དྭགས་པོའི་ཐར་རྒྱན་ནང་གི་གོ་ནོར།

6939


རྩོམ་པ་པོ།   ​རྩིས་ཆེ་ལེགས་མཐོང་།
 

         ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་དགེ་ལུགས་པའི་མཁས་པ་མི་ཉུང་བས་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་ལ་འཁྲུལ་པ་དང་བྲལ་ན་ཡང་རྗེས་འཇུག་སློབ་མ་མི་མཁས་པ་མང་པོས་གསུང་ལ་ལྷད་བཅུག་པས་ནོར་འཁྲུལ་མི་ཉུང་བར་ཡོད་པར་གསུངས་པ་ལ་ཐད་ཀར་བལྟས་ན་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་དབང་གིས་གསུངས་པ་ཡིན་སྲིད་སྙམ་པ་ལྟ་བུ་ཡོད་ན་ཡང་།དོན་དུ་བཀའ་བརྒྱུད་གོང་མའི་གསུང་དུ་གྲགས་པ་མང་པོར་ནང་འགལ་ཡང་མི་ཉུང་བ་ཡོད་པ་དང་། རྣམ་ཐར་རྣམས་ལ་ཡང་མི་མཐུན་པ་ཤིན་ཏུ་མང་བས། བཀའ་བརྒྱུད་པ་རྣམས་ཆོས་ལ་དག་སྣང་ཆེ་དྲགས། ཆོས་སྤོང་གི་ལས་ལ་ཞེད་དྲགས་ནས། གང་བཤད་ཀྱང་བདེན་པ་ཡིན་སྲིད་སྙམ་པ་དང་། བླ་མ་ཞིག་གིས་གསུང་ཚད་བདེན་པ་ཡིན་པར་འཛིན་པའི་དག་སྣང་དེས་ཉམས་ལེན་གྱི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཀྱང་། གྱོང་ཡང་ངེས་ཅན་ཞིག་ཐེབས་ཡོད་ལས་ཆེ། རྒྱུ་མཚན་དེས་མར་པ་ལྟ་བུ་ལ་གུས་བརྩི་ཧ་ཅང་ཆེ་བའི་རྗེ་ཙོང་ཁ་པ་དང་། ཏཱ་ར་ནཱ་ཐ་སོགས་མཁས་པ་ཆེན་པོ་རྣམས་ཀྱིས་མར་པའི་གསུང་དུ་གྲགས་པ་རྣམས་ལས་ཁ་ཤས་ལ་བསམ་གྱིས་མི་ཁྱབ་པའི་དོན་ཟབ་མོ་ཡོད་པ་དང་། འགའ་ཤས་ལ་ནི་ཡོན་ཏན་མེད་པ་མ་ཟད་གཞན་རྣམས་དང་འགལ་བ་ཡང་ཡོད་པས་མར་པའི་གསུང་བརྫུན་མ་ཡང་མི་ཉུང་བ་ཡོད་པ་མི་གསུང་ཀ་མེད་དུ་གྱུར་ཡོད།

        རྗེ་སྒམ་པོ་པའི་གསུང་དྭགས་པོའི་ཐར་རྒྱན་ལ་མཚོན་ན་ཡང་ཕྱག་ཆེན་གྱི་གསུང་སྒྲོས་ཡོད་མེད་ཀྱི་རིགས་གཉིས་དང་།གསུང་སྒྲོས་ཡོད་པའི་རིགས་ཀྱི་ནང་དུ་ཡང་མ་དག་པ་དང་མི་མཐུན་པ་མང་བས་གང་ལྟར་ཡང་འདས་པའི་མི་རབས་འགའ་ཤས་ཀྱི་རིང་དུ་དྭགས་པོའི་ཐར་རྒྱན་ལ་འཆད་ཉན་གྱི་རྒྱུན་ཉམས་པ་དང་འབྲེལ་སྐྱོན་དང་ཡིག་ནོར་གྱི་ཆ་འཕེལ་ཡོད་པ་གསལ་པོར་གྱུར་ཡོད། དེའི་སྐོར་ལ་འབྲུག་པ་བཀའ་བརྒྱུད་ཀྱི་མཁན་པོ་འཕྲིན་ལས་རྡོ་རྗེ་སོགས་ཀྱིས་དམིགས་བསལ་གྱི་ཞིབ་འཇུག་དང་ཞུ་དག་གནང་ཡོད་པས་འདིར་བསྐྱར་དུ་སྨོས་པར་མི་བྱ། ངོས་རང་ནས་འདིར་བཤད་འདོད་པ་གཅིག་ནི་ཐར་རྒྱན་གྱི་ལེའུ་བཅུ་པ་སྨོན་པ་བྱང་སེམས་ཀྱི་བསླབ་བྱ་བསྟན་པའི་སྐབས་དེ་ནས་འཕྲོས་པ་ཞིག་ཡིན། དེའི་ནང་དུ་བྱང་ཆུབ་སེམས་དཔས་སེམས་ཅན་བློས་གཏོང་མི་རུང་བར་གསུངས་ནས་བློས་མི་གཏོང་བའི་ཚད་གཞི་གསུངས་པ་ན། གཞུང་དེ་ལས། “དེ་ཡང་སེམས་ཅན་ཐམས་ཅད་བློས་བཏང་བ་ལ་ཟེར་རམ། གཅིག་ཙམ་བློས་བཏང་བ་ལ་ཡང་ཟེར་ཞེ་ན། སེམས་ཅན་ཐམས་ཅད་བློས་སྤངས་པ་ནི་ཉན་རང་རྣམ་གཉིས་མ་ཡིན་པ། ཁྲ་དང་སྤྱང་ཀི་ལ་ཡང་མི་འོང་སྟེ། དེས་ན་སེམས་ཅན་གཅིག་ཙམ་བློས་བཏང་བས་ཀྱང་ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ།” ཞེས་འབྱུང་། འདིའི་དགོངས་པ་འགྲེལ་སྐབས་དེང་སང་བཀའ་བརྒྱུད་ཀྱི་ཁྲོད་ན་འབུར་དུ་ཐོན་པའི་སྤྲུལ་སྐུ་དང་མཁན་པོ་མི་ཉུང་བ་ཞིག་གིས་སེམས་ཅན་ཐམས་ཅད་བློས་སྤོང་མཁན་ནི་ཉན་རང་རྣམ་གཉིས་ཡིན་པ་དང་། ཁྲ་དང་སྤྱང་ཀིས་ནི་རང་གི་བུ་སྐྱོང་བ་ལྟ་བུས་སེམས་ཅན་ཆ་ཚང་བློས་བཏང་མེད་པ། རྒྱུ་མཚན་དེས་ཉན་རང་རྣམ་གཉིས་ནི་ཁྲ་དང་སྤྱང་ཀི་ལས་ཀྱང་དམན་པ་ལྟ་བུར་འཆད་ཀྱིན་ཡོད་པར་མཐོང་ཞིང་ཐོས།

       དཔེར་ན་དྭོགས་གཞི་འདིའི་ཐད་ལ་སྔོན་མ་རུམ་བཏེག་གི་མཁན་པོ་སྐྱོ་བྲག་དགའ་དབང་གིས་ཐར་རྒྱན་གྱི་དྲི་བ་བཞི་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་དུ། “དྲི་བ་གཉིས་པ། སྨོན་སེམས་ལེའུའི་སྐབས། སེམས་ཅན་སྤྱི་ཡོངས་བློས་བཏང་བ་ཉན་རང་ལ་ཡོད་པ་དང་། བློས་བཏང་ནི་ཕན་འདོགས་གནོད་ཟློག་ཐུབ་པའི་དུས་བྱུང་ཡང་མི་བྱེད་སྙམ་པ་ཡིན་པར་བཤད། ཉན་རང་ལ་དེ་འདྲའི་བློ་འབྱུང་བ་ཅང་སྲིད་དམ།” ཞེས་བྲིས་གནང་ཡོད། དེའི་ལན་དུ་ཝ་ཎཱ་མཐོ་སློབ་ཀྱི་བཀའ་བརྒྱུད་མཁན་པོ་བསོད་ནམས་རྒྱ་མཚོས་ཐར་རྒྱན་གྱི་དྲི་བ་བཞིའི་གསལ་བཤད་ཅེས་པ་རུམ་བཏེག་བཤད་གྲྭའི་དུས་དེབ་ཀུན་དགའ་སྐྱེད་ཚལ་འདོན་ཐེངས་གཉིས་པའི་ནང་དུ་བཀོད་པ་ལས། “ཐར་རྒྱན་གྱི་སྨོན་སེམས་བསླབ་བྱའི་སྐབས། དེ་ཡང་སེམས་ཅན་གང་དག་གིས་བདག་ལ་མི་རིགས་པ་ཞིག་བྱས་པས། བདག་དེ་ལ་སེམས་རྒྱང་བསྲིངས་ནས། ཤ་ཚ་བ་དང་བྲལ་ཏེ་ཕྱིན་ཆད་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་གདགས། གནོད་པ་བཟློག་པའི་དུས་བྱུང་ཡང་མི་བཟློག་སྙམ་པའི་སེམས་པ་ནི་སེམས་ཅན་བློས་བཏང་བ་ཡིན་ནོ། ཞེས་པ་འདི་ནི་སྨོན་པ་བྱང་ཆུབ་སེམས་ཀྱི་བསླབ་བྱའི་སྐབས་སྤྱིར་སེམས་ཅན་བློས་བཏང་བའི་མཚན་གཞི་ཙམ་སྟོན་གྱི་ཉན་རང་ཐམས་ཅད་ལ་ངེས་པར་ཡོད་དགོས་པའི་དོན་མིན།” ཞེས་མཁན་པོ་ཁོང་གིས་ཐར་རྒྱན་རང་གི་ལུང་འདྲེན་སོགས་གནང་རྗེས་མཇུག་ཏུ། “དེས་ན་ཉན་རང་གི་བཞེད་དོན་རང་ཉིད་ཉེར་ཞི་མངོན་དུ་བྱེད་པ་ལས། འགྲོ་བའི་དོན་སྒྲུབ་པ་ལྷུར་བླང་བ་མིན་པ་ལ་དགོངས་ནས་གསུངས་ལ། ཉན་རང་རྣམས་སེམས་ཅན་ལ་རྩ་བ་ནས་ཕན་མི་འདོགས་ཞེས་པའི་དོན་མིན་སྙམ།” ཞེས་གསུངས་པ་ལ་བལྟས་ན་མཁན་པོ་བསོད་རྒྱམ་ཁོང་གིས་ཐར་རྒྱན་ནས་ཉན་རང་གིས་སེམས་ཅན་རྩ་བ་ནས་བློས་བཏང་བར་གསུངས་པ་ནི་ཉན་རང་གི་རིགས་འགའ་ཤས་ལ་དགོངས་པ་ཡིན་པ་ལྟ་བུར་གོ་བ་བླངས་པ་གསལ་པོ་རེད།

        དབྱིན་ཡིག་གི་ནང་དུ་དྭགས་པོའི་ཐར་རྒྱན་ནི་ཨ་ཀོང་རིན་པོ་ཆེའི་སློབ་མ་དང་གསུང་སྒྱུར་བ་ Ken Holmes དང་།ཁོང་གི་ལྕམ་Katia Holmes གཉིས་ཀྱིས་སྔ་མོ་ནས་བསྒྱུར་ཞིང་། ཕྱིས་སུ་སླར་ཡང་ཁོང་གིས་ལེགས་བཅོས་བཏང་བ། གསུང་སྒྱུར་བ་ཆེན་མོ་ཐུབ་བསྟན་སྦྱིན་པས་ཀྱང་ཞུ་དག་གནང་ནས་ད་ལོ་བསྐྱར་པར་གནང་ཡོད། མིང་དུ་ Ornament of Precious Liberation ཟེར་ཞིང་འགྱུར་དེའི་ནང་དུ་གོང་གི་དྭོགས་གཞིའི་ཐད་ Does “exclude beings from your intentions” means all beings or even just one being? Except for sravakas and pratyekabuddhas, no one exclude all beings from the mind—not even birds of prey or wolves [do this]. ཞེས་བསྒྱུར་ཡོད་ཅིང་། འགྱུར་དེའི་དོན་སེམས་ཅན་ཆ་ཚང་བློས་བཏང་བ་ནི་ཉན་རང་གཉིས་མ་གཏོགས་གཞན་སུ་ཡང་ཡོད་པ་མ་རེད། ཐ་ན་ཁྲ་དང་སྤྱང་ཀིས་ཀྱང་སེམས་ཅན་ཐམས་ཅད་བློས་གཏོང་གི་མ་རེད་ཟེར་བའི་དོན་རེད། དེབ་མཇུག་ཏུ་ཡོད་པའི་གསལ་བཤད་ཀྱི་ནང་དུ་ཁོང་གིས་ཧང་སང་དགོས་པའི་གསུང་འདི་ནི་ཕལ་ཆེར་མཉམ་གཞག་ཏུ་རྩེ་གཅིག་ཏུ་བཞུགས་ནས་ཏིང་ངེ་འཛིན་གྱི་བདེ་བ་ཁོ་ན་ལ་ཆགས་པའི་ཉན་རང་རྣམས་ལ་དགོངས་ནས་གསུངས་པ་ཡིན་འགྲོ་གསུངས་ནས་དྭོགས་སེལ་བཀོད་ཡོད། འོན་ཀྱང་འབྲི་གུང་མཁན་པོ་དཀོན་མཆོག་རྒྱལ་མཚན་གྱིས་དྭགས་པོའི་ཐར་རྒྱན་དབྱིན་ཡིག་ཏུ་བསྒྱུར་བ་ The Jewel Ornament of Liberation ཞེས་པའི་ནང་དུ་ Furthermore, what is meant by “forsaking sentient beings”? Does it mean all sentient beings or just one? Even Hearers or Solitary Realisers will not forsake all sentient beings, neither will the hawk and wolf. ཞེས་པར་བསྒྱུར་ཡོད་པ་ལ་འགྱུར་འདིའི་དོན་ནི་སེམས་ཅན་བློས་བཏང་བའི་ཚད་གང་རེད་ཟེར་ན་སེམས་ཅན་ཆ་ཚང་བློས་གཏོང་བ་ནི་ཉན་ཐོས་དང་རང་རྒྱལ་ཡང་མ་རེད་ལ་ཁྲ་དང་སྤྱང་ཀི་ཡང་མ་རེད་ཅེས་པའི་དོན་རེད། དེས་ན་དབྱིན་ཡིག་ཏུ་སྒྱུར་མཁན་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་བ་གཉིས་བྱུང་ཡོད་པར་མངོན།

        དྭགས་པོའི་ཐར་རྒྱན་རྒྱ་ཡིག་ཏུ་བསྒྱུར་བ་ཁོ་བོས་དེ་སྔོན་གཉིས་ཙམ་མཐོང་མྱོང་ཡོད་པའི་ནང་ནས། སྔོན་དུ་张澂基གིས་བསྒྱུར་བ་解脱庄严宝论 ཞེས་པའི་ནང་དུ། 仅仅舍弃某一个众生,难道就构成犯菩提心戒吗?答案是:舍弃一切众生的心念,连二乘人都不会发生的。豺狼猛兽也不会舍弃所有一切众生的。ཞེས་བསྒྱུར་ཡོད། འགྱུར་འདིའི་དོན་ནི་བྱང་སྡོམ་དང་འགལ་བའི་སེམས་ཅན་བློས་བཏང་བ་ཟེར་བ་ཡང་སེམས་ཅན་གཅིག་ཙམ་བློས་བཏང་བ་ལ་གོ་བ་སྟེ་སེམས་ཅན་ཐམས་ཅད་བློས་བཏང་བ་ནི་ཉན་རང་གཉིས་གདའ་ག་ལ་ཡིན། གཅན་གཟན་གྱིས་ཀྱང་སེམས་ཅན་ཐམས་ཅད་བློས་མི་གཏོང་ཟེར་བའི་དོན་རེད། ཕྱིས་སུ་ཆགས་མེད་མཆོག་སྤྲུལ་གྱིས་བསྒྱུར་བ་妙法如意宝解脫庄严论 ཞེས་པའི་ནང་དུ་ 复次若问:是说心中失弃一切有情众生,还是说心中舍弃仅仅一个有情呢?答曰:心中舍弃一切有情即非声闻缘觉而者,连鹞子和狼也不会。 ཞེས་བསྒྱུར་བ་ཡང་ཚིག་གོང་དང་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་དུ་གཉིས་ཀ་མཚུངས་པར་སེམས་ཅན་གཅིག་ཙམ་བློས་བཏང་བས་ཀྱང་བྱང་སེམས་ཀྱི་གྲལ་ནས་བུད་པ་དང་། སེམས་ཅན་ཐམས་ཅད་བློས་བཏང་བ་ནི་ཁྲ་དང་སྤྱང་ཀི་ཡང་མ་ཡིན་ན་ཉན་རང་རྣམ་གཉིས་ག་ལ་ཡིན་ཟེར་བའི་དོན་རེད། དེས་ན་རྒྱ་ཡིག་ཏུ་སྒྱུར་མཁན་གཉིས་ཀའི་གོ་བ་ལེན་སྟངས་གཅིག་མཚུངས་བྱུང་ཡོད་པར་མངོན།

         དེ་ལྟར་ན་དྭགས་པོའི་ཐར་རྒྱན་གྱི་གསུང་གི་དུམ་བུ་གཅིག་རང་ལ་ཡང་ཀློག་པ་པོ་རྣམས་ཀྱི་གོ་བ་ལེན་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་པ་ལས་དེ་གཉིས་གང་བདེན་པ་ཡིན་པ་ནི་གཙོ་བོ་དངོས་པོའི་གནས་ཚུལ་ལ་བསམ་ནས་ཀྱང་ཐག་གཅོད་འོས་པ་རེད། དངོས་པོའི་གནས་ཚུལ་ལ་བསམ་ན་རང་རྒྱལ་ནི་ནང་པའི་བཤད་སྲོལ་ལྟར་ན་སངས་རྒྱས་མ་བྱོན་བའི་སྐབས་སུ་མ་གཏོགས་མེད་པས་མ་མཐར་ཡང་དེའི་བྱ་སྤྱོད་ཅི་འདྲ་ཡིན་ལོ་རྒྱུས་ཀྱི་ཐོག་ནས་བཤད་དཀའ་ན་ཡང་། ཤེར་ཕྱིན་མངོན་རྟོགས་རྒྱན་སོགས་ཀྱི་ནང་དུ་རང་རྒྱལ་གྱིས་སྒྲ་མེད་ལུས་ཀྱི་སྒོ་ནས་ཆོས་འཁོར་སྐོར་བར་གསུངས་པས་གལ་སྲིད་རང་རྒྱལ་གྱིས་སེམས་ཅན་ཐམས་ཅད་དང་གཞན་དོན་རྩ་བ་ནས་བློས་བཏང་ན་སྒྲ་མེད་ལུས་ཀྱི་སྒོ་ནས་ཆོས་འཁོར་སྐོར་བའི་འགྲེལ་བརྗོད་བྱ་ཐབས་མེད། དེ་ལས་གཞན་ཉན་ཐོས་རྣམས་ལ་མཚོན་ན་ཐེག་ཆེན་པས་སྐབས་རེ་ཤཱ་རི་བུ་ལྟ་བུ་ཐེག་དམན་ཡིན་པར་བཤད་ནས་ཤཱ་རི་བུ་ལ་ཤེར་ཕྱིན་བཤད་པའི་ནུས་པ་མེད་ཀྱང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་ཤེར་ཕྱིན་བཤད་ཐུབ་པ་བྱུང་བར་སྨྲ་བ་དང་ཡང་དམ་ཆོས་པད་དཀར་སོགས་ནས་ཤཱ་རི་བུ་དང་སྐྱེ་དགུ་བདག་མོ་དང་གྲགས་འཛིན་མ་སོགས་སངས་རྒྱས་དང་འབྲེལ་ཡོད་ཕལ་མོ་ཆེ་ཐེག་པ་ཆེན་པོ་ཡིན་པར་ཡང་གསུངས། ཡང་ཐེག་ཆེན་པ་རྣམས་ཀྱིས་བཀའ་བསྡུ་དང་པོའི་སྐབས་སུ་ཐེག་པོ་ཆེན་པོའི་བཀའ་མ་བསྡུས་པའི་རྒྱུ་མཚན་ཐེག་པ་ཆེན་པོ་ནི་ཉན་ཐོས་རྣམས་ཀྱི་བློ་ཡུལ་དུ་མ་ཤོངས་པས་ཡིན་པར་བཤད་ན་ཡང་། ཡང་ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་བརྩེགས་པ་སོགས་སུ་འོད་སྲུང་ཡང་ཐེག་པ་ཆེན་པོ་པ་ཡིན་པར་བསྟན་ཡོད། ཡང་ཐེག་དམན་གྱི་སྡེ་སྣོད་ནི་ཀུན་དགའ་བོས་ཐོས་མྱོང་བ་རྣམས་ཁོ་ན་ཡིན་པ་དང་ཐེག་ཆེན་གྱི་སྡེ་སྣོད་ནི་ཀུན་དགའ་བོས་མ་ཐོས་པས་བཀར་མ་བསྡུས་པར་བཤད་ནས་ཡང་ཐེག་ཆེན་པའི་གསང་སྔགས་ཀྱི་ནང་དུ་ཀུན་དགའ་བོ་དང་ཕྱག་ན་རྡོ་རྗེ་གཅིག་ཡིན་པར་བཤད་ཡོད། དེས་ན་ཐེག་ཆེན་རང་གི་གཞུང་རྣམས་ལ་ཡང་བཤད་སྟངས་སྣ་ཚོགས་པ་ཡོད་པས་ཡང་སྙིང་སུ་ཞིག་ཉན་ཐོས་ཡིན་པ་དང་སུ་ཞིག་ཐེག་ཆེན་ཡིན་བཤད་དཀའ་བར་མཐོང་ན་ཡང་། དེའི་དྭོགས་སེལ་ལ་འོད་སྲུང་དང་གནས་བརྟན་བཅུ་དྲུག་ལྟ་བུའི་ཉན་ཐོས་ཆེན་པོ་རྣམས་ནང་དུ་བྱང་སེམས་ཡིན་ཀྱང་ཕྱི་ལ་ཉན་ཐོས་ཡིན་པ་མ་མཐར་ཡང་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་ཁས་ལེན་བྱེད།

         དེ་ལྟར་ན་ཕྱི་ཚུལ་ཙམ་དུ་ཡང་ཉན་ཐོས་ཆེན་པོ་དེ་དག་གིས་སངས་རྒྱས་ཀྱི་བཀའ་ཡི་བསྡུ་བ་མཛད་པ་དང་བསྟན་པ་རྒྱས་པར་མཛད་པ་སོགས་ཀྱིས་གཞན་དོན་མ་བྱས་པར་སུ་ཞིག་གིས་སྨྲ་ཐུབ་ཅིང་། དེ་དག་གིས་སེམས་ཅན་ཐམས་ཅད་བློས་བཏང་བར་བཤད་ན་སུ་ཞིག་གི་རྣ་བར་འགྲོ། གལ་སྲིད་འོད་སྲུང་ཆེན་པོ་སོགས་དོན་དངོས་སུ་ཐེག་པ་ཆེན་པོ་ཡིན་པའི་དབང་དུ་བཏང་ཡང་འདུལ་བའི་གླེང་གཞིའི་ནང་དུ་དྲུག་སྡེ་ལ་སོགས་པས་སྐབས་རེ་གཞན་ལ་ཕན་བཏགས་ཚུལ་དང་། སྐབས་རེ་སངས་རྒྱས་ཀྱི་གསུང་དང་འགལ་བར་བྱས་ཚུལ་སོགས་སྣ་ཚོགས་པ་ཡོད་པ་ལས་གཞན་དོན་རྩ་བ་ནས་བློས་བཏང་བའི་ཉན་ཐོས་ཚད་ལྡན་ཞིག་གང་དུ་ཡོད། སུ་ཞིག་རེད། ཉན་ཐོས་ཀྱི་གསུང་རབ་གང་དུ་ཡོད། བོད་དུ་ཉན་ཐོས་ཀྱི་སྡེ་མེད་པ་ལས་གཞན་བཤད་སྟངས་འདི་འདྲ་ལ་བརྟེན་ནས་ཐ་ན་ཐེག་པ་ཆེ་ཆུང་གི་བར་དུ་འཐབ་འཁྲུགས་ཀྱང་འབྱུང་མི་སྲིད་པ་ག་ལ་ཡིན། མ་ཟད་ཉན་ཐོས་ཀྱི་འདུལ་བའི་ནང་དུ་མཁན་པོ་དང་སློབ་དཔོན་གྱི་ཆ་རྐྱེན་མེད་དུ་མི་རུང་བ་རྣམས་འཆད་སྐབས་འདུལ་བ་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པ་ལྟར་སློབ་མ་ལ་སྙིང་བརྩེ་བ་དང་ཕན་འདོགས་པ་སོགས་ངེས་པར་དུ་དགོས་པར་གསུངས་ཤིང་། དགེ་ཚུལ་སོགས་གསར་བུ་བ་རྣམས་གནས་བརྟན་རྣམས་ཀྱིས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྐྱོང་བས་དགེ་འདུན་ལ་སྐྱབས་སུ་འགྲོ་བའི་བསླབ་བྱ་ཡང་འདི་ཉིད་དང་འབྲེལ་བ་ཞིག་རེད། དེ་བཞིན་དུ་ཉན་ཐོས་རྣམས་ཀྱི་ལུགས་སུ་སྦྱིན་བདག་གིས་བཞེས་ལག་སོགས་ཕུལ་རྗེས་དགེ་འདུན་པ་རྣམས་ཀྱིས་ཆོས་བཤད་པ་དང་སྦྱིན་བདག་གི་དོན་དུ་བསྔོ་བ་མཛད་པ་སོགས་ཀྱི་ཕྱག་སྲོལ་ད་ལྟའི་བར་ཡོད་པས་དེ་ཡང་གཞན་དོན་མིན་ན་གང་ཡིན། ད་ལྟའི་དུས་སུ་ཡང་ཉན་ཐོས་ཀྱི་བསྟན་པ་དར་བའི་ཁུལ་མང་པོར་དགེ་འདུན་གྱི་སྡེས་མི་དམངས་ལ་རོགས་སྐྱོར་དང་མི་དམངས་ཀྱིས་དགེ་འདུན་གྱི་སྡེར་ཞབས་ཞུ་སྒྲུབ་པ་སོགས་ནི་བོད་ཀྱི་ཐེག་པ་ཆེན་པོར་ཁས་འཆེ་བ་རྣམས་ལས་ཀྱང་ལྷག་པར་མཐོང་། གལ་སྲིད་དེ་དག་གིས་དངོས་སུ་གཞན་དོན་བྱེད་པ་དེ་གཞན་དོན་མ་ཡིན་ན། བོད་ཀྱི་ཐེག་པ་ཆེན་པོ་དང་གསང་སྔགས་པ་མང་པོས་ལྐོག་ནས་སྨོན་ལམ་འདེབས་པ་ཙམ་གྱིས་གཞན་དོན་བྱས་པར་སྙམ་པ་དང་། རང་ལུས་ཡི་དམ་གྱི་ལྷར་བསྒོམས་པ་ལས་འོད་ཟེར་འཕྲོས་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བྱས་ཡོད་སྙམ་པ་འདི་དག་གཞན་དོན་ཚད་ལྡན་ཡིན་པ་དེ་བས་ཀྱང་བཤད་དཀའ།

        དེས་ན་བཀའ་བརྒྱུད་པའི་མཁས་པ་མང་པོས་དྭགས་པོའི་ཐར་རྒྱན་གྱི་གོ་བ་དེ་ལྟར་བླངས་པ་ནི་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་རྒྱལ་སྲས་ལག་ལེན་ལས། རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་ལྟ་བུས་བརྩོན་མཐོང་ན། །ཞེས་གསུངས་པ་ལྟར། བོད་བརྒྱུད་ནང་བསྟན་པའི་ཁྲོད་དུ་ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ནི་གཞན་དོན་བྱེད་མི་བྱེད་ཀྱི་ཁྱད་པར་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་གཞན་དོན་རྒྱ་ཆེན་པོ་བྱེད་པ་ཙམ་གྱིས་གང་ཟག་དེ་ནང་པ་མ་ཡིན་ཀྱང་བྱང་ཆུབ་སེམས་དཔའ་རེད་ཅེས་བཤད་པ་དཔེར་ན་དེང་སང་བདག་ཉིད་ཆེན་པོ་མཧཱཏྨཱ་གཱནྡྷི་བོད་པ་མང་པོས་བྱང་ཆུབ་སེམས་དཔར་ངོས་འཛིན་པ་ལྟ་བུ་དང་། ཉན་ཐོས་ཡིན་ན་རང་དོན་ཁོ་ན་མ་གཏོགས་གཞན་དོན་ཅི་ཡང་མི་བྱེད་པར་སེམས་པའི་སྲོལ་རྒྱུན་གྱི་བག་ཆགས་ཟབ་མོ་ཡོད་པ་དེ་ལ་བརྟེན་ནས་བྱུང་བར་གདོན་མི་ཟ། འོན་ཀྱང་གལ་སྲིད་དེ་ལྟར་བཀའ་བརྒྱུད་པའི་མཁས་པ་འགས་བཤད་པ་ལྟར་ཉན་རང་རྣམ་གཉིས་ནི་ཁྲ་དང་སྤྱང་ཀི་ལས་ཀྱང་དམན་ན་བདག་ཅག་གི་སྟོན་པ་ཤེས་རབ་དང་སྙིང་རྗེའི་བདག་ཉིད་འགྲན་ཟླ་བྲལ་བ་དེ་འཇིག་རྟེན་དུ་བྱོན་ནས་ཡང་དག་པའི་ཆོས་བསྟན་པའི་འབྲས་བུར་དངོས་སློབ་ཕལ་མོ་ཆེ་དང་རྗེས་འཇུག་ཚད་ལྡན་རྣམས་ཁྲ་དང་སྐྱང་ཀི་ལས་ཀྱང་རང་འདོད་ཚ་བ་དང་ཡ་ང་སྙིང་རྗེ་མེད་པར་གྱུར་པས་དཔྱོད་ལྡན་སུ་ཞིག་གིས་དེ་འདྲའི་སྟོན་པ་དང་སློབ་མ་ལ་གུས་ཤིང་མོས་པར་བྱེད། དེས་ན་ལྟ་ཚུལ་འདི་དངོས་པོའི་གནས་ཚུལ་དང་ཡང་མི་མཐུན་ཞིང་། དྭགས་པོ་རིན་པོ་ཆེའི་དགོངས་པ་ཡང་མ་ཡིན་པར་མངོན་ཏེ། ཐར་རྒྱན་གྱི་ཚིག “སེམས་ཅན་ཐམས་ཅད་བློས་སྤངས་པ་ནི་ཉན་རང་རྣམ་གཉིས་མ་ཡིན་པ། ཁྲ་དང་སྤྱང་ཀི་ལ་ཡང་མི་འོང་སྟེ།” ཞེས་པ་འདི་ཉིད་ལ་ཚིག་ཅུང་ཟད་འགྱུར་བ་བཏང་བ་ཙམ་གྱིས་ཕྲད་དེ་དག་གི་གོ་བ་ལེན་ཐུབ། དཔེར་ན། “སྡུག་བསྔལ་འདོད་པ་ནི་ཉན་རང་རྣམ་གཉིས་མ་ཡིན་པ། ཁྲ་དང་སྤྱང་ཀི་ལ་ཡང་མི་འོང་སྟེ།” ཞེས་འཁོད་ཡོད་ན་རྣམ་དཔྱོད་ལྡན་པ་སུས་ཀྱང་དེའི་དོན་དག་ཉན་རང་རྣམ་གཉིས་ཀྱིས་སྡུག་བསྔལ་འདོད་པ་དང་ཁྲ་དང་སྤྱང་ཀིས་སྡུག་བསྔལ་མི་འདོད་པའི་དོན་དུ་གོ་བ་མི་ལེན་པ་གསལ་པོ་རེད།

        དྭགས་པོ་རིན་པོ་ཆེས་ཚིག་གི་འགྲོས་དེ་ལྟ་བུས་གསུངས་པའི་རྒྱུ་མཚན་བྱང་ཆུབ་སེམས་དཔའ་ཞིག་ཏུ་འགྱུར་བར་སེམས་ཅན་ཐམས་ཅད་ཀྱི་དོན་བསམ་དགོས་པ་ལས། དེ་ལྟར་མི་སེམས་པར་ནང་པ་ཞིག་གིས་སེམས་ཅན་བློས་བཏང་ན་ཉན་རང་གི་ལམ་དུ་ལྟུང་འགྲོ། འོ་ན་ནང་པ་ཞིག་གིས་སེམས་ཅན་ཐམས་ཅད་བློས་བཏང་ན་ཉན་རང་དུ་ལྟུང་འགྲོ་བའམ་ཡང་ན་སེམས་ཅན་རེ་རེ་ཙམ་བློས་བཏང་ན་ཡང་བྱང་སེམས་ཀྱི་གྲལ་ནས་བུད་དེ་ཉན་རང་དུ་འགྱུར་འགྲོ་ཞེས་སྒམ་པོ་པས་དྭོགས་སློང་གནང་ནས་ལན་དུ་སྒམ་པོ་པ་རང་ཉིད་ཀྱིས་སེམས་ཅན་ཐམས་ཅད་བློས་བཏང་བ་ནི་ཉན་རང་ལྟ་ཞོག ཐ་ན་ཁྲ་དང་སྤྱང་ཀིས་ཀྱང་མི་གཏོང་བས་སེམས་ཅན་རེ་རེ་ཙམ་བློས་བཏང་ན་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་ཞེས་དེ་ལྟར་གསུངས་པ་ལ། ཉན་རང་གིས་གཞན་དོན་རྩ་བ་ནས་མི་བྱེད་པར་འཛིན་པའི་ཀློག་པ་པོ་མང་པོའི་གོ་ནོར་ཐེབས་པར་སྣང་། དོན་དངོས་སུ། ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་གཞན་ཕན་བྱེད་མི་བྱེད་དང་། སྙིང་རྗེ་ཡོད་མེད་ཙམ་གྱིས་མ་ཡིན་པར་ཐེག་པ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་ཁས་ལེན་པ་དང་། ཉན་ཐོས་རྣམས་ཀྱིས་ནི་ཁ་ཡོད་ལག་ཡོད་ཀྱིས་གཞན་དོན་བྱེད་པ་ཙམ་ལས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ནི་ཡོང་ཐབས་མེད་པས་ཁས་ལེན་མི་བྱེད་ཅིང་། མ་ཟད་ཉན་ཐོས་རྣམས་ཀྱིས་ཐར་པའི་གོ་འཕང་སྒྲུབ་པ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་གསལ་པོར་ཁས་ལེན་པ་དང་། ཐེག་པ་ཆེན་པོ་པ་རྣམས་ཀྱིས་ནི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡང་གཞན་གྱི་དོན་དུ་ཡིན་པ་ལས་རང་ཉིད་ཀྱི་དོན་དུ་མ་ཡིན་པར་སྨྲ་བ་སོགས་རེད། འོན་ཀྱང་ཉན་ཐོས་རྣམས་ཀྱི་གསུང་རབ་ཏུ་ནང་པ་ཡིན་ནས་བཟུང་ངེས་པར་གཞན་དོན་བྱེད་དགོས་པར་གསུངས་པ་མེད་པས་གཞན་དོན་བྱེད་མི་བྱེད་རང་དབང་ཡིན་ཅིང་། ཐེག་པ་ཆེན་པོའི་ནང་དུ་ནི་གཞན་དོན་སྤངས་ན་ཐེག་ཆེན་གྱི་གྲལ་ནས་བུད་འགྲོ། དེ་ལྟར་ན་ཡང་གཞན་དོན་རྒྱ་ཆེན་པོ་བྱེད་པ་ཙམ་གྱིས་བྱང་ཆུབ་སེམས་དཔར་གྱུར་པ་ཡང་མ་ཡིན་པར་བྱང་ཆུབ་སེམས་དཔའ་ཞེས་པའི་དོན་སེམས་ཅན་རྣམས་རྫོགས་པའི་བྱང་ཆུབ་ཀྱི་སར་འགོད་འདོད་ཡོད་པའི་སྙིང་སྟོབས་ཅན་ཞིག་ལ་གོ་བ་ལས་གཞན་དུ་ན་བྱང་ཆུབ་སེམས་དཔའ་ཞེས་མ་ལབ་པར་གཞན་ཕན་སེམས་དཔའ་ཞེས་ལབ་ཀྱང་ཆོག་པར་འགྱུར་རོ། །

སྤྱི་ལོ་༢༠༡༧ ཟླ་ ༨ ཚེས་༨། ཤི་ལི་རྒུ་རི་ནས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།