《ཤེས་རིག་སྨྲ་བའི་བསྡུས་དོན》བཀླགས་པའི་ཟིན་ཐོ།

382

 
རྩོམ་པ་པོ།   བཀྲ་ཤིས་དཔལ་ལྡན།

         ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རིགས་གཞུང་གསར་པའི་དཔེ་ཚོགས་ནང་འཛམ་གླིང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གྲགས་རྩོམ་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་ནས་གངས་ཅན་པར་ངོ་སྤྲོད་བྱས་ཡོད་ཅིང་། དེ་དག་ལས་《ཤེས་རིག་སྨྲ་བའི་བསྡུས་དོན》(文明论概略)ཞེས་པ་དེ་ནི་རང་རེས་ཀློག་རིན་ཆེན་པོ་ལྡན་པའི་དམིགས་བསལ་གྱི་གྲགས་རྩོམ་ཞིག་ལགས། ཤེས་རིག་སྨྲ་བའི་བསྡུས་དོན་ནི་དུས་རབས་བཅུ་དགུ་པར་བྱོན་པའི་འཇར་པན་གྱི་མཁས་དབང་བསམ་བློ་སྨྲ་བ་ཧྥོའུ་ཁོའུ་ཛ་ཝ་ཡོའུ་ཁིས་ཆིས་ཀྱིས་མཛད་པ་དང་ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་རྒྱ་ཡིག་ནས་བརྒྱུད་སྒྱུར་མཛད་པ་ཞིག་ལགས། ཡིག་སྒྱུར་ནི་འཛམ་གླིང་གི་ཤེས་རིག་སྤེལ་རེས་དང་ལོང་བའི་མིག་བུ་འབྱེད་པའི་གསེར་ཐུར་ཞིག་ལགས་ཤིང་། སྒྱུར་སྤུས་དག་པའི་གྲགས་རྩོམ་དེ་འདྲ་ཞིག་བོད་ཡིག་ཏུ་བསྒྱུར་བ་ལ་བརྟེན་ནས་ད་གཟོད་བདག་གིས་ཆ་ཚང་མཇལ་བའི་སྐལ་བ་ཐོབ་པ་དང་། མཇལ་བའི་ཚེ་རང་ཉིད་དང་བཅས་པའི་རང་རིགས་ཀྱི་ཀློག་པ་པོ་ཚོས་སྔ་ཙམ་མཇལ་མ་ཐུབ་པར་ཕངས་སྣང་འཆར་བས་ལྟ་ཀློག་གི་བརྒྱུད་རིམ་ནང་དཔེ་དེབ་ཀྱི་ཤོག་དབར་དུ་འདི་ལྟ་བུའི་གཞུང་ལུགས་སྔར་བོད་མིས་མ་ཐོས་ལ་ད་ཡང་ལྟ་མཁན་དཀོན་པས་ཕངས་པ་ལ་ཨང་ཞེས་སྨྲེ་སྔགས་འབྲི་བར་ཐལ། 

         གསུང་རྩོམ་འདི་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློ་གོང་འཕེལ་འགྲོ་ཚུལ་སྐོར་ལ་ཞིབ་དཔྱད་བྱས་པའི་གཞུང་ལུགས་ཤིག་དང་། འཇར་པན་བས་ནུབ་ཕྱོགས་ཀྱི་ཤེས་རིག་དང་ལེན་བྱེད་ཕྱོགས་སྐོར་ལ་རྒྱས་བཤད་གནད་སྨིན་བྱས་པ་ཞིག་ལགས་པས་རང་རེ་བོད་པར་མཚོན་ནའང་ཕྱི་རོལ་གྱི་ཤེས་རིག་སྤྱི་དང་། ལྷག་དོན་དུ་སྔོན་ཐོན་ཤེས་རིག་དང་ལེན་དང་བླངས་དོར་བྱེད་ཕྱོགས་སྐོར་ལ་བློ་འབྱེད་དང་དཔྱད་གཞིའི་རིན་ཐང་བླ་ལྷག་ཏུ་ཆེ་བས་བདག་གིས་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་རྟགས་བཀོད་པའི་ནང་དོན་ཁག་ཅིག་ཀློག་པ་པོ་རྣམས་དང་མཉམ་རོལ་བྱེད་པར་འདོད།

         ཤེས་རིག་སྨྲ་བའི་བསྡུས་དོན་དེ་གྲོས་གླེང་གི་ཚད་གཞི་གཏན་འབེབས་དང་། ནུབ་གླིང་ཤེས་རིག་དམིགས་ཡུལ་དུ་བྱེད་པ། ཤེས་རིག་གི་གོ་དོན་བཤད་པ། རྒྱལ་ཁབ་གཅིག་གི་མི་དམངས་ཀྱི་བློ་གྲོས་དང་ཀུན་སྤྱོད་བཤད་པ། བློ་གྲོས་དང་ཀུན་སྤྱོད་ཀྱི་ཁྱད་པར་བཤད་པ། བློ་གྲོས་དང་ཀུན་སྤྱོད་ཀྱི་ཡུལ་དུས་ཀྱི་རང་བཞིན་བཤད་པ། ནུབ་གླིང་ཤེས་རིག་གི་འབྱུང་ཁུངས། འཇར་པན་ཤེས་རིག་གི་འབྱུང་ཁུངས་སོགས་ལེའུ་བཅུའི་བདག་ཉིད་ཅན་ཡིན། དེ་དག་ལས་ལེའུ་ལ་ལ་རང་རེ་དང་འབྲེལ་བ་དེ་ཙམ་མི་ཆེ་བས་བཏང་སྙོམས་སུ་བཞག་ཐོག ཤེས་རིག་གི་སྤྱི་དོན་དང་། བློ་འབྱེད་ཀྱི་དོན་སྙིང་ཆེ་བའི་དགོངས་པ་གསར་པ་དང་། བློ་ནང་དུ་བཀུག་ནས་མནོ་བསམ་ཡང་ཡང་གཏོང་དགོས་པའི་རྒྱས་བཤད། ཤེས་རིག་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་ཐབས་ཐད་ཀྱི་ལེགས་བཤད་སོགས་ཁག་ཅིག་འདིར་དྲངས་ཡོད་པས་དགྱེས་གཟིགས་འཚལ། 

       གྲོས་གླེང་གི་ཚད་གཞིའི་སྐོར་གྱི་ལེའུའི་ནང་བསྟན་དོན། མཁྲེགས་འཛིན་མཁན་དག་ནམ་རྒྱུན་ནུབ་གླིང་གི་མིར་སྡང་མིག་ལྟ་ཞིང་། མཁས་པའི་ཁྲོད་ཅུང་ཟད་ལྟ་རྒྱ་ལྡན་པའི་ཤེས་ཡོན་ཅན་དག་ནུབ་གླིང་བའི་སྤྱོད་སྟངས་ལའང་མི་མོས་ཤིང་། ནུབ་གླིང་བར་སྡང་བའི་སེམས་ཁམས་མཁྲེགས་འཛིན་མཁན་དང་ཁྱད་པར་མེད་ཅེས་བཤད་ཆོག གལ་ཏེ་འདིའི་ཕྱོགས་རྐྱང་རྐྱང་ནས་བཤད་ན་དེ་གཉིས་ཀྱི་ལྟ་ཚུལ་ཧ་ལམ་མཐུན་ན་ཡང་། ཞེ་སྡང་བའི་རྒྱུ་མཚན་གླེང་ཚེ། མཁྲེགས་འཛིན་མཁན་གྱིས་ཕྱི་གླིང་བ་ནི་རིགས་གཞན་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཡིན་མིན་ཕན་གནོད་མི་དཔྱད་པར་མཐའ་གཅིག་ཏུ་ཞེ་སྡང་བ་ཡིན་ལ། ཕྱི་མ་ནི་ལྟ་རྒྱ་མཐོང་རྒྱ་ཅུང་ཆེ་སྟབས། གཞི་མེད་པར་སྡང་བ་མ་ཡིན་ཏེ། ཁོ་ཚོས་ནི་ཕན་ཚུན་འགྲོ་འོང་གི་སྐབས་ཕལ་ཆེར་དེ་འདྲའི་གནས་ཚུལ་ངན་པ་འབྱུང་བར་གཞིགས་ཤིང་། རང་ཉིད་ཤེས་རིག་གི་དཔལ་དང་ལྡན་པའི་མིར་རློམ་པའི་ནུབ་གླིང་བས་འཇར་པན་གྱི་མིར་འདྲ་མཉམ་དུ་མི་ལྟ་བའི་ཚུལ་ལ་ཞེ་སྡང་བ་ཡིན།

         ཆོས་ཐམས་ཅད་ཀྱི་གྲོས་གླེང་གང་ཡིན་གྱིས་མི་རེ་རེའི་བསམ་འཆར་མཚོན་གྱིན་ཡོད་ཀྱང་ཐམས་ཅད་གཅིག་ཡིན་མི་སྲིད། མཐོང་རྒྱ་ཆེ་བའི་གྲོས་གླེང་གི་ཆུ་ཚད་ཀྱང་མཐོ་བ་དང་། མཐོང་རྒྱ་གུ་དོག་པོའི་གྲོས་གླེང་གི་ཆུ་ཚད་ཀྱང་དམའ་བ་སྟེ། མཐོང་རྒྱ་ཆུང་བའི་མིས་ནི་གྲོས་གླེང་གི་གཞིར་མ་ཐུག་གོང་ནས་ཕ་རོལ་པའི་འདོད་པ་སུན་འབྱིན་པར་བྱེད་པར་བསམ་ཞིང་། དེ་ལྟར་བྱས་པས་རང་ཤུགས་ཀྱིས་འགལ་བ་ལྟག་སྤྲོད་ཀྱི་ལྟ་ཚུལ་ཕྱོགས་གཉིས་འབྱུང་། རྒྱལ་ཁབ་དང་མི་རིགས་གང་ཡིན་ཀྱང་རུང་། དུས་རབས་གང་ཡིན་ཀྱང་ཆོག སྤྱི་ཚོགས་སྟེང་ཆེས་བླུན་པོ་དང་ཆེས་བློ་གྲོས་རྩེར་སོན་པ་ཤིན་ཏུ་ཉུང་ཞིང་། ཕལ་མོ་ཆེ་ནི་དེ་གཉིས་ཀྱི་བར་ན་གནས་ཡོད། གནའ་ནས་ད་བར་ཤེས་རིག་ཐམས་ཆད་གོང་འཕེལ་དུ་སོང་བ་ནི། དང་ཐོག་ལོག་བཤད་མཐར་ལྟུང་གི་ཕྱོགས་ལ་བརྟེན་ནས་མ་བྱུང་བ་མེད། བཤད་ཚུལ་མི་མཐུན་པའི་རྩོད་པ་མུ་མཐུད་དུ་རྒྱུན་བསྐྱངས་པས། སྤྱི་ཚོགས་སྟེང་མི་མང་པོ་ཞིག་ལ་ཧ་ལམ་དཔྱོད་ལྡན་དག་གི་སྐུལ་མ་ཐེབས་ནས་ངང་ངམ་ཤུགས་ཀྱིས་ཁོ་ཚོའི་ལྟ་ཚུལ་གྱི་རྗེས་སུ་ཞུགས་པར་གྱུར། དེ་ལྟ་བས་ན་སྔོན་མཐར་ལྟུང་ལོག་བཤད་དུ་འབོད་པ་ད་ལྟའི་སྤྱི་བཤད་དང་། ཁ་སང་མ་རངས་པའི་གཏམ་དེ་རིང་རྒྱུན་བཤད་དུ་གྱུར་ཟིན།

           ནུབ་གླིང་ཤེས་རིག་དམིགས་ཡུལ་དུ་བྱེད་པའི་ལེའུའི་ནང་བསྟན་དོན། གནས་ལུགས་ཅུང་ཤེས་པའི་མིས་གནས་ཚུལ་གསལ་དུ་རྟོགས་པས་རང་གི་རྒྱལ་ཁབ་ནུབ་གླིང་བ་ལས་དམན་པར་འདོད་ཅིང་། དེ་ལ་སེམས་ཁྲལ་གྱི་ཤུགས་ཀྱང་ཇེ་ཆེར་བྱེད། ཤེས་རིག་དར་རྒྱས་ཕྱེད་དར་དང་ཀླ་ཀློ་ཞེས་པ་ནི་འཛམ་གླིང་སྤྱི་ལ་གྲགས་འདུག་ཅིང་། ཚང་མས་ཁས་ཀྱང་ལེན། འོ་ན་ཅི་ཞིག་ལ་དེ་ལྟར་དུ་ཁས་ལེན་པར་གྱུར་ཏམ་ཞེ་ན། མི་རྣམས་ཀྱིས་དོན་དངོས་གསལ་པོ་དང་སྒྱུར་བྱེད་ཡང་དག་མཐོང་ཟིན་པས་རེད། དེང་རབས་ཀྱི་ཤེས་རིག་ཞེས་པ་ནི་སྤྱི་ཚོགས་སྟེང་གི་ཆོས་ཐམས་ཅད་ཚད་གཞི་ངེས་ཅན་ཞིག་ཏུ་བསྡུས་ཟིན་ལ། ཡིན་ཀྱང་ཚད་གཞི་དེའི་ནང་མི་རྣམས་ཀྱིས་རང་ཉིད་ཀྱི་རྩལ་གང་ཡོད་རང་མོས་ཀྱིས་འདོན་ཆོག ལུགས་སྲོལ་རྙིང་པའི་རྒྱ་ལས་ཐར་ཅིང་། རང་གི་ལས་དབང་རང་གིས་ཐག་གཅོད་པ་ལས་གཞན་གྱི་ནུས་སྟོབས་ལ་བརྟེན་མི་དགོས། ལྷག་བསམ་ཆེར་བསྐྱེད་ཀྱིས་ལུས་སེམས་ཤིན་སྦྱངས་ལ་འབད་པ་དང་། འདས་ཟིན་པའི་དོན་ལ་འཁྲེང་སྨོན་མི་བྱེད་ལ། དུས་བབ་ཀྱི་གནས་ཚུལ་གྱིས་ཚིམ་པའང་མེད། མིག་སྔའི་འཚོ་བ་སྐྱིད་པོ་ཙམ་ལ་ཆོག་ཤེས་མི་བསྟེན་པར་མ་འོངས་པའི་དོན་འགྲུབ་པར་སྙེག་བརྩོན་བྱེད། མདུན་སྐྱོད་ལས་ཕྱིར་བཤོལ་མི་བྱེད་ལ། དམིགས་ཡུལ་འགྲུབ་ཟིན་ཀྱང་མཚམས་མི་འཇོག ཉེར་སྤྱད་ལ་ཕན་པའི་སློབ་སྦྱོང་བྱས་ཏེ་གསར་གཏོད་ཀྱི་རྨང་གཞི་འཇོག བཟོ་ཚོང་ལས་ཉིན་བཞིན་གོང་འཕེལ་ཆེ་ལ་བདེ་སྐྱིད་ཀྱི་སྒོ་མོ་འབྱེད། མིའི་བློ་རྩལ་གྱིས་ཧ་ལམ་སྐབས་འཕྲལ་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་འབྱུང་འགྱུར་ལ་བསམ་གཞིགས་ཐུབ། སྤྱིར་བཏང་ནུབ་གླིང་གི་རྒྱལ་ཁབ་རྣམས་ཤེས་རིག་དར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ད་ལྟ་ངེས་ལེགས་ཀྱི་གནས་སུ་སླེབས་ཟིན་པར་འདོད་མི་རུང་། ཤེས་རིག་གོང་འཕེལ་ལ་ནི་ཐུག་མཐའ་མེད་པས། མིག་སྔའི་ནུབ་གླིང་ཤེས་རིག་ལ་ཡིད་ཚིམ་མི་རུང་།

           དེ་ལྟར་ནུབ་གླིང་ཤེས་རིག་ལ་ཡིད་ཚིམ་མི་འོས་ན། ང་ཚོས་ཀྱང་ནུབ་གླིང་གི་ཤེས་རིག་དོར་ནས་དེ་མིག་དཔེར་མི་བྱེད་དམ། གལ་ཏེ་དེ་ལྟར་ཡིན་ཚེ་ང་ཚོས་ཇི་ལྟར་བྱས་ན་བཟང་ངམ། ཤེས་རིག་ཕྱེད་དར་གི་ཚད་ལ་ཡིད་ཚིམ་མི་རུང་ལ། ཀླ་ཀློའི་གནས་སུ་ཕྱིར་ཆས་ན་དེ་བས་ཀྱང་མི་འོས་པ་ཞིག་གོ གང་ལྟར་ཀྱང་རྗེས་ལུས་ཀྱི་རྣམ་པ་དེ་གཉིས་ལས་ཐར་བར་བསམ་ན་ངེས་པར་ལམ་ཕུང་སུམ་པ་ཞིག་འཚོལ་དགོས། ཤེས་རིག་ལ་ཕྱིའི་དངོས་པོ་དང་ནང་གི་བསམ་པ་སྟེ་ཕྱོགས་གཉིས་ཡོད་ལ། ཕྱིར་གནས་པའི་ཤེས་རིག་བསུ་སླ་ཡང་ནང་གི་ཤེས་རིག་དེ་འདྲ་སླ་པོ་མ་ཡིན། ཆས་ཀ་དེ་དག་མིས་བསྐྲུན་ཐུབ་ཅིང་གསེར་དངུལ་གྱིས་ཉོ་ཡང་ཐུབ་པས་དཀའ་མོ་ཞིག་མིན་ལ། དེ་འདྲའི་ཤེས་རིག་ཚུར་བསུ་བ་ཇི་ལྟར་སྔ་གཞུག་དང་མྱུར་བུལ་ལ་མ་གཞིགས་ན་ཆོག་གམ། ངེས་པར་རྒྱལ་ཁབ་རང་ཉིད་ཀྱི་ཡུལ་གཤིས་གོམས་སྲོལ་དང་དབུལ་ཕྱུག་དྲག་ཞན་སོགས་ལ་འདང་ཞིབ་རྒྱག་དགོས་སོ། ཤེས་རིག་གི་བསམ་བློ་ཟེར་ན་ནི་མི་དམངས་ཀྱི་གོམས་སྲོལ་ཡིན་ནོ། དེ་འདྲའི་གོམས་སྲོལ་བཙོང་མི་ཐུབ་ལ་ཉོ་ཡང་མི་ཐུབ། དེ་བས་མིས་གློ་བུར་དུ་བསྐྲུན་ནུས་ཤིག་ཀྱང་ག་ལ་ཡིན། དེ་ནི་རྒྱལ་འབངས་ཀྱི་ཁྲོད་ན་ཁྱབ་ཅིང་ཆོས་སྣ་ཚོགས་ཀྱི་སྟེང་ན་གནས་ཡོད་ཀྱང་། དེའི་རྣམ་དབྱིབས་མཐོང་མི་ནུས་ལ་ཤེས་རྟོགས་ཀྱང་འབྱུང་ཆེས་དཀའོ། ཤེས་རིག་གི་བསམ་བློ་ལ་རྒྱལ་ཁབ་ཅིག་གི་ཡུལ་སྲོལ་གོམས་གཤིས་ཞེས་བཤད་ནའང་མི་རུང་བ་མེད། ཐོག་མར་ངེས་པར་དུ་ཤེས་རིག་གི་བསམ་བློ་ལྡན་དགོས་པ་ལས་ཤེས་རིག་གི་ཕྱིའི་རྣམ་པ་ཙམ་ལད་མོ་བྱས་པ་འབའ་ཞིག་གིས་མི་ཆོག་ཅིང་། ནང་གི་བསམ་བློ་ཡང་ཕྱིའི་རྣམ་པར་མཐུན་དགོས་ཞེས་པའི་དོན་ནོ།།

        གནའ་བོའི་དུས་རབས་བར་མའི་དམག་མིས་མངའ་བསྒྱུར་བའི་དུས་རིམ་གྱིས་སྔར་གྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་གཏོར་ནས་བཀུར་འོས་བླ་མེད་ཡིན་ན་སྟོབས་ལྡན་མཐར་ཐུག་ཡིན་པའི་ཁྱབ་པ་མེད་ལ། སྟོབས་ལྡན་ཡིན་ན་བཀུར་འོས་བླ་མེད་ཡིན་པའི་ངེས་པ་མེད་པའི་གནས་ཚུལ་བྱུང་། རྒྱལ་པོ་ནི་བཀུར་གནས་བླ་མེད་དང་སྟོབས་ལྡན་མཐར་ཐུག་ཏུ་འདོད་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་དང་གཏན་ནས་མི་འདྲ། བསམ་བློ་ཕུན་སུམ་ཚོགས་ཤིང་འདང་རྒྱག་ཆེ་ན་རྨོངས་དད་ངང་གིས་སེལ་འགྲོ། 

          རྒྱལ་ཁབ་ཀྱི་ལམ་ལུགས་ཞེས་པ་དེ་ཅི་ཞིག་ལ་ཟེར་ཞེ་ན། དེ་ནི་མི་རིགས་གཅིག་གི་མི་དམངས་རྣམས་ཕྱོགས་གཅིག་ཏུ་འཛོམས་ནས་བདེ་སྡུག་མཉམ་དུ་མྱོང་བས། ཕྱི་རྒྱལ་བ་དང་ཕན་ཚུན་ཁྱད་པར་གྱུར་པ་དང་། རྒྱལ་ཁང་རང་ཉིད་ཀྱི་མི་ཕན་ཚུན་གྱིས་སེམས་ཁུར་ཕྱི་རྒྱལ་བར་བལྟས་ན་གཏིང་ཟབ་པ་དང་། ཕན་ཚུན་རོགས་རམ་ཡང་ཕྱི་རྒྱལ་བར་བལྟས་ན་གང་ཐུབ་བྱེད་ལ། སྲིད་གཞུང་གཅིག་གི་འོག་ཏུ་རང་གི་ལས་དབང་རང་གིས་ཐག་གཅོད་ཅིང་། ཕྱིའི་རྒྱལ་ཁབ་ཀྱི་ཐེ་གཏོགས་ལ་རག་མ་ལས་པར་བྱ་བ་ཐམས་ཅད་རང་ཉིད་ཀྱིས་ཆུ་ཐོག་སྐྱེལ་ཐུབ་ཅིང་རང་བཙན་རང་བདག་ཐུབ་པ་ཞིག་ཡིན། ཡང་མི་ཁག་ཅིག་གིས་རྒྱལ་པོ་ནི་གནམ་གྱིས་བསྐོས་པར་བཤད་པ་དང་། ལྷས་དབང་བསྐུར་བར་བཤད་པ་སོགས་ཁུངས་མེད་མདོ་མེད་ཀྱི་གཏམ་གཞི་བྱས་ནས་རིམ་གྱིས་ལྷ་དབང་སྲིད་གཞུང་ཟེར་བ་དེ་བྱུང་བ་རེད། དེ་ནི་སྲིད་གཞུང་ལ་ངེས་ལྡན་གྱི་དབང་ཐང་ངོ་མའི་དོན་སྙིང་དྲུངས་ནས་བརྗེད་ཅིང་། དབང་ཐང་བཅོས་མའི་ཁུངས་ལུང་མེད་པའི་སྤྱོད་ཚུལ་ལ་མགོ་འཐོམས་པ་རེད་ཅེས་བཤད་ཆོག མི་དམངས་རྣམས་དབང་དུ་བསྡུ་ན་ངེས་པར་གནས་ལུགས་འབའ་ཞིག་གཞི་བྱས་ཏེ་ཁྲིམས་སྲོལ་གཏན་ལ་ཕབ་ཅིང་། དེ་ནས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་དབང་ཐང་ལ་བརྟེན་ནས་ཁོ་ཚོར་བརྩི་བསྲུང་བྱེད་དུ་འཇུག་དགོས། འཛམ་གླིང་སྟེང་གི་རྒྱལ་ཁབ་གང་གི་འབངས་མི་ཡིན་ཀྱང་སྲོལ་རྙིང་ལ་མགོ་འཐོམས་པ་ཞིག་ཡིན་ཚེ། ངེས་པར་དུ་ཁོ་ཚོའི་ལོ་རྒྱུས་ཇི་ལྟར་རིང་ཚུལ་སོགས་ལ་འུད་བསྟོད་བྱེད་པར་བརྒྱུད་རིམ་འོས་ཤིང་། ལོ་རྒྱུས་ཇི་ཙམ་རིང་བ་དེ་ཙམ་རྩིས་མཐོང་ཡང་ཆེ་ལ་དེ་ལྟ་བུའི་མཚན་གཞིའང་མང་མོད། འོན་ཏེ་འཇིག་རྟེན་སྟེང་གི་ཆོས་གང་ཡིན་ཀྱང་ཡུན་རིང་དང་རྙིང་པ་ཡིན་པ་ཙམ་གྱིས་དེ་ལ་རིན་ཐང་ཆེ་བའི་ངེས་པ་ག་ལ་ཡོད།

        ཤེས་རིག་གོ་དོན་བཤད་པའི་ལེའུའི་ནང་བསྟན་དོན། ཤེས་རིག་གི་གོ་དོན་སྒྲ་དོག་འཇུག་གི་དབང་དུ་བཏང་ནས་བཤད་ན། མིའི་ཤུགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོའི་དངོས་ཆས་ཇེ་མང་ངམ་ཟས་གོས་གནས་མལ་གྱི་ཕྱིའི་རྣམ་པ་ཇེ་མཛེས་སུ་གཏོང་བ་ཙམ་ལ་ཟེར། གལ་ཏེ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། ཟས་གོས་གནས་མལ་གྱི་ལོངས་སྤྱོད་ལ་རོལ་བ་ཙམ་གྱིས་མི་ཆོག་པར་མ་ཟད། ལུས་སེམས་ཤིན་སྦྱངས་ལ་འབད་དེ་འགྲོ་བ་མི་བླ་ན་འཕགས་པའི་གནས་ཤིག་ཏུ་ཕྱོགས་པར་བྱེད་པ་ཞིག་གོ། དེ་ཡང་ཤེས་རིག་ཅེས་པ་ནི་ཀླ་ཀློའི་རྣམ་པ་ལས་ཐར་ཏེ་རིམ་གྱིས་མདུན་དུ་བསྐྱོད་པའི་ཆོས་ཤིག་ཡིན། ཤེས་རིག་ནི་མི་རྣམས་ཀྱི་ལུགས་བདེ་ཞིང་ཀུན་སྤྱོད་བཟང་པོའམ་ཡང་ན་ཟས་གོས་ཀྱི་འབྱོར་པ་ཆེ་ཞིང་སྤྱོད་པ་ལེགས་པོ་ཞིག་ལ་ཟེར། མདོར་ན་ཤེས་རིག་ཟེར་བ་ནི་འགྲོ་བ་མིའི་རིགས་ཀྱི་བློ་གྲོས་དང་ཀུན་སྤྱོད་གོང་འཕེལ་དུ་སོང་བ་ཞིག་ལ་བཤད་རུང་ངོ་།   

            ཡེ་ཤུའི་ཆོས་ལུགས་བགྲང་བྱ་དུ་མའི་རིང་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིམ་གྱིས་མི་རྣམས་ཀྱི་དད་ཡུལ་དུ་གྱུར། སྐབས་དེ་དག་ཏུ་རང་ཤུགས་ཀྱིས་དབང་ཆ་རིགས་གཅིག་ཐོབ་པར་བརྟེན་མི་དམངས་ཀྱི་བསམ་བློར་དབང་བསྒྱུར། དེ་འདྲའི་གནས་ཚུལ་ནི་ངོ་མ་གཏུམ་སྤྱོད་སྲིད་གཞུང་གྱིས་སྒེར་གཅོད་ཀྱི་ལག་ཐབས་བཀོལ་ནས་མི་དམངས་ལ་གཉའ་གནོན་བགྱིད་པ་དང་ཆེས་མཚུངས། ཡིན་ནའང་ཆོས་ལུགས་གསར་མ་དར་བའི་རྒྱུ་མཚན་གང་ཟེར་ན། དེས་ནི་ཆོས་ལུགས་ཀྱི་ཆོ་ག་སྟབས་བདེར་གཏོང་ཞིང་སྔོན་གྱི་ཚུལ་མིན་གྱི་བཤད་པ་དོར་ནས་གནས་བབ་ཀྱི་མི་རྣམས་ཀྱི་སེམས་དང་བསྟུན་པ་གཞིར་བྱས་ཤེས་ཡོན་གོང་འཕེལ་གྱི་རེ་འདུན་དང་མཐུན་པར་གྱུར་པས་ཡིན་ནོ། མདོར་ན་ཆོས་ལུགས་རྙིང་མ་ནི་རྙོག་འཛིང་ཆེ་ལ་རྨོངས་ཤེད་མཐུག་པ་དང་། ཆོས་ལུགས་གསར་མ་ནི་སྟབས་བདེ་ལ་བབ་དང་བསྟུན་པས། དེ་གཉིས་ཀྱི་ཁྱད་པར་ཡང་མཐར་གཏུགས་ན་འདིར་ཐུག་སྟབས། འདི་ནི་གནའ་དེང་གི་མིའི་བསམ་བློ་མི་མཐུན་པའི་མཚོན་རྟགས་རེད་ཅེ་ན་མི་རུང་བ་མེད་དོ། ཆོས་ལུགས་ཀྱི་དོན་ལ་སེམས་ཁྲལ་ཆེར་མི་དགོས་ཏེ། དཔྱོད་ལྡན་ཚོས་སྟོབས་ཤུགས་ཕུད་པ་དང་། སྲིད་གཞུང་གིས་དབང་ཆ་ཇི་ལྟར་བཀོལ་ནའང་བཅོས་ཐབས་མེད་པས། ཐབས་མཆོག་ནི་རང་ཤུགས་ཀྱི་གོང་འཕེལ་ལྟར་བྱས་ན་ལེགས། དེ་ལྟ་བས་ན། གཞུང་མང་བརྩམས་ཏེ་ཆོས་ལུགས་ཀྱི་བཟང་ངན་བཤད་འདོད་པའམ། ཡང་ན་རྩ་ཁྲིམས་གཏན་འབེབས་བྱས་ནས་དེར་བདག་དམ་བྱེད་འདོད་མཁན་གྱི་མི་ནི་གནམ་འོག་གི་བླུན་པོ་མཐར་ཐུག་རེད་ཅེ་ན་འོས་སོ།།

            མདོར་ན། ཀུན་སྤྱོད་ནི་རང་ཉིད་ཀྱི་སྤྱོད་སྟངས་ཙམ་སྟེ། དེའི་ཕན་ནུས་ཁྱབ་པའི་ཁོངས་ཀྱང་གུ་དོག་ལ། བློ་གྲོས་ནི་ཁྱབ་གདལ་མྱུར་ཞིང་ཁྱབ་ཁོངས་ཀྱང་ཧ་ཅང་ཆེ། ཀུན་སྤྱོད་ཚད་ལྡན་གྱི་མགོ་བཟུང་ཉིད་ནས་བརྟན་ཆགས་སུ་གྱུར་ཅིང་སླར་གོང་དུ་འཕེལ་མི་ནུས། འོན་ཏེ་བློ་གྲོས་ཀྱི་ནུས་པ་ཉིན་རེ་བཞིན་གོང་འཕེལ་འགྲོ་ངེས་པ་དང་། ཀུན་སྤྱོད་ནི་མངོན་གྱུར་གྱི་ཐབས་ལ་བརྟེན་ནས་མི་རྣམས་ལ་བསླབ་བྱ་གཏོང་མི་ཐུབ། ཀུན་སྤྱོད་ལེགས་མིན་ནི་རང་ཉིད་ཀྱི་འབད་བརྩོན་ལ་ཐུག་འདུག བློ་གྲོས་ནི་དེ་ལས་ལྡོག་སྟེ་ཚོད་ལྟ་སྣ་ཚོགས་ཀྱི་ཐབས་ལ་བརྟེན་ནས་མིའི་བློ་རིག་གསལ་མིན་དབྱེ་བ་འབྱེད་ཆོག ཀུན་སྤྱོད་ལ་གློ་བུར་བའི་འགྱུར་བ་ཆེ་ཞིང་། བློ་གྲོས་ནི་ཁོང་དུ་ཆུད་ཕྱིན་སླད་ཉམས་འགྲིབ་ཡོད་མི་སྲིད། སྤྱོད་ཡོན་ངེས་པར་ཕན་ཚུན་བརྟེན་ན་ད་གཟོད་ནུས་པ་འདོན་ཐུབ། 

            ཀུན་སྤྱོད་ཀྱིས་གཡོར་ས་བགྱིས་ནས་གནམ་འོག་གི་མིའི་སེམས་བསླུ་སྲིད་པ་དང་། ཐ་ན་ཀུན་སྤྱོད་ཀྱི་སློབ་གསོའི་ཁྲོད་དུ་གྲུབ་མཐའ་ཕྱེས་ཏེ་འཛམ་གླིང་གི་ཆོས་ལུགས་ཀྱི་དབང་ཆ་སྒེར་འཛིན་བྱེད་པ་མ་ཟད། བློ་གྲོས་ཀྱི་མངའ་ཁོངས་ལ་བཙན་རྒོལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཁྱད་དུ་འཕགས་པའི་ལས་འགན་ཀུན་སྤྱོད་ཀྱི་སློབ་གསོ་གཅིག་པུའི་ཕྱོགས་སུ་སྡུད་པར་འདོད་པ་དང་། དེ་འདྲའི་འཆིང་རྒྱས་མི་རྣམས་ཀྱི་བསམ་བློ་བཅིངས་ནས་རང་དབང་ལ་བཀག་འགོག་བྱས་ཏེ་མི་རྣམས་ནུས་མེད་རྨོངས་པའི་ཡུལ་དུ་གྱུར་ཅིང་། ཤེས་རིག་ངོ་མ་ལྗིད་ཀྱིས་གསོད་པ་ནི་ཁོ་བོས་དགག་རྒོལ་བྱེད་ཡུལ་གཙོ་བོ་ཡིན། ལྷའི་བྱམས་བརྩེ་ཆེ་ནའང་། གྱོན་གོས་རི་ནས་མི་སྐྱེ་ལ། ཟ་མའང་གནམ་ནས་ལྷུང་བ་ཞིག་ག་ལ་ཡིན། བློ་གྲོས་དང་ཀུན་སྤྱོད་ཀྱི་ཡུལ་དུས་རང་བཞིན་སྐོར་བཤད་པའི་ལེའུའི་ནང་བསྟན་དོན། གལ་ཏེ་དུས་དང་ཡུལ་ལ་བྲལ་ན་ཆོས་གང་ཞིག་ཡིན་ཀྱང་ཚང་མ་ཕན་ཞེ་ན་ཆོག་ལ། མི་ཕན་ཞེ་ནའང་མི་རུང་བ་མེད།

         ཆོས་ལུགས་ནི་འགྲོ་བ་མིའི་སེམས་གདུལ་བྱེད་ཀྱི་ཆོས་ཤིག་ཡིན་པས། སྤྱིར་ངེས་པར་དུ་ཆེས་རང་དབང་ཆེས་རང་བཙན་དང་གཞན་གྱིས་ཚོད་འཛིན་མི་ཐེབས་ལ་གཞན་གྱི་སྟོབས་ཤུགས་ལའང་རག་ལས་མི་དགོས་པར་རང་སྐྱར་གནས་པ་ཞིག་ཡིན། གནའ་ནས་ད་ལྟའི་བར་འཇར་པན་གྱི་ཤེས་རིག་གི་ཆ་ཤས་སུ་གྱུར་པའི་ཆོས་ལུགས་ལ་སངས་རྒྱས་ཆོས་ལུགས་འབའ་ཞིག་ལས་མེད། འོན་ཀྱང་སངས་རྒྱས་ཆོས་ལུགས་ནི་གདོད་མ་ནས་དབང་སྒྱུར་མཁན་གྱི་ཕྱོགས་སུ་ལངས་པ་མ་ཟད་ཁོའི་ཚོའི་སྟོབས་ཤུགས་ལ་བརྟེན་པ་ཞིག་རེད།

         ཡོ་རོབ་གླིང་དུ་གནའ་བོའི་དུས་རབས་བར་མའི་མུན་ནག་གི་སྐབས་ནས་བཀས་བཀོད་རྒྱུད་འཛིན་དུས་རབས་ཀྱི་བར་རིག་གནས་ཀྱི་ཁེ་དབང་ཐམས་ཅད་རབ་བྱུང་བས་བཟུང་ཞིང་། དེ་ནས་དུས་རབས་བཅུ་བདུན་པར་སླེབས་རྗེས་སྤྱི་ཚོགས་སྟེང་ད་གཟོད་རིག་གཞུང་ཞེས་པ་བྱུང་བ་རེད(བོད་དུ་རབ་བྱུང་བས་བཟུང་བས་མ་ཚད། དམངས་ཁྲོད་དུ་སྤེལ་འདོད་པའི་རྣམ་པ་ཙམ་ཡང་མཐོང་རྒྱུ་མེད)། གློ་བུར་མཁས་པ་ཚོས་བཙུགས་པའི་སློབ་གྲཱ་འདྲ་བྱུང་ཡང་སློབ་མ་ཚང་མ་སྐུ་དྲག་གི་རིགས་ལས་མ་འདས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ཡང་དབང་སྒྱུར་མཁན་གྱི་འདོད་བློ་དང་བསྟུན་ཏེ་ཁྱད་དམིགས་ཀྱིས་མི་དམངས་བྲན་དུ་སྡུད་ཐབས་ཀྱི་བཀོད་པ་འཁྲིད་ཀྱིན་མཆིས།

          ང་ཚོས་ལོ་ངོ་བརྒྱ་ཕྲག་སྔོན་གྱི་དོན་རྐྱེན་མང་པོར་ཕྱིར་མིག་ལྟ་བའི་ཚེ་དེ་དག་བློ་གྲོས་ཉམ་ཆུང་ཞིང་སྤྱོད་པ་རྩིང་ལ། དགོད་བྲོ་ཞིང་སྙིང་རྗེ་བའི་གནས་སུ་འདུག་པ་ཚོར་བ་ན། ད་གཟོད་ད་ལྟའི་ཤེས་རིག་དང་རིག་གཞུང་གོང་དུ་ཆས་པ་བདེན་དཔང་བྱེད་ནུས་སོ། འཇར་པན་ལ་མཚོན་ན། གནའ་སྔ་མོ་ནས་བཟུང་སྲིད་གཞུང་དང་རྒྱལ་འབངས་བར་གྱི་འབྲེལ་བ་ནི་དཔོན་གཡོག་གི་འབྲེལ་བ་ཡིན་པ་མ་ཟད། དགྲ་ཟླའི་འབྲེལ་བའང་ཡིན་ཞེས་བཤད་ན་ཆོག གནའ་ནས་བཟུང་ལག་སྟོང་གིས་གཞི་བཟུང་ནས་ཕྱུག་གྲགས་ཅན་དུ་གྱུར་པ་ནི་མཁས་པ་དང་སྐྱེས་བུ་དམ་པ་ཚོ་མིན་ཏེ། དེའི་ནང་གི་བརྒྱ་ཆ་གོ་དགུ་ནི་རྩལ་ཅི་ཡང་མི་སློབ་པའི་རྩིང་མི་རེད་ལ། ཁོ་ཚོས་ངོ་ཚ་ངོ་ཚར་མི་འདོད་ཅིང་བཟོད་མི་ནུས་པའང་བསྲན་ཞིང་དུས་རྒྱུན་སེར་སྣ་ཁོ་ནར་བསྟེན་ཏེ་མཐར་རྒྱུ་འབྱོར་གསོག་ཐུབ་པར་གྱུར། ཤེས་རིག་ལ་དེ་ལྟར་སྔོན་ཐོན་དང་རྗེས་ལུས་ཀྱི་རྣམ་པ་གཞན་ཡོད་ན། སྔོན་ཐོན་ཅན་གྱིས་རྗེས་ལུས་ལ་འགོག་གནོན་བྱེད་ཅིང་། རྗེས་སུ་ལུས་པ་དག་གིས་ནི་སྔོན་ཐོན་ཅན་གྱི་འགོག་གནོན་མྱོང་བར་བྱེད། གོང་གསལ་དེ་དག་ནི་ཤེས་རིག་སྨྲ་བའི་བསྡུས་དོན་ལྟ་ཀློག་བྱེད་པའི་ནང་སྐབས་བབ་ཟིན་བྲིས་སུ་བཀོད་པ་དག་འདིར་བཤུས་པ་ལགས་ཤིང་། གལ་ཏེ་གསུང་རྩོམ་དངོས་ལ་མཇལ་ན་ཁྱེད་རང་ལ་བློ་སྐྱེད་དེབ་བས་ཆེ་བ་ཡོང་རྒྱུ་ནི་གོར་མ་ཆགས་པས་གསུང་རྩོམ་དངོས་ལྟ་ཀློག་གནང་རྒྱུར་ཞབས་སྐུལ་ཞུའོ།།

༢༠༡༧ལོའི་ཟླ་༤ཚེས་༢༢ཉིན།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།