ཁྱིམ་ལ་གནས་བཞིན་དུ་སངས་རྒྱ་བའི་ཆོས་གཞུང་གླེང་བ།

5066

 

རྩོམ་པ་པོ།   ར་སེ་དཀོན་རྒྱམ།

 

       ཁྱིམ་སྤང་ནས་རབ་ཏུ་བྱུང་བའི་སྡོམ་པའམ་གྲྭ་པ་འམ་བཙུན་མའི་སྡོམ་པ་བླངས་ཏེ། དེ་ཉིད་མིག་འབྲས་བཞིན་བསྲུང་བ་ལ་མ་བརྟེན་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་མེད་པར་འདོད་པ་ནི་རྒྱ་གར་གྱི་དགེ་སྦྱོང་ཆོས་ལུགས་ཀྱི་སྲོལ་ཡིན་ལ། ནང་པའི་སྟོན་པས་ཀྱང་ཐོག་མར་ལུགས་དེ་ལ་ཞུགས་ནས་སངས་རྒྱས་པའི་གོ་འཕང་ལ་བསྙེགས་པ་རེད།

       ཉན་ཐོས་ཀྱི་བསྟན་པའི་དགོངས་པ་ལ་བརྟགས་ན། རབ་ཏུ་བྱུང་བའི་ལུགས་གཙོ་བོར་བཤད་པ་ལྟ་བུ་ཡོད་པ་ནི་སྐབས་དེའི་ཡུལ་དུས་བསྟུན་པ་ཡིན་ཞིང་།  དོན་ལ་ཁྱིམ་ལ་གནས་བཞིན་དུ་སངས་རྒྱ་བའི་ཐབས་ཚུལ་ཟབ་མོ་གསལ་པོར་གསུངས་ཡོད་དེ། འདུལ་བ་ལས། རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱོད་ཅིང་།། དུལ་ཞིང་ཡང་དག་སྡོམ་ལྡན་ཚངས་པར་སྤྱོད།། འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི།། དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ།། ཞེས་གསུངས་ཡོད། རྒྱན་གྱིས་བརྒྱན་བཞིན་པ་ནི་ཁྱིམ་པའི་རྟགས་དང་རྒྱན་ཆ་མ་སྤངས་པར་ཉམས་ལེན་བྱས་ཏེ། དོན་གྱི་དགེ་སློང་ཡིན་ལུགས་བསྟན་འདུག 

        ཐེག་པ་ཆེན་པོ་ནི་ཁྱིམ་པ་ཕོ་མོ་རྣམས་ཁྱིམ་མ་སྤངས་པར་སངས་རྒྱས་བསྒྲུབ་པའི་ཐབས་སུ་གསུངས་པ་ཡིན་འདུག་ཏེ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཉེས་སྤྱོད་སྡོམ་པའང་ཁྱིམ་པ་ལ་བཅས་པ་འང་། ནམ་མཁའི་སྙིང་པོའི་མདོར་རྒྱལ་པོར་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ། དམངས་ལ་འབྱུང་ཉེ་བ་བརྒྱད་གསུངས་ཡོད། གལ་ཏེ་ཁྱིམ་ལ་གནས་བཞིན་དུ་སངས་རྒྱས་བསྒྲུབ་རྒྱུ་མེད་པ་ཡིན་ན། བྱང་སྡོམ་སྐབས་སུ་རབ་བྱུང་ལ་འབྱུང་ཉེ་བ། དགེ་ཚུལ་ལ་འབྱུང་ཉེ་བ། དགེ་སློང་ལ་འབྱུང་ཉེ་བ་ཞེས་འོངས་དགོས་པ་ལས། རྒྱལ་བློན་དམངས་ཀྱི་དབྱེ་བ་འདི་འདྲ་ག་ལ་འབྱུང་།

         ལྷག་པར་དུ་ཁྱིམ་པའི་རྟེན་ལ་ཉམས་སུ་བླངས་ན་སངས་རྒྱས་སྒྲུབ་ཐུབ་པར་སྟོན་པའི་ཐེག་ཆེན་གྱི་མདོ་ཡི་རྒྱལ་པོ་ནི་ལི་ཙཱ་བ་དྲི་མ་མེད་པ་གྲགས་པས་བསྟན་པའི་མདོ་ཡིན་ལ། དེའི་དགོངས་པ་ནི་ཁྱིམ་ལ་གནས་བཞིན་དུ་བུ་དང་ཆུང་མ་དང་བཅས་པའི་ངང་སངས་རྒྱས་མྱུར་དུ་འགྲུབ་པའི་ཐབས་ཟབ་མོ་གསུངས་པ་ཅིག་རེད། མདོ་དེ་ཡི་ཐབས་མཁས་ཀྱི་ལེའུ་ལས། གོས་དཀར་པོ་གྱོན་ལ་དགེ་སྦྱོང་གི་སྤྱོད་པས་ཕུན་སུམ་ཚོགས་པ། ཁྱིམ་གྱི་གནས་ན་གནས་ལ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང་མ་འདྲིས་པ། བུ་དང་ཆུང་མ་དང་སླས་རྣམས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ། གཡོག་དང་བྲན་གྱིས་ཡོངས་སུ་བསྐོར་བར་སྣང་ཡང་རབ་ཏུ་དབེན་པར་སྤྱོད་པ། རྒྱན་གྱིས་བརྒྱན་པར་སྣང་ཡང་རྟག་ཏུ་མཚན་དང་ལྡན་པ། ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ཁྱིམ་པ་བྱང་སེམས་ལ་ནི་ཉན་ཐོས་སྡོམ་ལྡན་གྱིས་ཆ་ཙམ་འགྲན་དུ་མེད་པར་བསྟན་པའི་མདོ་འདི་ཉིད་ཉི་ཧོང་དུ་དར་རྒྱས་ཧ་ཅང་ཆེ་ཞིང་། ཉི་ཧོང་དུ་རབ་བྱུང་བ་ཧ་ཅང་ཉུང་ཡང་ནང་ཆོས་ནི་ཁྱིམ་པ་ཚོས་མདོ་འདི་བཞིན་ཉམས་ལེན་གྱིས་རྒྱུན་འཛིན་གནང་ཡོད། བོད་དུ་མདོ་འདི་ཉིད་ཀྱི་དགོངས་པ་མ་དར་ཡང་། མདོ་འདི་ད་ལྟ་ཧྥ་རན་སིའི་སྐད་དུ་བསྒྱུར་ཟིན་ཡོད། 

       གསང་སྔགས་རྒྱུད་སྡེ་བཞི་དང་ལྷག་པར་དུ་བླ་མེད་ནི་ཁྱིམ་པ་དགེ་བསྙེན་པའི་རྟེན་ཅན་ཚོའི་ཉམས་ལེན་གྱི་ཆེད་དུ་གསུངས་པའི་ཆོས་ཁོ་ན་ཡིན་པ་ནི་བླ་མེད་རྒྱུད་སྡེའི་དགོངས་པ་ཡིན་ལ། རྒྱ་གར་གྱི་ཕྱི་ནང་གི་སྔགས་ཀྱི་ཆོས་འབྱུང་ཁག་ལས་ཤིན་ཏུ་གསལ་བར་བཤད་ཡོད་ཅིང་། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། གསོད་དང་རྐུ་དང་འདོད་ལོག་པ།། རྫུན་དང་ཆང་ནི་རྣམ་པར་སྤངས།། ཁྱིམ་པའི་སྡོམ་པ་ལ་གནས་ནས།། གསང་སྔགས་རྒྱལ་པོ་རབ་ཏུ་བསྒྲུབ།། ཅེས་གསུངས་ལ། བོད་དུ་ཡང་ཕྱི་དར་སྐབས་སུ་རེ་ཞིག་དར་རྒྱས་བྱུང་ནའང་། དུས་ཕྱིས་རབ་བྱུང་བའི་ཕྱོགས་ནས་ཚངས་སྤྱོད་མེད་ན་སངས་རྒྱ་ཐབས་མེད་པའི་འདུལ་བའི་རང་ལུགས་བསྲུང་སྐྱོབ་དང་། བུད་མེད་བསྟེན་པ་ནི་ཉེས་པ་ཆེ་བ་དང་། སྔགས་འཆལ་བ་ཡིན་ལུགས་ཀྱི་དགག་བྱ་མང་དུ་བྱས་པའི་རྐྱེན་གྱིས་རིམ་པས་ཉམ་རྒུད་དུ་ཕྱིན་པ་རེད། 

        སྐབས་འདིར་ཁྱིམ་པའི་རྟེན་ལ་སངས་རྒྱས་སྒྲུབ་པའི་ལམ་ལུགས་སམ། ནང་པའི་བཀའ་ལུང་གི་རིག་གཞུང་ཡོད་ཚུལ་གླེང་དགོས་དོན་ནི། ད་ལྟ་ཤར་ནུབ་མིའི་རིགས་མི་འདྲ་བའི་ཁྲོད་དུ་བོད་བརྒྱུད་ནང་པ་ཤུགས་ཆེར་དར་ལུགས་ནི་རབ་བྱུང་གི་སྡེ་བཙུགས་ནས་དར་བ་མ་ཡིན། དེ་ནི་ཁྱིམ་པ་དགེ་བསྙེན་གྱི་སྡེ་དང་། རྣལ་འབྱོར་བའམ་སྔགས་པའི་སྡེ་གང་སར་བཙུགས་པ་ལ་བརྟེན་ནས་བཤད་སྒྲུབ་ཅི་རིགས་སུ་དར་བ་འདི་ལྟ་བུ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་གཅིག་རེད། དེར་བརྟེན་བོད་ནང་གི་རབ་བྱུང་འགའ་སྡེ་དེ་དག་གི་བརྙན་པར་རིག་དུས་མི་དགའ་བའི་རྣམ་འགྱུར་མངོན་འོང་འདུག

       སྔོན་དུས་བོད་ལ་འབྲོམ་སྟོན་དང་ས་སྐྱ་གོང་མ། མར་པ་ལོ་ཙཱ་ཡབ་སྲས་སོགས་དགེ་བསྙེན་སྔགས་སྡེ་མང་པོ་ཚུགས་མྱོང་ཡང་དུས་ཕྱིས་ཉམ་དམད་འཕོག་ཡོད། ཉེ་རབས་རེབ་གོང་སྔགས་སྡེ། སོག་ཤོད་ཀ་འོག རྣམ་གླིང་ཟབ་བུ་སོགས་འགའ་ཤས་ཡོད་པའི་ཐོག ད་ལྟ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནང་དུ་མངའ་རིས། དབུས་གཙང་། ཁམས་སོགས་སུ་དམངས་ཁྲོད་དུ་དགེ་བསྙེན་ནམ་སྔགས་སྡེ་ཅི་རིགས་ཚུགས་འོང་འདུག་པ་ལ། སེར་མོའི་རིགས་འགས་རང་སྡེའི་ཁེ་ཕན་ལ་གནོད་དོགས་མཐོང་ཆུང་ཅི་རིགས་བྱེད་པ་དང་། རང་མཐོང་གིས་དེ་དག་གི་ཆོས་འཆད་པ་ལ་མི་ནག་ཆོས་བཤད་ཀྱི་ཞྭ་ནག་གནང་རྩིས་བྱེད་པའང་སྣང་བས། ནང་པའི་རིག་གཞུང་གི་དགོངས་པ་གསལ་བཤད་ཞུས་པ་ཡིན་ནོ།།

        རང་རེ་འདོད་ཁམས་པ་ཡིན་པ་གཞིར་བཞག་པའི་ནང་ཆོས་བྱེད་ལུགས་འདི་ཡང་ཡུལ་དུས་ལ་རན་པ་ཅིག་ཡིན་པ་ཁས་ལེན་དགོས་ལ། རབ་བྱུང་བ་ཚུལ་ལྡན་རྣམས་ཀྱི་ཁ་ཕོར་ལ་ནམ་ཡང་གནོད་མི་སྲིད་པས། དེ་དག་ལ་ཡིད་རངས་མཛད་དགོས་ལ། གྲྭ་པ་བཙུན་མ་དགོན་ནང་ལྐོག་ཏུ་རུལ་བཞིན་འདྲ་ཆགས་མདོག་བྱེད་པ་ལས་ཧ་ཅང་ལེགས་པས། སོར་སྡོམ་ཕུལ་ནས་དགེ་བསྙེན་ནམ་སྔགས་སྡེར་ཞུགས་ནའང་འཐུས་པ་ཡིན། དོན་འདི་ལས་དད་ལྡན་མང་ཚོགས་ཚོས་ཀྱང་སེར་མོ་བའམ་གྲྭ་བཙུན་མིན་ན་ནང་ཆོས་ངོ་མ་བྱེད་ཐབས་མེད་པར་འཛིན་པའང་རྨོངས་ཤེས་ཡིན་པ་ངོ་ཤེས་དགོས་ལ། དགེ་བསྙེན་དང་སྔགས་སྡེ་ཡང་ཉན་ཐོས་འདུལ་བའི་སྐབས་སུ་འཁོར་རྣམ་བཞིར་གཏོགས་ལ། འདི་ནི་ཐེག་ཆེན་དང་སྔགས་ཀྱི་འདུལ་བའི་ལུགས་དངོས་ཀྱང་ཡིན་འདུག་པས། དེ་དག་ལ་རྗེས་སུ་ཡིད་རངས་དང་། དེ་དག་གི་བཤད་སྒྲུབ་བྱ་བ་ལ་གུས་བཀུར་དང་རྒྱབ་སྐྱོར་བྱ་དགོས་པ་ཡིན་ཏེ། ནང་བསྟན་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་མང་ཚོགས་ལ་ཁ་ཕྱོགས་པ། ཛམ་གླིང་ལ་ཁ་ཕྱོགས་པ་ཞེས་པ་དེ་འདི་འདྲ་ལ་ཟེར་བ་ཡིན་ནོ།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།