་བོ་དེ་ཕྱོགས་རིས་ཀྱི་བློ་རེད། ཞིབ་འཇུག་པ་ཞིག་གི་ངོས་ནས་ཕྱོགས་རིས་སྤོང་དགོས་པ་དེ་ཆོས་པ་ཞིག་གིས་བདག་འཛིན་སྤོང་བ་དང་གནད་འགག་གཅིག་པ་རེད། ཕྱོགས་རིས་ཅན་གྱི་བློས་བདེན་པ་རྙེད་ཀྱི་མ་རེད། རྒྱུ་མཚན་ནི་ངོས་གཅིག་ལས་མཐོང་གི་མ་རེད། དེ་བཞིན་བདག་འཛིན་སྤོང་མི་ཐུབ་པའི་ཆོས་པ་ཞིག་གིས་ཐར་པ་ཡོང་ཐབས་མེད།”ཅེས་གསུངས། རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་འཆད་ཁྲིད་ཀྱི་མཐུ་རྩལ་ཞིག་ནི་བརྗོད་གཞི་གཏིང་ཟབ་པོ་དང་རྙོག་འཛིང་ཆེ་རུང་། ཁོང་གི་གསུང་སྟངས་ཤིག་ལ་ཐམས་ཅད་ཤིན་དུ་གོ་བདེ་པོ་དང་། ནང་དོན་ཤིན་དུ་གསལ་བའི་འགྲེལ་བཤད་རྒྱག་སྟངས་ཀྱི་ཐབས་ཤེས་གཅིག་འདུག ཁོང་གི་འཁྲིས་ལ་ཡོད་དུས་བརྗོད་བྱ་གང་གླེང་རུང་དེ་དག་ལ་དཀའ་ངལ་མེད་པར་གོ་བ་ལས་སླ་པོར་ལོན་ཐུབ་ཀྱི་འདུག དེར་བརྟེན། མཁས་དབང་ཁོང་གི་དྲུང་ནས་སློབ་ཁྲིད་གང་ཞུས་ཀྱང་དེ་དག་ལས་སླ་པོར་ཤེས་ཐུབ་པ་འདུག་སྙམ་པའི་སྤོབས་པ་ཁྱད་མཚར་བ་ཞིག་སྐྱེས་ནས། ང་རང་སྔོན་མ་བོད་ལ་སློབ་མ་བཀྲི་བར་ཐབས་ཤིན་དུ་མཁས་པའི་བཤེས་གཉེན་ཁོང་གི་དྲུང་ནས་སློབ་ཁྲིད་ཞུ་རྒྱུ་མ་བྱུང་བ་དེར་འགྱོད་པ་གཏིང་ནས་སྐྱེ།

གསལ་བཤད། བོད་ཀྱི་དཔེ་མཛོད་ཀྱི་གཏམ་ཚོགས་རྩོམ་སྒྲིག་ཁང་ནས་ཆོག་མཆན་བདག་དབང་ཐོབ་ཅིང་། འདྲ་པར་ཁག་ལྔ་དེ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་གནང་བར་སྐུ་དྲིན་ཞུ་ཞིང་། གཏམ་ཚོགས་རྩོམ་སྒྲིག་ཁང་དང་རྩོམ་པ་པོ། ངེད་དྲ་བ་གང་རུང་གིས་ཆོག་མཆན་མེད་པར་གཞན་དུ་དགོད་མི་རུང་།  

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།