མང་ལས་མཆེད་པའི་དམངས།

393

 
 རྩོམ་པ་པོ།   པདྨ་འབུམ།    

 

       ལྗང་གཞོན་དུས་དེབ་གཉིས་པར།ཟམ་གདོང་རིན་པོ་ཆེས་མཛད་པའི”དམངས་གཙོ”འམ”མང་གཙོ”ཞེས་པའི་ལྗགས་རྩོམ་ཞིག་བཀོད་ཡོད་པ་དེར།  མཛད་པ་པོས་རྒྱལ་བའི་གསུང་རབ་དང་ནུབ་ཕྱོགས་སྲིད་དོན་མཁས་པའི་གཞུང་།  རྒྱ་དམར་སྲིད་དོན་མཁས་པའི་གཞུང་བཅས་གཞུང་ལུགས་ཁག་གསུམ་དང་།  བོད་ཡིག་དང་དབྱིན་ཡིག སཾསྐྲིཏ་བཅས་སྐད་ཡིག་ཁག་གསུམ་བཅས་ཀྱི་སྟེང་ནས་དེང་སྐབས་དར་སྲོལ་ཆེ་བའི་སྲིད་དོན་ལམ་ལུགས་ཏེ་དབྱིན་སྐད་དུ་ (Democracy) ཟེར་བ་འདིར་ཐུགས་ཞིབ་གནད་སྨིན་མཛད་དེ། སྲིད་ལུགས་དེ་བོད་སྐད་དུ”དམངས་གཙོ”ལས་མང་གཙོ”དོན་ལ་གཞོལ་ཞིང”དམངས”ནི་རིགས་བྱེ་བྲག་པ་ཞིག་ལ་འབབ་པ་ལས་མང་པོའི་དོན་འབྲིལ་ཐག་རིན་པོའི་དགོངས་བཞེད་གནང་འདུག

       ཡིན་ནའང་ཟམ་གདོང་རིན་པོ་ཆེས་གཞུང་ལུགས་ཁག་དང་སྐད་རིགས་ཁག་ལ་དཔྱད་སྡུར་གྱིས་ཐུགས་ཞིབ་གནང་བ་གལ་ཆེན་པོར་བཟུང་སྟེ། “མང་གཙོ” དང”དམངས”གཉིས་ཀྱི་ཚིག་གི་ངོ་བོ་དང་དེ་གཉིས་ཀྱི་འབྲེལ་བ་བཅས་ལ་ཐུགས་ཞིབ་གནང་རྒྱུ་མ་བྱུང་བ་འདྲ། གལ་ཏེ་ཚིག་དེ་གཉིས་རང་སྟེང་ནས་ཐུགས་ཞིབ་གནང་རྒྱུ་བྱུང་ཡོད་ན།  དམངས་དང་མང”གཉིས་ལ་ཐུགས་རྩིས་ཆེ་ཆུང་ཁྱད་དེ་འདྲ་ཞིག་ཤོར་དགོས་དོན་མེད་པ་དང་།  “དམངས”ཡིག་ལ་རྒྱ་དམར་ཆབ་སྲིད་ཀྱི་སོ་བ་ལྟ་བུའི་དགོངས་གཞི་འཁྲུངས་དོན་ལྷག་པར་ཡང་མེད།  

         སྤྱིར་བཏང་གི”མང”ནི་མང་ཉུང་གི་ཟླ་ཕྱེ་བའི་མང་བ་ཙམ་ཡིན་ལ་མང་བ་ལས་ཀྱང་མང་བ་ཡིན་ན”མངས”ཞེས་འབྲི་སྲོལ་ཡོད་པ་ཐོན་མིའི་ཞལ་ལུང་ལས་གསུངས།  དེ་བཞིན་དུ་ཉུང་ལ་ཉུངས་དང་། ཆེ་ལ་ཆེས།  ཆུང་ལ་ཆུངས་སོགས་ཡང་འཇུག་ས་མཐའ་ཡོད་མེད་ཀྱིས་ཁྱད་ཆོས་བརྗོད་པའི་ཚིག  (འོག་ཏུ་ཁྱད་ཚིག་ཅེས་འབྱུང)ཁག་ཅིགགི་ཚད་རིམ་སྟོན་ཐུབ།  ཁྱད་ཚིག་གང་ཞིག་ཚིག་གྲོགས་གཞན་ལ་མ་བརྟེན་པར་ཚིགརངཐོག་ནས་ཁྱད་ཚིག་གི་ཚད་རིམ་སྟོན་ཐུབ་པ་མ་ཟད། ཁྱད་ཚིག་གི་ངོ་བོར་འགྱུར་ནས་མིང་ཚིག་གམ་ཡང་ན་དེ་དང་ཆ་མཚུངས་པའི་ངོ་བོར་འཕོ་འགྱུར་ཐུབ་པ་འདི་གཉིས་བོད་གནའ་རབས་ཁྱད་ཚིག་ཁག་ཅིག་གི་ཁྱད་ཆོས་གལ་ཆེན་གཉིས་སུ་སྣང།  གནའ་རབས་དང་ད་རབས་གང་ཡིན་རུང་ཁྱད་ཚིག་ལ་འགྱུར་བ་མེད་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཁྱད་ཚིག་གང་ཞིག་ཡིན་རུང་མིང་ཚིག་ཅིག་དང་མཉམ་དུ་མ་སྦྱར་ན་ཁྱད་ཚིག་རང་སྟེང་ནས་དོན་ཅི་ཡང་སྟོན་མི་ཐུབ།  གལ་ཏེ་ཁྱད་ཚིག་གང་ཞིག་གིས་གཞན་ལ་མ་བརྟེན་པར་རང་ཐོག་ནས་དོན་བྱེ་བྲག་པ་ཞིག་སྟོན་དགོས་ཚེ་ཁྱད་ཚིག་དེའི་འགན་འཁུར་ལྕི་རུ་སོང་བ་ཡིན་ཞིང་།  སྔར་ཡོད་ཁྱད་ཚིག་གིས་འགན་དེ་ཁྱེར་མི་ཐུབ་ལ་ད་ལྟ་ཁྱེར་ཐུབ་པའི་ཆེད་དུ་ང་ཚོས་ཚིག་དེ་ལ་ནུས་ཤུགས་སྤྲོད་དགོས།  ང་ཚོས་ཁྱད་ཚིག་དེ་ལ་སྤྲོད་ཐུབ་པའི་ནུས་ཤུགས་ནི་ཡིག་ཚོགངས་མང་དུ་གཏོང་བ་དང་སྒྲ་གདངས་ཀྱི་ཤུགས་ཆེ་རུ་གཏོང་བ་གཉིས་ཡིན། དེ་ལྟར་ནུས་ཤུགས་སྤྲད་དེ་དེས་གཞན་ལ་མ་བརྟེན་པར་དོན་བྱེ་བྲག་པ་ཞིག་སྟོན་ཐུབ་ཚེ། ཚིག་དེ་ཁྱད་ཚིག་ནས་མིང་ངམ་ཡང་ན་མིང་གི་ཆ་ཤས་སུ་ཆགས་པ་སྟེ།  མཐར་ཐུག་ན་ང་ཚོས་ཚིག་དེའི་གོ་གནས་མཐོན་པོར་སྤར་པ་ཡིན།  དཔེར་ན།  སྐྱེ་བོ་སུ་ཞིག་གིས་མི་གཞན་གྱི་ལས་ཀའི་རམ་འདེགས་ཙམ་བྱེད་པ་ལས་རང་ངོས་ནས་ལས་ཀ་དེ་རྐང་འཛིན་བྱེད་མི་ཐུབ་ཅིང་། གལ་ཏེ་ལས་ཀ་དེ་རྐང་འཛིན་བྱེད་པའི་གནས་སུ་འཕར་འདོད་ན།  རང་ཉིད་ལ་ཤེས་ཚད་དང་ཉམས་མྱོང་སོགས་གང་ཐད་ནས་ཤུགས་སྣོན་རྒྱག་དགོས་པ་དང་གཅིག་མཚུངས་ཡིན།

        ཁྱད་ཚིག”མང”ཡིག་ལ་མཚོན་ན།  དེས་དོན་བྱེ་བྲག་པ་ཞིག་སྟོན་མི་ཐུབ། དཔེར་ན།  སྐྱེ་བོ་སུ་ཞིག་གིས་ང་ཚོར་ཚིག་གི་མགོ་རྔ་ཅི་ཡང་མེད་པར”དེ་ན་མང་པོ་འདུག”ཅེས་བརྗོད་ཚེ།  ང་ཚོ་མགོ་འཐོམས་ཏེ།  དེ་ལ”ཅི་ཞིག་མང་པོ་འདུག”ཅེས་འདྲི་དགོས་པ་དེའི་སྐབས། ཕ་རོལ་སྨྲ་མཁན་གྱིས”མང་པོ་འདུག”དེས་དོན་བྱེ་བྲག་ཅིག་སྟོན་མ་ནུས་པ་མཚོན་ཞིང། གལ་ཏེ་སྨྲ་མཁན་དེས༌་རྟ་མང་པོ་འདུག༌༌༌༌ཅེས་སྐབས”མང་པོ”དེ”རྟ”དང་མཉམ་དུ་བྱུང་བས་ང་ཚོ་ཚིག་དོན་དེ་ལ་མགོ་འཐོམས་མི་དགོས།  འོན་ཀྱང”མང”ཡིག་གི་སྔོན་འཇུག་ལ་ད་ཡིག་དང་ཡང་འཇུག་ལ་ས་ཡིག་བསྣན་ཏེ”དམངས”ཡིག༌་ཆགས་རྗེས་ཡིག་ཚོགས་དང་སྒྲ་གདངས་གཉིས་ཀ་ཤུགས་ཆེ་རུ་སོང་བ་དང་མཉམ་དུ་ཚིག་དེའི་དོན་གྱི་སྟོན་ཤུགས་ཆེ་རུ་ཕྱིན་ཏེ་མིང་ངམ་མིང་གི་ཆ་ཤས་སུ་ཆགས་པ་རེད།  དཔེར་ན་ང་ཚོས”གཞུང་དམངས་གཉིས་ཆ”ཞེས་བརྗོད་སྐབས”དམངས”ཡིག་དེ་མིང་གི་ཚབས་ཀྱིས་བྱུང་སྟེ་རང་སྟེང་ནས་གཞུང་གང་གི་ཁྲིམས་འོག་ཏུ་ཚུད་པའི་མི་སེར་ཡོངས་རྫོགས་སྟོན་ཐུབ་ཅིང།  དེ་སྟོན་པ་ལ”མང”ཡིག་སྐབས་ལྟར་ཚིག་གྲོགས་གཞན་གྱི་རམ་འདེགས་མི་དགོས་པ་ཡིན།  གོང་གསལ་ཚིག་འགྱུར་ལུགས་དེ”མང”དང”དམངས”ཡིག་གཉིས་ཁོ་ན་ལ་མ་ཡིན་པར་ཁྱད་ཚིག་དེ་འདྲ་ཁག་ཅིག་ལ་ཁྱབ་ཡོད་པས་དཔེ་མཚོན་འགའ་བཀོད་ན་འདི་ལྟར། 

མཆེད་ཁུངས་ཁྱད་ཚིག            མཆེད་རིམ།                                   མཆེད་གྱུར་མིང།

མང་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་་་་་མངས།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་་་་་་་་་༌༌༌༌༌༌༌༌༌དམངས།

ཆེ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་་་་་ཆེན།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་་་་་་་གཅེན།

ཆུང་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌གཅུང།

སེར་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་གསེར།

རིབ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་་་་སྲིབ།

        དཔེ་མཚོན་འདི་དག་ལས་ང་ཚོས་མཐོང་ཐུབ་པ་ནི་ཁྱད་ཚིག་གང་ཞིག་ལས་མཆེདཔའི་མིང་དང་མིངགི་ཆ་ཤས་གང་ཞིག་ཡིན་རུང་དེའི་གོ་དོན་ཐོག་མའི་མཆེད་ཁུངས་ཀྱི་ཁྱད་ཚིག་དེ་དང་འབྲེལ་བ་དམ་པོ་ཡོད་དེ།  དཔེར་ན།  “དམངས”ཞེས་ཚེ་མི”མང”པོ་ཞིག་ལ་གོ་ལས་མི་རེ་གཉིས་ལ་མི་གོ་བ་དང”གཅེན”ཞེས་ཚེ”ན་ཚོད”ཆེ་བའི་བུ་ལ་གོ་བ་ལས་ན་ཚོད་ཆུང་བ་ལ་མི་གོ་བ་ལྟ་བུས་གཞན་ལའང་རིགས་བསྒྲེའོ།།

        དཔེ་མཚོན་འདི་དག་ལས་མཐོང་དགོས་པ་གཞན་ཞིག་ནི”དམངས”ཡིག་ནི་ཐད་ཀར”མང”ཡིག་རང་ནས་བྱུང་བ་མ་ཡིན་པར་མང་པ་ལས་ཀྱང་མང་བ་སྟེ།  “མངས”ཡིག་ནས་བྱུང་ཞིང། ད་ལོའི་ང་ཚོའི་གཞུང་གི་འགན་འཛིན་རྣམ་པ་ཡང་མང་པ་ལས་ཀྱང་མང་པོའི་འདོད་པ་སྟེ།  “མང་རིམ་རྩེ་འཐོག”གིས་འདེམས་ཐོན་བྱུང་བས་ན།  འདི་ལ”དམངས་གཙོ”ཞེས་ན་ཕྱོགས་གང་ཐད་ནས་འགལ་ཆ་མཐོང་དཀའོ། ། ཁྱད་ཚིག་ནས་མིང་ཚིག་ཏུ་གྱུར་བ་གཅིག་པོ་མ་ཡིན་པར་སྤྱིར་བཏང་གི་མིང་ནས་དམིགས་བསལ་གྱི་མིང་ངམ་མིང་གི་ཆ་ཤས་སུ་འགྱུར་སྐབས་ཀྱང་ཡིག་ཚོགས་ཇེ་མང་དང་སྒྲ་གདངས་ཇེ་ལྕིར་འགྲོ་བ་ཡོད་དེ།  དཔེར་ན།  སྙན་ངག་ལ་སྙན་དངགས་དང།  བྱང་ཆུབ་སེམས་པ་ལ་བྱང་ཆུབ་སེམས་དཔའ་ཞེས”ངག”དང་”པ”ཡིག་གཉིས”དངགས”དང”དཔའ”ཡིག་གཉིས་སུ་བསྒྱུར་ཏེ་ཡིག་ཚོགས་དང་སྒྲ་གདངས་ལ་ཤུགས་སྣོན་གྱིས་ཐུན་མོང་མ་ཡིན་པའི”ངག”གི་རིགས་ཤིག་དང་ཐུན་མོང་མ་ཡིན་པའི”སེམས”ཀྱི་རིགས་ཤིག་སྟོན་པ་ལྟ་བུའོ།།  

        ཡིན་ནའང་བར་སྐབས་ཤིག་ལ”དམངས”ཡིག་གིས་རྒྱ་གར་སྤྱི་ཚོགས་ཀྱི་ཆབ་སྲིད་དང་།  དཔལ་འབྱོར་སོགས་ཀྱི་གོ་བབ་གནས་སྟངས་ཀྱི་རིམ་གྲས་ཤིག་སྟོན་པ་བདེན་མོད།  དེ་ཡང་རིམ་གྲས་དེའི་ཁོངས་ལ་མི་འབོར་ཧ་ཅང་མང་བའི་ཆ་ནས་རིགས་དེ”དམངས”ཡིག་སྦྱར་པ་མིན་ནམ་སྙམ།  ཡིན་ནའང་ཐ་སྙད་བོད་ཀྱིས་སྦྱར་ཏེ།  དོན་རྒྱ་གར་ཁོ་ན་ལ་སྟོན་དགོས་དོན་མེད།  ང་ཚོས”དམངས”ཡིག་གི་གོ་དོན་ལ་དག་ཐེར་གྱིས་ད་ལྟའི་སྤྱི་ཚོགས་ལ་སྐབས་བསྟུན་གྱིས་སྦྱར་ན་གོ་དོན་དེའི་དབང་དུ་འགྲོ་བ་ལས།  འདས་པའི་རྒྱ་གར་སྤྱི་ཚོགས་ཀྱི”དམངས་རིགས”ཀྱི་གོ་དོན”དམངས”ཡིག་གི་ནང་དུ་ཞུགས་ཉེན་ཆུང་བར་སྙམ་མོ། །

        གཞན་དུ་ན”དམངས”ཡིག”དམངས་གཙོ”འམ”མང་གཙོ”ལ་བརྡ་ནོར་ཡིན་དུ་ཆུག་ཀྱང་།  བརྡ་ནོར་གང་ཞིག་ལ་གོ་དོན་ངེས་ཅན་ཞིག་མི་མང་ཆེ་བའི་བློ་ངོར་འཇགས་རྗེས།  དེ་ལ་མ་དག་རྒྱུན་འབྱམས་ཞེས་ཐ་སྙད་སྦ་སྙད་སྦྱོར་བ་ལས་དག་བཅོས་ཀྱི་ཕྱག་སྨྱུག་སྐྱོད་པའི་ཕྱག་སྲོལ་སྔོན་བྱོན་མཁས་པ་རྣམས་ལའང་དར་མེད།  ད་ལྟ་ང་ཚོས”དམངས་གཙོ”ལ་དམིགས་བསལ་གྱིས་དག་བཅོས་བྱས་ན”དམངས”ཡིག་གིས་ཁ་མཆུ་བརྒྱབ་ཆོག་ཆོག་ཡོད།  དེས་ང་ཚོར༌་དག་པར་བརྩི་ཆོག་པ་གང་ཞིག་མ་དག་པར་བརྩིས།  མ་དག་པ་དེ་ལ་ཡང་ཐ་ན་མ་དག་རྒྱུན་འབྱམས་སྤྱི་མཚུངས་ཀྱི་ཐོབ་ཐང་ཙམ་ཡང་མི་སྤྲོད་པ་འདི་ཅི་ཡིན།  ངས་སྲིད་ལུགས་གསར་པའི་ནང་དུ་ལས་འཁུར་ཞུས་ཆོག་གི་མེད་དམ་ཞེས་བརྗོད་ན། ང་ཚོས་དེ་ལ་ལན་གཅིག་མ་གཏོགས་སློག་རྒྱུ་མེད་པ་འདྲ། དེ་ནི”དགོངས་དག  ཁྱེད་དག་མ་དག་དེ་དོན་དག་ཆེན་པོ་མ་རེད།  གནད་འགག་ནི་ཁྱེད་ཀྱི་སྟེང་ན་རྒྱ་དམར་གྱི་ལྟ་བའི་དྲི་མ་ཡོད་པ་རེད།  དེ་བས་ང་ཚོས་ཁྱེད་ལ་ལས་འཁུར་གྱི་རྩ་དགོངས་བསྩལ་བ་ཡིན”ཞེས་ལན་རྒྱག་སྐབས།  ང་ཚོ་ཁྱད་མཚར་ཞིག་ཆགས་ཡོད།  གང་ཟག་གཙོ་བོར་གྱུར་བའི་བྱ་དངོས་གང་མང་ལ་གྲལ་རིམ་གྱི་རྟགས་ཐེལ་རྒྱག་དགའ་བ་ནི་རྒྱ་དམར་སྲིད་ཇུས་ཀྱི་ཁྱད་ཆོས་ཤིག་ཡིན།  ཡིན་ནའང་སྐད་དང་ཡི་གེ་ལ་རྒྱ་དམར་གྱིས་ཀྱང་གྲལ་རིམ་གྱི་རྟགས་ཐེལ་བརྒྱབ་མེད།  སྐད་ཡིག་སྐོར་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ལྟ་བ་བརྗོད་སྐབས།  སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་སྟེང་ན་གྲལ་རིམ་ཡོད་ཀྱང་སྐད་ཡིག་རང་སྟེང་ན་གྲལ་རིམ་གྱི་ངོ་བོ་མེད་པར་འདོད།  

       སི་ཊ་ལེན་གྱིས་སྒྲ་རིག་པའི་སྐོར་ལ་དེབ་ཅིག་བྲིས་ཡོད”ཕངས་པ་ཞིག་ལ་འདི་གར་དེབ་དེ་རིག་དཀའ་བས་མ་ཚིག་ཇི་བཞིན་ལུང་འདྲེན་དཀའ”དེའི་ནང་དུ་སྐད་ཡིག་ནི་ཐ་ན་སྟེང་གི་བཀོད་པ”འདུ་ཤེས་འཛིན་སྟངས་དང་དོན་གཅིག་སྟེ།  ཆབ་སྲིད། ཆོས་ལུགས།  ཁྲིམས་ལུགས་རྩོམ་རིག་སོགས་ལ་གོ”ཡི་ཁོངས་སུ་ཡང་གཏོགས་དཀའ་སྟེ།  རྒྱུ་མཚན་ནི་སྟེང་གི་བཀོད་པར་འགྱུར་ཕྱིན་ཚར་ན་ཡང་སྐད་ཡིག་སྔར་བཞིན་གནས་ཐུབ་པར་འདོད།  འདི་ལ་རྒྱུ་མཚན་མེད་པ་མིན་ཏེ། དཔེར་ན། བོད་སྤྱི་ཚོགས་ནང་དུ་བོད་མི་ཉུང་ཤས་ཤིག་གིས་ནང་པའི་ཆོས་ལ་དད་མཚམས་བཞག་ནས་ཡེ་ཤུའི་ཆོས་ལ་དད་པ་བྱེད་སྐབས་ཁོང་ཚོའི་སྟེང་གི་བཀོད་པ”འདུ་ཤེས་འཛིན་སྟངས”འགྱུར་བ་ཕྱིན་ཚར་པ་ཡིན། ཡིན་ནའང”དཀོན་མཆོག”དང”སྐྱབས་མགོན”དང”ཐུགས་རྗེ”སོགས་ཀྱི་རྗོད་ཚིག་ལ་འགྱུར་བ་མེད་པར་སྟོན་པ་ཡེ་སུའུ་ལ་སྦྱར་ཡོད་་ལྟར་རོ།།  དེས་ན་དམར་པོའི་ལུགས་ཀྱིས་ཀྱང་ཆབ་སྲིད་ཀྱི་དོགས་པ་མི་འཛིན་པའི་ཁྱབ་ཁོངས་ཤིག་ལང་ཚོས་དོགས་པ་བཟུང་སྟེ”དམངས”ཡིག་ལ་ལས་འཁུར་རྩ་དགོངས་སྤྲད་ན།  ང་ཚོས་རྒྱ་དམར་ལ་ཆབ་སྲིད་ཀྱི་རྣམ་རྟོག་ཚ་བོ་འདུག་ཅེས་བརྗོད་པ་ཙམ་ལས། ་དོན་གྱིས་ང་ཚོ་རྒྱ་དམར་ལས་ཀྱང་ཆབ་སྲིད་ཀྱི་རྣམ་རྟོག་ཚ་བ་ཡོད་པ་འདྲ་ཞིག་མཐོང་ཐུབ།

      “དམངས་གཙོ”ཡི་བརྡ་འདི་བོད་ནང་དུ་ཆབ་སྲིད་གནས་བབས་འདྲ་མིན་གྱི་སྐབས་སུ་ཡོངས་ཁྱབ་ཀྱིས་བེད་སྤྱོད་བཏང་སྟེ་ལོ་བཅུ་ཕྲག་ཁ་ཤས་ཕྱིན་ཡོད་པ་མ་ཟད།  རྒྱ་གར་བོད་མིའི་སྤྱི་ཚོགས་ནང་དུའང་དར་ཁྱབ་ཆེན་པོ་འགྱུར་ཡོད་ཅིང་གོང་ཞུས་གནས་ལུགས་ལྟར་ན་འགལ་ཆ་ཡང་མཐོང་རྒྱུ་མེད་ཀྱང།  ད་ཆར”བཙན་བྱོལ་བོད་མིའི་བཅའ་ཁྲིམས”གཙོ་བོ་གྱུར་པའི་ཡིག་ཆ་འགའ་རེར། “མང་གཙོ”ཞེས་པའི་བརྡ་འདི་སྦྱར་ཏེ་དོན་གཅིག་ལ་མིང་གཉིས་ཆགས་ཡོད་པ་རེད།  སྤྱིེར་བཏང”མཁས་པས་བཤད་ན་ཅི་ཡང་བདེན”ཞེས་པ་ལྟར་རྒྱུ་མཚན་འགའ་རེ་ཡོད་སྲིད་ཀྱང།  སྐབས་འདིར་ལྟ་བུར་ངག་བརྒྱ་ངག་གཅིག་གི་རྗེས་སུ་འབྲང་བ་ལས་ངག་གཅིག་ངག་བརྒྱའི་རྗེས་འབྲང་ན་མ་མཐའ་ཡང་ཐ་སྙད་གཅིག་གྱུར་ལ་ཕན་པ་མེད་དམ་སྙམ་མོ།།                                   

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།