རྫོང་ཁ་སྟེ། འབྲུག་སྐད།

6983

 

རྩོམ་པ་པོ།   པདྨ་འབུམ།

 

____རྫོང་ཁའི་བརྡ་གཞུང་གསར་པ་ཞེས་པ་བྱུང་ཚུལ།

         “རྫོང་ཁའི་བརྡ་གཞུང་གསར་པ།” ཟེར་བ་འདི་ནི་འབྲུག་ཡུལ་གྱི་བརྡ་སྤྲོད་ཀྱི་དཔེ་དེབ་ཅིག་ཡིན།  “རྫོང་ཁ་”ནི་འབྲུག་ཡུལ་གྱི་གཞུང་སྐད་ཀྱི་མིང་ཡིན་ལ།  འབྲུག་པ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་རྟགས་གཅོད་བྱེད་ཀྱི་མིང་ཞིག་ཡིན།   བརྡ་སྤྲོད་ཀྱི་གཞུང་འདི་སྒྲིག་མཁན་ནི་འབྲུག་སྲིད་གཞུང་གི་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཟེར་བ་དེ་ཡིན།  འདི་ལ་ཤོག་གྲངས་ ༣༠༡ཡོད་པ་དང་།  ལེ་ཚན་ལྔ་དང་ལེའུ་ཉེར་གསུམ་ཡོད།  འདི་ ༡༩༩༠ ལོར་དཔེ་སྐྲུན་དང་པོ་བྱས་རྗེས་ ༡༩༩༤ དང་ ༡༩༩༩ ལོ་གཉིས་ལ་ཐེངས་གཉིས་ལ་སྐྱར་ཞིབ་ཀྱིས་ཡང་སྐྱར་དཔེ་སྐྲུན་བྱས་ཡོད་ལ།  ༢༠༠༠ ལོ་དང་ ༢༠༠༢ ལོ་གཉིས་ལ་སྐྱར་པར་ཐེངས་གཉིས་བྱས་ཡོད།  

          འབྲུག་ཡུལ་ལ་ལུང་ཚན་གྱི་སྐད་ཉི་ཤུ་རྩ་གྲངས་ཤིག་ཡོད་པར་བཤད་པ་དང་།  ཡུལ་སྐད་ཅུང་ཙམ་ཆེན་པོ་བཞི་ཡོད་པ་ལས་རྫོང་ཁ་ཟེར་བ་འདི་དེའི་གྲས་ཀྱི་གཅིག་ཡིན། འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པ་ལས ཡུལ་སྐད་འདི་འབྲུག་ཡུལ་ནུབ་བརྒྱུད་ཀྱི་རྫོང་ཁག་བརྒྱད་ལ་ཡུལ་སྐད་འདི་དར་ཁྱབ་ཆེ།   ཡུལ་སྐད་འདི་ལ་དང་པོ་ནས་རྫོང་ཁ་མི་ཟེར་བར་མེན་སྐད་ཟེར།  དེ་ནི་འབྲུག་གི་ནུབ་བརྒྱུད་ན་མོན་ཡུལ་ལ་དར་བའི་ཡུལ་སྐད་ཅིག་ཡིན་པར་བཤད།  ཡུལ་སྐད་འདི་བོད་སྐད་དང་ཐག་ཉེ་ཡིན་སྟབས།  དུས་རབས་བཅུ་བདུན་པའི་ནང་ལ།  བོད་ཀྱི་བཀའ་བརྒྱུད་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ཏུ་ཕེབས་ནས་འབྲུག་གི་ཆོས་སྲིད་གཉིས་ལྡན་གྱི་གཞུང་འཛུགས་སྐབས་ཀྱང་ཡུལ་སྐད་འདི་བེད་སྤྱོད་བཏང་ཡོད་པར་བཤད།  

         རྫོང་ཁ་ཞེས་པའི་ཡུལ་སྐད་འདི་ནི་དུས་དེ་ནས་བཟུང་སྤྱིར་བཏང་གི་ཡུལ་སྐད་ཅིག་ལས་གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཏུ་གྱུར་ཡོད།  གུ་ཤྲི་ཧན་གྱིས་གཙང་སྡེ་སྲིད་དྲག་འདུལ་བྱས་བྱས་ཏེ་དབུས་གཙང་གི་ཡུལ་ཁམས་རྒྱལ་དབང་ལྔ་བར་ཕུལ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བཙུགས་རྗེས།  འབྲུག་ཡུལ་ཡང་དེའི་དབང་འོག་ཏུ་འཇུག་རྩིས་ཀྱིས་དེ་ལ་དམག་དྲངས་ཀྱང་འབྲུག་དམག་གིས་བཟློག་ཐུབ་པར་གྱུར་སྐབས།  འབྲུག་གི་སྡེ་སྲིད་དང་པོ་བསྟན་འཛིན་འབྲུག་རྒྱལ་གྱིས་གཡུལ་ལས་རྒྱལ་བའི་གཏམ་བཤད་ཅིག་བྱས་པ་དེ་ཡུལ་སྐད་འདིའི་ནང་དུ་བཤད་པ་རེད་ཟེར།

           རྫོང་ཁ་ཞེས་པའི་ཡུལ་སྐད་འདི་ཡིག་ཐོག་ཏུ་འབྲི་བ་ཡང་དུས་སྔ་བོ་ནས་བྱུང་ཡོད་པ་འདྲ།  དུས་རབས་བཅོ་བརྒྱད་ནས་དམངས་ཁྲོད་ཀྱི་ཚིགས་བཅད་དེ་འདྲ་ཡིག་ཐོག་ཏུ་ཕབ་ཡོད་པ་དང་།  ཕྱིས་སུ་འབྲུག་ཡུལ་གྱི་མཁས་པའི་ཞལ་གསུང་དེ་འདྲ་ཡང་རྫོང་ཁའི་ཚིག་རིས་ཀྱི་ཡིག་ཐོག་ཏུ་བཀོད་ཡོད།  རྫོང་ཁའི་ཚིགས་བཅད་བོད་དོན་དང་འབྲེལ་བ་ཞིག་ཀྱང་ཡོད་དེ། ༡༩༠༥  ལོར་དབྱིན་དམག་གིས་ལྷ་ས་བར་དུ་དཔུང་འཇུག་བྱེད་སྐབས་དཔོན་སློབ་གོང་ས་ཨོ་རྒྱན་དབང་ཕྱུག་ཟེར་བ་ཞིག་དབྱིན་བོད་འདུམ་འགྲིག་བྱེད་པར་བསྐྱོད་ཡོད།  དེའི་གནས་ཚུལ་རྒྱ་མོའི་ཚེ་དབང་པད་སྒྲོན་ཟེར་བ་ཞིག་གིས་ཡུལ་སྐད་འདིའི་ཚིགས་བཅད་དུ་སྤེལ་བ་་”རྫོང་ཁའི་བློ་ཟེ། (རྫོང་ཁའི་སྙན་ཚིག་གི་གཞི་རྟེན་)” ཟེར་བའི་དཔེ་དེབ་དེའི་ནང་བཀོད་ཡོད།  

          རྫོང་ཁ་ཟེར་བའི་ཡུལ་སྐད་འདི་འབྲུག་ཡུལ་གྱི་གཞུང་དམངས་གཉིས་ཀར་ཁྱབ་གདལ་ཆེ་ན་ཡང་།  དེ་གཞུང་སྐད་ལ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་པ་ནི་ ༡༩༦༡ ལོར་ཡིན།  ལོ་དེར་འབྲུག་རྒྱལ་རབས་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་འབྲུག་ཡུལ་ལ་དེང་རབ༷ས་ཅན་ཡར་རྒྱས་ཡོང་ཆེད་”དེང་དུས་དང་མཐུན་པའི་ཡར་རྒྱས་གོང་འཕེལ་འཆར་གཞི་”ཞེས་པ་ཞིག་འགོ་བཙུགས་པ་དང་།  དེ་དུས་རྫོང་ཁ་ནི་འབྲུག་རྒྱལ་ཡོངས་ཀྱི་སྐད་ཡིག་ལ་ངོས་འཛིན་དང་ཁྱབ་བསྒྲགས་གནང་། 

         རང་ཚུགས་ཅན་གྱི་སྐད་ཡིག་ལ་བརྡ་སྤྲོད་དང་ཚིག་མཛོད་ནི་མེད་དུ་མི་རུང་བ་ཡིན་པ་ལྟར།  ༡༩༧༡ ལོར་དཔེ་མཛོད་མདོ་ཆེན་སློབ་དཔོན་པད་མ་ཚེ་དབང་ཟེར་བའི་མཁས་དབང་དེས”རྫོང་ཁའི་སྒྲ་བཤད་རབ་གསལ་སྐྱ་རེངས་དང་པོ།”ཟེར་བ་ཞིག་བརྩམས་པ་དེ་ནི་རྫོང་ཁ་རང་གི་སྐད་ལུགས་ལྟར་བསྒྲིགས་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་དང་པོ་ཡིན་ལ།  དེ་ནི་འབྲུག་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་ལ་ཁྱབ་སྤེལ་བྱས་ཡོད།  

         ༡༩༨༦ ལོར་འབྲུག་གཞུང་གིས་ “རྫོང་ཁ་གོང་འཕེལ་ལྷན་ཚོགས།”ཞེས་འབྲུག་ཡུལ་གྱི་སྐད་ཡིག་འཛིན་སྐྱོང་དང་ཡར་རྒྱས་སུ་གཏོང་བའི་དམིགས་བསལ་གྱི་ལས་ཁུངས་འདི་བཙུགས་པ་དང་།  ལས་ཁུངས་འདིས་རྫོང་ཁའི་བརྡ་སྤྲོད་དང་མིང་ཚིག་ཚད་ལྡན་དང་གཅིག་གྱུར་ཡོང་པའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ལས།  འདིར་ངོ་སྤྲོད་བྱེད་བཞིན་པའི་ “རྫོང་ཁའི་བརྡ་གཞུང་གསར་པ་”ཟེར་བའི་བརྡ་སྤྲོད་གཞུང་འདི་ཡང་གོང་དུ་ཞུས་པ་ལྟར་ལས་ཁུངས་འདིས་ ༡༩༩༠   ལོར་དཔེ་སྐྲུན་བྱས་ཡོད།  

རྫོང་ཁ་འི་སྐོར་མང་ཙམ་མཁྱེན་འདོད་ཡོད་པ་རྣམས་ཀྱིས་འབྲེལ་གཏུགས་གནང་རོགས། 

 


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།