ཏ་ཟིག་སྐོར་གྱི་རྩོམ་ཡག་པོ་ཞིག

426

 

ཏ་ཞིག

 

རྩོམ་པ་པོ།   གཅན་བཟོད་པ།    

 

        སྤྱིར་ཐ་སྙད་འདི་ལའང་བྲུ་ཤ་ནང་བཞིན་འབྲི་ཚུལ་མང་ཡང༌། བདག་གིས་ཏ་ཞིག་ཅེས་ཏུན་ཧུང་ངམ་ཡོང་གྲགས་ཏུན་ཧོང་ནས་ཐོན་པའི་བོད་ཀྱིདཀྱི་ལོ་རྒྱུས་ཡིག་རིགས་ལས་ཏ་ཞིག་ཅེས་འབྱུང་བས་འདིར་ཡང་དེ་ལྟར་དུ་བཀོད་པ་ཡིན། ཏ་ཞིག་ཅེས་པ་ནི་གནའ་སྔ་མོའི་དུས་ཀྱི་ཨི་རན་གྱི་ཚོ་ཁག་ཅིག་གི་མིང་ཡིན་ལ། དུས་རབས་བདུན་པའི་སྐབས་སུ་ཨི་སི་ལན་ཆོས་ལུགས་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལ་དར་རྗེས། ཨེ་ཤ་ཡ་དང་ཨ་ཧྥི་རི་ཀ ཡོ་རོབ་གསུམ་ཡུག་གཅིག་ཏུ་འབྲེལ་བའི་ཨ་རབ་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་བཙུགས་ཤིང་ལོ་རྒྱུས་སྟེང་ཡོངས་གྲགས་ཏ་ཟིག་བཙན་པོའི་རྒྱལ་ཁབ་ཅེས་གྲགས་པའི་ཡུལ་དེ་ཡིན་ལ། ར་ཞིག་དང་ཏ་ཞིག ཏ་ཟིག ཏཱ་ཟིག ཏཱ་སིག པར་ཟིག པར་སིལ།(པར་སིལ་ཞེས་པ་འདི་ནི་ཏ་ཞིག་གམ་སྟག་གཟིག་ཞེས་པ་དེ་ཨེ་ཡིན་ནམ་སྙམ་སྟེ། གོང་གི་ཡིག་ཆ་དེར་ཏ་ཞིག་དང་པར་སིལ་ཞེས་མི་འདྲ་བར་འབྱུང་བས་བརྟག་དགོས།) སྟག་གཟིག པར་པར་སིག་སིག སོག་པོ་པར་སིག་སོགས་གཅིག་ཏུ་མ་ངེས་ཀྱང་དོན་ནི་སྟག་གཟིག་སྟེ་དེང་གི་Iran ཟེར་བ་དེ་ཡིན་ལ། མིང་འདི་ནི་སྟག་གཟིག་གམ་ཏ་ཟིག་རང་གི་སྐད་Ta-zig ཡང་ན་azi, Taziks, Tajiཞེས་པ་སྒྲ་བསྒྱུར་བྱས་པས་བོད་སྐད་དུ་སྒྲ་འདྲ་མིན་བྱུང་བར་ངེས།

        དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མ་ཡིག་P.T.1283ཡིག་ཕྲེང་༨༣པའི་ངོ་བཤུས་བཀོད་པ་སྨྱ་གནའ་རབས་བོད་ཀྱི་ཡིག་ཆ་གཅེས་བསྡུས། ཡ་ཞེས་པར། ‘‘དུ་རྒྱུས་དང་ཏ་ཞིག་དང་འཐབོ། །’’ཞེས་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བཞེངས་པའི(འཕྱོངས་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་།)ལས། ‘‘དབུ་རྨོག་བཙན་པོས་ཡར་ནི་ར་ཞིག་གི་ས་མཚམས་མན་ཆད།’’(བོད་དམག་ཏ་ཟིག་གམ་ཨ་རབ་ཡུལ་དུ་སླེབས་པའི་སྐོར་ལ་(བོད་ཀྱི་སྲིད་དོན་རྒྱལ་རབས་)སྟོད་ཆ་ཤོག་ངོས་༡༩༡ པར། ‘‘ལོ་ཤས་ཀྱི་རྗེས་སུ་ཨ་རབ་ཀྱི་ཀ་ལིབ་(ཀ་ལིབ། ཨ་རབ་སྐད་ཀྱི་རྐྱArab Caliaphs)སྒྲ་བསྒྱུར་ཡིན་ཅིང་། གོ་དོན་ནི་བརྒྱུད་འཛིན་པ་དང་སྐུ་ཚབ་ཅེས་པའི་དོན་ཡིན། ཀྲུང་གོ་དབྱི་སི་ལན་ཆོས་ཁང་གི་སློབ་མ་ཚོ་ལ་ཡང་ཀ་ལིབ་ཅེས་འབོད་སྲོལ་ཡོད།) ཧ་ཧོན། ཨལ་ར་ཤིག་ནས་བོད་ཀྱི་སྟོབས་ཤུགས་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་པ་རྟོགས་ཏེ། བོད་དམག་འགོག་ཐབས་སུ་རྒྱ་ནག་དང་མཉམ་དུ་དྲག་པོའི་མཐུན་ཕྱོགས་ཤིག་བཟོས་འདུག’’ ཅེས་George N. Roerich ཡིས་བརྩམས་པའིTrails to inmost Asiaཤོག་ངོས་༡༠༠ པ་ནས་ལུང་འདྲེན་བྱས་འདུག་པ་དང་། ར་ཞིག་ཞེས་པ་སྟག་གཟིག་དང་ཨ་རབ་ལ་གོ་བའང་ཡིག་ཆ་དེ་རང་དུ་‘‘བོད་ཀྱི་ནུབ་རྒྱུད་ས་མཚམས་ཡར་ནི་ར་ཞིག་ཅེས་པ་གོང་གསལ་ཨ་ལིབ་ཧ་ཧོན།ཨལ་ར་ཞིག་གི་ས་མཚམས་དང་’’ཞེས་འཕྱོངས་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་ཡི་གེ་ལ་གསལ་འགྲེལ་ལྟ་བུ་བྱས་འདུག་པ་འདིས་ནི། ཨ་རབ་དང་སྟག་གཟིག་སྟེ་ར་ཞིག་གམ་ཏ་ཟིག་གཅིག་ཏུ་བསྟན་ཡོད་པ་ཡིན་ནོ། །)སོགས་མང་པོ་འབྱུང་བ་མ་ཟད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སྟག་གཟིག་དང་རྒྱུན་རིང་འཐབ་པའི་ལོ་རྒྱུས་(བོད་དམག་ཨ་རབ་ཡུལ་དུ་སླེབས་པའི་སྐོར་)ནི་སྨྱ་བོད་ཀྱི་སྲིད་དོན་རྒྱལ་རབས་ཡ་སྟོད་ཆ་ཤོག་ངོས་༡༩༡ པ་ལས། ‘‘བོད་པའི་དྲག་ཤུགས་ཁག་ཅིག་ནུབ་ཕྱོགས་སྤ་མིར་ངོས་ལ་ཕྱིན་ནས། ཨ་རབ་ཡུལ་གྱི་ཨོག་སོ་གཙང་པོ་ཡང་ཕར་བརྒལ་ཞིང་། བོད་དམག་འབྱོར་བའི་རྟགས་སུ་ཨོག་སོ་གཙང་པོའི་བྱང་ངོས་ཨ་རབ་པའི་སྐད་དུ་ཨལ་ཏུ་སྦག་(བོད་ཀྱི་མཚོ་ཆུང)ཅེས་མིང་ཐོགས་པའི་མཚོ་ཞིག་ཡོད།’’ ཅེས་Hitti, Philip K., History of the Arabs,p.208-209་ལས་ལུང་འདྲེན་བྱས་འདུག་པ་དང་། སློབ་དཔོན་དམ་པ་གར་ཤ་པ་དངོས་གྲུབ་ཀྱིས་ཀྱང་། ‘‘དེང་སང་ཨེ་རན་(Iran)ནང་དུ་ཨ་ལི་པ་ཏོ་སྟེ་བོད་པའི་མཚོ་ཆུང་ཆུང་ཟེར་བ་ཞིག་ཡོད།’’ ཅེས་གསུངས་པ་གོང་དང་སྒྲ་ཅུང་མི་འདྲ་བ་ལས་དོན་གཅིག་ཡིན།)བོད་རྒྱ་ཡིག་རིགས་མང་པོར་གསལ་བས། ཐ་སྙད་འདི་ཡང་སྐབས་དེ་དུས་སམ་བོད་རྒྱལ་སྲོང་བཙན་སྐབས་ནས་བོད་ཀྱི་ཡིག་ཐོག་ཏུ་ཡང་ཡོད་པར་སྙམ་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འགར་སྟོང་བཙན་རྒྱའི་གོང་མ་ཐང་ཐའི་ཙུང་གི་སྲས་མོ་སློང་བར་འགྲོ་སྐབས་རྒྱའི་ཕོ་བྲང་གི་རི་མོ་བ་ཡན་ལི་པིན་གྱིས་(ཕྱི་ལོ་༦༤༠ལོར་)བྲིས་པའི་བློན་ཆེན་འགར་གྱི་གཟུགས་རིས་(ད་ལྟ་པེ་ཅིན་གོང་མའི་ཕོ་བྲང་དུ་ཉར་ཚགས་བྱས་ཡོད་སྐད།)ལས་ ‘‘ལྭ་བའི་སྟེང་མཛེས་སྡུག་གི་ས་ཧྲན་(Sassanian)གྱི་རི་མོ་དང་བྱེའུ་དང་སྲོག་ཆགས་གཞན་དག་གིས་ཀྱང་རྒྱན་ཡོད་པའི་ཁྱད་ཆོས་མངོན་གསལ་ཅན་དེས་བོད་མིའི་རྒྱན་གོས་ལ་ཏ་ཟིག་པའི་ཆ་བྱད་ཀྱི་ཆ་མཚུངས་ཁྱད་ཆོས་ལྡན་ཡོད’’༡ པ་ཤེས་ཐུབ་པས་སྲོང་བཙན་སྐབས་ནས་ཏ་ཟིག་སྟེ་(Taziks)དེང་གི་ཨི་རན་(Iran)དང་བོད་བར་འབྲེལ་བ་དམ་ཟམ་ཡོད་པ་རྟོགས་ཐུབ་བོ། །

         མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཀྱང་‘‘རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་སྟག་གཟིག་དེ་ནི་གོས་དཀར་སྟག་གཟིག་ཡིན་པ་དང་’’༢ ཞེས་གསུངས། ‘‘སྟག་གཟིག་གི་རིགས་རྒྱུད་ནང་ཀུའུ་ལིད་དུ་གྲགས་པའི་རིགས་ཤིག་ཡོད་པ་དེའི་རྒྱལ་པོ་རིམ་བྱུང་ལ་གོས་དཀར་སྟག་གཟིག་ཏུ་གྲགས། རྗེས་སུ་གོས་ནག་སྟག་གཟིག་ཅེས་པར་བསྒྱུར།’’༣ ཞེས་པ་གཉིས་ལས་གོས་དཀར་ནག་གཉིས་ཀྱི་བྱུང་བ་ཅུང་མི་འདྲ་ཡང་། གོས་དཀར་སྟག་གཟིག་ཟེར་བ་དེ་སྲོང་བཙན་སྐབས་ནས་ཡོད་པ་དང་གོས་ནག་སྟག་གཟིག་ཟེར་བ་དེ་དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་སྟག་གཟིག་ཤར་ནུབ་ཏུ་གྱུར་རྗེས་བྱུང་བར་ཡིག་ཆ་རྣམས་ཞལ་མཐུན་པ་དང་། བོད་རྒྱལ་ཁྲི་སྲོང་དང་དམག་འཐབ་རྒྱུན་རིང་བྱས་པའང་གོས་ནག་སྟག་གཟིག་འདི་ཡིན་སྙམ་མོ། །

         ཡང་ཡིག་ཆ་ལ་ལར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སྟག་གཟིག་ལ། ཏ་ཟིག་ནོར་གྱི་རྒྱལ་པོ་ཟེར་སྲོལ་ཡོད་པ། སྐབས་དེར་‘‘བྱང་གེ་སར་དམག་གི་རྒྱལ་པོ་ཧ་ར་བྱ་བས། འཛམ་བུ་གླིང་ཐམས་ཅད་བོད་ཀྱི་རྒྱལ་པོས་མངའ་འོག་ཏུ་བསྡུས་ནས་གེ་སར་གྱི་ཡུལ་འཇོམས་སུ་འོང་བ་འདུག་ཅེས་ཐོས་ནས།’’ ཞེས་པ་ནས་‘‘ཤར་དུ་རྒྱ་ནག་རྩིས་ཀྱི་རྒྱལ་པོ། ལྷོར་རྒྱ་གར་ཆོས་ཀྱི་རྒྱལ་པོ། ནུབ་ཏུ་ཏ་ཟིག་ནོར་གྱི་རྒྱལ་པོ། བྱང་དུ་གེ་སར་དམག་གི་རྒྱལ་པོ་དང་བཞི་འཛམ་བུའི་གླིང་ན་དབང་ཆེ་བ་ལ།’’༤ ཞེས་ཟེར་བ་བཞིན་གླིང་སྒྲུང་ནང་གི་སྨྱསྟག་གཟིག་ནོར་རྫོང་ཡཡང་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་སྟག་གཟིག་ལ་དམག་འཐབ་ཡུན་རིང་བྱས་པའི་ལོ་རྒྱུས་སྒྲུང་དུ་བྲིས་པ་ཞིག་ཡིན་པར་གསུང་མཁན་༥ ཡང་ཡོད་པས་དཔྱད་པར་འཚལ།

         གོང་དུ་དབྱིན་ཡིག་གི་Ta-zig དང་Tazi,Taziksལྟ་བུའི་སྒྲ་གདངས་དང་དེའི་ཡི་གེ་མཐོང་དུས་ཨུ་རུ་སུའི་མངའ་འོག་ནས་(༡༩༩༢ལོར་)རང་བཙན་ནམ་རང་སྐྱོང་ཐོབ་པའི་དེང་གི་བོད་ཀྱི་ནུབ་བྱང་སྟོད་ཀྱི་མཐའ་མཚམས་སུ་གནས་བའི་རྒྱལ་ཁབ་ Tajikistan or Tadzhikistan ཞེས་པ་རང་ཤུགས་ཀྱིས་དྲན་པ་དང་དོགས་པ་ཞིག་ཀྱང་རང་ཤུགས་ཀྱིས་སླེབས་འོངས། རྒྱལ་ཁབ་འདི་ལའང་མིང་འབྲི་སྟངས་འདྲ་མིན་སྣང་བ་དཔེར་ན། Tajikistan, Tadzhikistan, Tazhik, Tajiks, Tadschikistan, ta jik hi ཞེས་མངས་ལ། ཁོང་ཚོའི་སྐད་ཀྱང་ཨི་རན་པ་དང་ཧ་ཅང་འདྲ་བོ་ཡོད་པ་རེད། word book, T. Volume 19་པར། ‘‘500’s B.C.These Persians became the ancestors of the Tajiks.’’ (The world Book Encyclopedia,1995 U.S.A.) P.43 ཞེས་སྐབས་དེར་ཕར་ཞི་ཡ་ནི་ཏ་རྗེཀ་སི་ཐན་གྱི་མེས་པོར་གྱུར་ཚུལ་སོགས་དབྱིན་ཡིག་གི་ཡིག་ཆ་གང་མང་དུ་གསལ་བས། སྟག་གཟིག་གི་སྐད་དོད་ཏ་ཟིག་(Taziks)དང་ར་ཤི་ཡ་ལས་རང་བཙན་ཐོབ་པའི་ཏ་རྗེཀ་སི་ཐན་(Tajikistan)གཉིས་ལའང་དཔྱད་ཞིབ་ཅིག་གནང་དགོས་ཡོད་དམ་བདག་སྙམ་མོ། །

 

དཔྱད་གཞིའི་ཡིག་ཆ་ཁག

༡། བོད་ལྗོངས་ཞིབ་འཇུག ཤོག་ངོས་༣༡ པར་གསལ། ༡༩༨༢ ལོའི་འདོན་ཐེངས་གསུམ་པ།

༢། དུང་དཀར་ཚིག་མཛོད་ སྟོད་ཆའི་ཤོག་ངོས་༩༥༣ པར་གསལ།

༣། བོད་ལྗོངས་ཞིབ་འཇུག ཤོག་ངོས་༩༣ པར་གསལ། ༡༩༨༢ ལོའི་འདོན་ཐེངས་གསུམ་པ།་

༤། བོད་ཀྱི་སྲིད་དོན་རྒྱལ་རབས། སྟོད་ཆ། གྲངས་༡༩༣ པར་གསལ།

༥། བོད་ལྗོངས་ཞིབ་འཇུག ༡༩༨༢ ལོའི་འདོན་ཐེངས་གསུམ་པར།་གེ་སར་སྒྲུང་གི་ལོ་རྒྱུས་ནང་དོན་གྱི་གནད་དོན་འགའ་ཞིག་ལ་ཞིབ་ཏུ་ དཔྱད་པ། ཞེས་པའི་དཔྱད་རྩོམ་དུ་གསལ།

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།