སྒོ་ཤེར་གྱིས་《ནཱལེནྡཱ་ཞིབ་འཇུག》གླེང་བ།

6607

AJMU9527.jpg


     《ནཱལེནྡཱ་ཞིབ་འཇུག》བཀླགས་རྗེས། 

          རྒྱང་རིང་ས་མཐའི་གྲོགས་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་བརྩམས་གནང་མཛད་པའི《ནཱལེནྡཱ་ཞིབ་འཇུག》ཅེས་པ་ལོ་འགའི་ཡར་སྔོན་ནས་ལག་ཏུ་སོན་ཡང་། དུས་ཚོད་རིང་པོའི་བར་ཞིབ་ཀློག་མ་ནུས་པར་ལུས་སོང་། དྲང་མོར་བཤད་ན། རང་མི་ལ་རྩིས་ཆུང་བའི་ངན་གོམས་ཤིག་ཀུན་ལ་ཡོད་པ་ལྟར། ངས་ཀྱང་ཕ་ཡུལ་གཅིག་པའི་གྲོགས་པོ་ཁོང་གི་རྩོམ་དེར་དོ་སྣང་གིས་མ་འདང་བ་ལྟ་བུས་བཀླག་རྒྱུའང་ཕྱི་ཕྱིར་འགོར་འགྱངས་སུ་ལུས་པ་རེད་ཟེར་ཆོག  

        ད་རེབ་རྫ་དབོན་པོ་དགོན་དུ་ལྷོད་ལྷོད་ངང་ཡུན་རིང་བསྡད་པའི་ཁོམ་གླགས་བེད་སྤྱད་དེ། ཁོང་གི་དེབ་དེར་མགོ་མཇུག་ཚང་བ་ཞིག་མཇལ་བའི་སྦྱོར་བ་ལྷུར་བླངས་པ་ན། ཀློག་གིན་ཀློག་གིན་བརྩམས་ཆོས་དེར་ནི་བདག་ཡིད་རབ་ཏུ་དང་བར་གྱུར། ཅིའི་ཕྱིར་ཞེ་ན། གནའ་བོའི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོ། དཔལ་ནཱལེནྡཱ་དང་། དེ་ནས་བྱོན་པའི་མཁས་གྲུབ་རིམ་བྱོན་བཅས་ཀྱི་བྱུང་རབས་ལོ་རྒྱུས་ཁ་གསལ་དོན་འདུས་དང་། ལྟ་བདེ་ཀློག་སླ་ཞིག་བོད་ཡིག་ཏུ་བྲིས་པའི་ཐོག་མ་ནི་དེ་ཡིན་པའི་ཉམས་སྣང་ཞིག་བྱིན་སོང་།  

         གཅིག  དཔེ་དེབ་འདིའི་རྒྱུ་ཆ་འཚོལ་སྡུད་དང་ཉམས་ཞིབ་ཀྱི་གོ་རིམ་ཐད་ལ།  མལ་སའི་ནང་ལས་གོམ་གང་མ་བགྲོད་པར་འཇིག་རྟེན་འདོམ་གྱིས་བཅལ་ཡོད་པར་སྐད་པའི་འོལ་ཚོད་དང་ཁ་ཕོ་རྐྱང་བས་བཏེགས་པ་ཞིག་མ་ཡིན་པར། རྩོམ་མཁན་ཁོང་ཉིད་དཔལ་ནཱལེནྡཱའི་གནས་ཤུལ་དང་། ནཱལེནྡཱའི་མཁས་པ་སོ་སོའི་འཁྲུངས་ཡུལ། ད་དུང་ཁོང་རྣམ་པས་མཛད་འཕྲིན་བསྐྱངས་པའི་རྗེས་ཤུལ་བཅས་སུ་ཐེངས་དུ་མར་ཕེབས་ཏེ་བརྟག་ཞིབ་བྱས་པའི་ཐོག སྔར་བོད་ཡིག་ནང་ནཱལེནྡཱ་དང་འབྲེལ་བའི་དཔྱད་གཞི་ཅི་བཞུགས་པ་དག་ཁབ་གསོགས་འབིག་བསོགས་ཀྱིས་བསྒྲུགས་གནང་ཡོད་པར་མ་ཟད། ཕྱི་རྒྱའི་མཁས་པ་གཞན་གྱིས་བརྩམས་པའི་འབྲེལ་ཡོད་ཡིག་ཆ་ཁག་ལའང་ལྟ་རྒྱ་མི་ཆུང་བ་ཙམ་བསགས་ཡོད་པའི་མཛེས་པ་མངོན་པར་གསལ།  

       གཉིས། དཔྱད་ཐབས་ཀྱི་ངོས་ནས་ཀྱང་། དད་པ་དང་ལུང་ཁོ་ནའི་ཟིལ་ཤུགས་ལ་སྐྱབས་སུ་འགྲོ་བའི་མཐར་ལྷུང་སྟེ། བདེན་ཐུབ་ཚད་ལྡན་གྱི་དཔང་རྟགས་མངོན་སུམ་པ་དག་ཀྱང་འདོར་ཕོད་པའི་རྟུལ་བཞུགས་མ་བཟུང་བར། དཔལ་ནཱལེནྡཱའི་གཙུག་ལག་ཁང་དེ་མེད་པ་ནས་ཡོད་པར་གྱུར་པའི་ཐོག་མའི་དུས་དང་། ཡོད་པ་འཕེལ་རྒྱས་སུ་བྱིན་པའི་བར་གྱི་གནས་སྐབས། རྒྱས་པ་ཉམས་རྒུད་དུ་ཕྱིན་པའི་ཐ་མའི་གནས་སྟངས། དེ་བཞིན་པཎ་གྲུབ་སོ་སོའི་འཁྲུངས་འདས་ལོ་ཚིགས་སོགས་གང་འཆད་པའི་སྐབས་ལ་ཡང་། འགྲོ་བ་མི་ཐུན་མོང་གི་སྣང་ཚོད་དང་མཐུན་པའི་དཔང་རྟགས་ཡིད་རྟོན་འཕེར་ནུས་རེ་འདྲེན་ཐབས་ཀྱི་ཕྱོགས་སུ་ཅི་ཐུབ་གང་ཐུབ་ཀྱིས་འབད་བརྩོན་གནང་འདུག  

        གསུམ།   རྗོད་བྱེད་ཀྱི་ཆ་ནས་ནི་ལྷག་ཏུ་བོད་རང་གི་ཚིག་སྦྱོར་གཙང་མ། ལྷོད་ལ་བབ་ཆགས་པའི་ཉམས་ཀྱིས་ཕྱུག་པས།  ཀློག་མཁན་ལ་སྤྲོ་སྣང་ཅི་བས་སྟེར་གྱི་འདུག   དེའི་ཕྱིར་ནཱ་ལེནྡཱའི་ལོ་རྒྱུས་དང་། དེ་ནས་བྱོན་པའི་མཁས་པའི་མཛད་རྗེས་སོགས་སུ་དོ་སྣང་ཡོད་མཁན་དག་ལ་མཚོན་ན། འདི་ནི་མ་བཀླག་ཐུ་མེད་ཀྱི་དཔེ་དེབ་ཡག་པོ་ཞིག་ཏུ་སྙམ་ལགས་ཞེས་མཚམས་སྦྱོར་ཞུ་བ་དང་ལྷན། དེབ་འདིའི་བྱེད་པོ་ཁོང་གིས་སླད་ཕྱིན་ཡང་། རྒྱ་གར་ཡུལ་དབུས་ཁོ་ན་ཙམ་མ་ཡིན་པར། ད་རུང་རང་རེ་དང་ཤེས་རིག་གི་འབྲེལ་བ་ཤིན་ཏུ་ཟབ་པའི་གནའ་བོའི་རྒྱ་གར་གྱི་བྱང་ཕྱོགས་ཁ་ཆེ་དང་། ཨོ་རྒྱན་ཡུལ་སོགས་སུ་དར་རྒྱས་བྱུང་མྱོང་བའི་ནང་པའི་གཙུག་ལག་ཁང་མིང་གྲགས་ཆེ་བ་གཞན་དག་སྐོར་ལའང་ཞིབ་འཇུག་བྱས་ཏེ་རིན་ཐང་ལྡན་པའི་བརྩམས་ཆོས་མང་ཙམ་བྲི་རྒྱུའི་རེ་སྐུལ་བཅས།

                     2015/1/14/

MNBQ6750.jpg
《ནཱལེནྡཱ་ཞིབ་འཇུག》རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།