ཏག་སེའི་ནང་གི་འཛམ་གླིང་ལོ་རྒྱུས།

5587

 

རྩོམ་པ་པོ།   རྩིས་ཆེ་ལེགས་མཐོང་། 

          དབྱིན་སྐད་དུ་playing cardརྒྱ་སྐད་དུ་ 纸牌བོད་སྐད་དུ་ཏག་སེ། ཤོག་བག ཡང་ན་ཤོག་ཤོ་ཟེར་བ་འདི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཐོག་མར་རྒྱ་ནག་ནས་བྱུང་བའི་ཚོད་དཔག་བྱེད། རྒྱ་ནག་ནས་ཡུ་རོབ་ལ་ནམ་དར་མིན་བརྗོད་དཀའ་ཡང་དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་ཟིན་ཡོད་པ་གསལ་པོར་གྱུར་ཡོད། དུས་རབས་བཅུ་བཞི་པའི་ནང་དུ་དར་ཁྱབ་ཤིན་ཏུ་ཆེ་བས། ཡུ་རོབ་ཀྱི་ལོ་རྒྱུས་དེབ་ཐེར་མང་པོའི་ནང་དུ་རྩེད་མོ་འདིའི་སྐོར་ལ་འཁོད་ཡོད་པ་དང་། ཕྱིས་སུ་བོད་ལ་དར་སྐབས་ཏག་སེ་ནི་འདྲེ་དང་བདུད་ཀྱི་ལྟས་དང་ཆོ་འཕྲུལ་ཡིན་པར་གུ་རུ་རིན་པོ་ཆེས་ལུང་བསྟན་ཡོད་པའི་གླེང་སློང་བྱུང་བ་བཞིན་ནུབ་ཕྱོགས་ལ་ཡང་ཆོས་ལུགས་མི་སྣས་དེ་འདྲ་གསུངས་ཡོད་སྐད་འདུག             

          ད་ལྟ་ཏག་སེ་ལ་དམར་ཐོ། ནག་ཐོ། མེ་ཏོག བཞི་ཁྲེ་བཅས་ཀྱི་བཟོ་བཀོད་ཡོད་ཅིང་། རྒྱལ་པོའི་ལམ་ལུགས་དང་སྦྱོར་སྲོལ་ཡོད་པ་འདི་ནི་ཧྥ་རན་སི་ལུང་པ་ནས་བྱུང་བ་ཞིག་དང་། དེ་ཡང་དུས་རབས་བཅུ་དྲུག་པའི་ནང་ཙམ་དུ་དར་བར་བཤད། ཏག་སེའི་ནང་དུ་ཡོད་པའི་རྒྱལ་པོ་བཞི་ལས། ནག་ཐོའི་རྒྱལ་པོ་ནི་རྗེའུ་ཤུའི་ཆོས་ལུགས་ཀྱི་ཡིག་ཆའི་ནང་དུ་འཁོད་པ་ཨི་ས་རིལ་གྱི་རྒྱལ་པོ་དང་པོ་David ཌེ་བིཌ་ཡིན་པ་དང་། དམར་ཐོའི་རྒྱལ་པོ་ནི(Alexander)ཨེ་ལེཀ་སེན་ཌེར་ཞེས་པ་རྒི་རི་སིའི་རྒྱལ་པོ་སྙན་གྲགས་ཅན་དེ་ཡིན་པར་བཤད། དེ་བཞིན་བཞི་ཁྲེའི་རྒྱལ་པོ་ནིCaesar)སེ་སེར་ཞེས་པ་གནའ་བོའི་རོམ་གྱི་དམག་དཔོན་སྙན་གྲགས་ཅན་དེ་ཡིན་པ་དང་། མེ་ཏོག་རྒྱལ་པོ་ནི་ཧྥ་རན་སིའི་རྒྱལ་པོ(Charlemagne)ཅར་ལེ་མག་ནེ་ཞེས་པ་ཡེ་ཤུའི་ལོ་རྒྱུས་ཐོག་གི་རྒྱལ་པོ་སྙན་གྲགས་ཆེ་ཤོས་གཉིས་པ་དེ་ཡིན་པར་ངོས་འཛིན་བྱེད་སྲོལ་ཡོད། ཕྱིས་སུ་ཧྥ་རན་སིའི་རྒྱལ་པོ་ཅར་ལེ་སི་བདུན་པས་རང་གི་མགོ་བོར་གྲི་བཙུག་ནས་བསད་པས་ད་ལྟ་ཏག་སེའི་ནང་གི་རྒྱལ་པོ་གཅིག་གི་མགོ་བོར་གྲི་འཛུག་བཞིན་པ་ཞིག་འབྲི་སྲོལ་ཡོད་པ་ནི་དེ་ནས་བྱུང་བར་བཤད།

             ཏག་སེའི་ནང་དུ་ཡོད་པའི་བློན་པོ་བཞི་ལས་གཅིག་ནི་གྷི་རི་སིའི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་དམག་དཔོན(Hector)ཧེཀ་ཊེར་ཞེས་པ་དེ་ཡིན་པ་སྟེ་ཁོང་གི་སྐོར་ལ་གློག་བརྙན་ཡང་ཡོད། གཅིག་ནི(La Hire)ལ་ཧིར་ཞེས་པ་དུས་རབས་བཅོ་ལྔ་པའི་ནང་དུ་ཧྥ་རན་སི་ནས་དབྱིན་ལན་ཌིའི་དམག་རྣམས་ཕྱིར་འབུད་གཏོང་མཁན་གྱི་དམག་དཔོན་སྙན་གྲགས་ཅན་ཞིག་རེད། གཞན་གཅིག་ནི་Ogier De Daneཞེས་པ་ཅར་ལེ་མག་ནེའི་དམག་དཔོན་ཞིག་ཡིན་པར་གྲགས་ཀྱང་ལོ་རྒྱུས་དངོས་ལ་ཡོད་མེད་ཀྱི་རྩོད་གཞིར་གྱུར་པ་ཞིག་གོ། ལྷག་མ(Judas Maccabaeus)ཞེས་པ་ནི་རྗེའུའི་མི་རིགས་ཀྱི་དམག་དཔོན་ཆེན་པོ་ཞིག་སྟེ། ཨ་ཤོ་ཀ་དང་དུས་མཉམ་ཙམ་དུ་བྱོན་པ་དང་། རྗེའུ་ཤིའི་ཆོས་ལུགས་པས་ཁོང་ལ་དད་མོས་ཆེ།

         བཙུན་མོ་བཞི་ཡི་ལོ་རྒྱུས་ནི་དེ་ཙམ་གསལ་པོ་མེད་པར་མངོན་ཞིང་། མཐའ་གཅིག་ཏུ་འདི་རེད་དང་འདི་མ་རེད་ཅེས་བཤད་འོས་པ་ཞིག་ཀྱང་མིན་ལས་ཆེ། གང་ལྟར་ཡོངས་གྲགས་ལྟར་ན་གཅིག་ནི་Pallasཞེས་པ་དམག་གི་ལྷ་མོ་ཞིག་དང་། གཅིག་ནི་Rachelཞེས་པ་རྗེའུ་ཤིའི་གསུང་རབ་ནང་གི་དམ་པJosephཀྱི་མ་ཡུམ་ཡིན་པ་དང་། གཅིག་ནི་Argineཞེས་པ་ལོ་རྒྱུས་གསལ་བོ་མེད་པའི་བཙུན་མོ་ཞིག་དང་། གཅིག་ནི་Judithཞེས་པ་གནའ་བོའི་རྗེའུ་ཤིའི་གསུང་རབ་ནང་དུ་འཁོད་པའི་བཙུན་མོ་སྙན་གྲགས་ཅན་ཞིག་གོ། ཕྱིས་སུ་དམར་ཐོའི་བཙུན་མོ་ནི་དབྱིན་ལན་ཌིའི་རྒྱལ་པོ་Henryབརྒྱད་པར་འབོད་པ་དེའི་བཙུན་མོ་Elizabethཞེས་པ་དེ་ཡིན་པའི་ཤོད་སྲོལ་ཡང་ཡོད།

          ཏག་སེ་དེ་དག་གི་གོ་རིམ་དང་ནུས་པ་ལ་ཡང་འཕོ་འགྱུར་གང་འཚམས་ཐེབས་པ་ལས་ཐོག་མར་རྒྱལ་པོའི་རིང་ལུགས་དར་ཆེ་བའི་སྐབས་སུ་ཏག་སེ་ཡོངས་ཀྱི་ནང་ནས་ནུས་པ་ཆེ་ཤོས་རྒྱལ་པོ་ཡིན་ན་ཡང་། དུས་རབས་བཅོ་ལྔ་པའི་ཡས་མས་སུ་དམངས་ཁྲོད་དུ་ཏག་སེ་དང་པོའམ་ཨེར་ཀ་ཞེས་པ་དེ་མཐོ་ཤོས་སུ་ངོས་འཛིན་པའི་ལུགས་སྲོལ་བྱུང་། དེར་བརྟེན་དུས་རབས་བཅོ་བརྒྱད་པའི་ནང་དུ་ཧྥ་རན་སི་ལ་མི་སེར་རྒྱལ་ཁབ་ཀྱི་རིང་ལུགས་དར་ནས་རྒྱལ་པོའི་སྲིད་གཞུང་གི་མགོ་རྟིང་བསློགས་པ་ན་དམངས་ཁྲོད་ཀྱི་ལུགས་སྲོལ་དེ་ཉིད་སྔར་ལས་ལྷག་པའི་རྩལ་འདོན་བྱས་པ་ལ་བརྟེན་ནས་ད་ལྟ་ཏག་སེ་རྩེ་བའི་ལུགས་སྲོལ་ཕལ་མོ་ཆེར་མཐོ་ཤོས་ནི་རྒྱལ་པོ་མ་ཡིན་པར་ཨེར་ཀ་ཞེས་པའམ་དང་པོ་དེ་ཡིན་པར་བརྩི་སྲོལ་ཡོད།

         ཨེར་ཀ་འདིའི་ངོས་ལ་རི་མོ་མ་འདྲ་བ་ཞིག་ཡོད་པ་ནི་སྔར་དབྱིན་ལན་ཌིའི་རྒྱལ་པོ་James དང་པོའི་སྐབས་སུ་ཁྲལ་མ་བཏབ་པ་ལ་ཏག་སེ་པར་སྐྲུན་བྱེད་མི་ཆོག་པས་ཏག་སེའི་ནང་གི་གཙོ་བོ་ཨེར་ཀ་ལ་རི་མོ་དེ་འདྲ་ཡོད་ན་དེ་ནི་ཁྲལ་བཏབ་ཟིན་པས་ཁྲིམས་མཐུན་ཡིན་པར་སྟོན་པའི་དོན་རེད། ཕྱིས་སུ་Joker རམ་鬼牌ཞེས་འབོད་པ་གད་མོ་སློང་མཁན་ལྟ་བུ་གཉིས་བཅུག་པ་ནི་ཨ་རིའི་ལུང་པས་བཟོས་པ་ཞིག་ཡིན་པར་བཤད། ད་ལྟ་ཏག་སེ་ལ་གྲངས་ཀ་ལྔ་བཅུ་ང་བཞི་ཡོད་པ་ནི་གཙོ་བོ་དབྱིན་ལན་ཌི་ནས་དར་བ་དང་། ཏག་སེ་དེ་དག་གི་ཨང་གྲངས་སོགས་མགོ་མཇུག་གང་ནས་བལྟས་ཀྱང་འགྲིག་པ་ནི་སྔར་མི་འགའ་ཞིག་གིས་ཏག་སེའི་མགོ་མཇུག་སློག་ཚུལ་གྱིས་ཏག་སེ་གང་ཡིན་ཚོད་དཔག་གང་འཚམས་བྱེད་ཐུབ་ཀྱི་ཡོད་པས་དེ་བྱེད་མི་ཐུབ་པའི་དོན་དུ་བཟོས་པར་བཤད།

         འདི་ནི་ཏག་སེའམ་ཤོག་བག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཡིན་པ་ལ། འདི་ཀློག་པ་ལ་བརྟེན་ནས་ཁྱེད་ཀྱིས་ཡུན་རིང་པོར་མཐོང་ཐོས་མྱོང་བའི་ཏག་སེ་ཟེར་བ་དེ་ཅི་འདྲ་ཡིན་ཤེས་ཐུབ་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བར་ཤེས་བྱ་ལ་ནི་མཐའ་དང་ཚད་མེད་ཅིང་། ང་ཚོས་ནམ་རྒྱུན་སོ་སོས་ཤེས་ཡོད་དྲན་ན་ཡང་དོན་དུ་མ་ཤེས་པ་གྲངས་མེད་པ་ཞིག་ཡོད་པ་ཡང་ཤེས་ཐུབ། མ་ཟད་འདི་ཚོའི་རིགས་ལ་མི་ལོ་ཆེན་དང་། ཆོས་ལུགས་མི་སྣ་རྣམས་ཀྱིས་དེ་ཙམ་དགའ་བོ་བྱེད་སྲོལ་མེད་ཀྱང་། དོན་དངོས་སུ་ཚོད་འཛིན་མ་ནུས་པར་ཐལ་དྲགས་ན་ནི་འཇིག་རྟེན་གྱི་དངོས་པོ་གཞན་ལྟ་ཞོག་ཟས་དང་གོས་ཀྱིས་ཀྱང་གནོད་པ་མང་བ་དང་།ཚོད་འཛིན་ཐུབ་ན་ནི་གང་ལ་ཡང་ལེགས་ཆ་རེ་ཡོད་པས། མིའི་རིགས་ལ་མཚམས་རེ་སེམས་གཡེང་བྱེད་དང་། སྤྲོ་བ་སྤེལ་བྱེད།ལྷན་འཛོམས་བཅུག་བྱེད་ཀྱི་རྩེད་མོའི་རིགས་འདི་ཚོ་ལ་ཡང་དགེ་མཚན་གང་འཚམས་ཤིག་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད།

       ད་དུང་བསམ་ན་དངོས་པོ་ཆུང་ཆུང་འདི་ལྟ་བུས་ཀྱང་ང་ཚོའི་འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་རྣམས་ལོ་རྒྱུས་དང་།རིག་གཞུང་། སེམས་ཁམས་བཅས་ཕྱོགས་གང་ཐད་ནས་སྦྲེལ་ནས་ཡོད་པས། ཡང་སྙིང་ང་ཚོའི་འཛམ་གླིང་འདི་ནི་ཕྱོགས་གཅིག་ནས་འཇིག་རྟེན་ཆུང་ཆུང་མ་ཞིག་དང་། ཕྱོགས་གཞན་ནས་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པའི་ངེས་ཤེས་སྐྱེ་བ་ལ་ཡང་ཕན་སྲིད་སྙམ། གཙོ་བོ་ནི་གང་ཡིན་ཀྱང་སོ་སོའི་ལྟ་ཚུལ་ལ་རག་ལས་པའོ། །

6–5-2017

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།